2010/07/30

ལག་མཐིལ་གྱི་ཀྱུ་རུ་ར།

ང་ཚོའི་མཁས་པ་ཚོ་ཕར་ཞོགས་མཁས་པར་སྙེག་མཁན་དག་གིས་ཀྱང་རིག་པའི་ནུས་ཤུགས་སྒྲིམ་ས་གཅིག་བུ་ནི་སླ་བ་ཞིག་དཀའ་བར་རམ་ཡང་ན་ཉུང་བ་ཞིག་རྒྱས་པར་འདྲེན་རྒྱུ་འམ་འགྲེལ་རྒྱུ་དེ་ཡིན། འོན་ཀྱང་དེ་དག་གིས་དཀའ་བ་ཞིག་སླ་བར་བཅོས་པའམ་འདྲེན་རྒྱུ་ནི་ཐུགས་ལ་མི་ཤོངས་བ་དང་རིན་ཐང་མེད་པ་ཞིག་ཏུ་གཟིགས།
ཁོ་བས་འདིར་དེ་ལས་ཡོངས་སུ་ལྡོག་ཏེ་འགྲེལ་དཀའ་བའི་ཚིག་འགའ་ཞིག་ལོ་བཅུ་ཅན་གྱི་ཕྲུ་གུ་ཚོའི་དབང་པོ་དང་འཚམས་པར་འགྲེལ་རྒྱུ་ཡིན།ཆོས་ཟེར་ན་གང་རེད། ལནཿ གཞན་ལ་ཕན་འདོག་པ་དེ་རེད། ཅེས་པ་འདི་ནི་ཀུན་གྱིས་བློ་ལ་འབབ་ཅིང་། མང་པོ་ཞིག་གིས་བདེན་པར་གཟིགས་བཞིན་པའི་དྲིས་ལན་སྟབས་བསྡུས་ཤིག་རེད། ལན་འདི་ཆོས་ཀྱི་གཞི་རྩའི་གོ་བ་དང་ཉེ་བར་སོང་ཡོད་ན་འོག་གི་འདི་དག་ཀྱང་སོང་ཡོད་ཤས་ཆེ། གལ་སྲིད་འདི་ཆོས་སླ་འགྲེལ་བྱས་པར་སོང་མེད་ན་འོག་གི་དྲིས་ལན་དག་ཀྱང་དེ་དག་གི་དོན་སླ་བཅོས་བྱས་པ་ཞིག་མིན་སྲིད།
དམིགས་ཡུལ་ནི་དྲི་བ་དེ་དག་གི་ལན་དེ་དག་གཞི་རྩའི་གོ་བ་དང་ཐག་ཉེ་རིང་གང་དུ་ཡོད་མེད་བརྟག་ཆེད་དང་། གལ་སྲིད་རྒྱང་དུ་སོང་ཡོད་ན་ཇི་ཙམ་རྒྱང་དུ་སོང་བ་དྲ་ཚོས་དཔྱད་གླེང་སྤེལ་ཆེད་ཡིན།
དྲི་བཿ ༡།
སྲིད་གཞུང་ཟེར་ན་གང་རེད།
ལནཿ
ཡུལ་གྱི་དཔོན་པོ་རེད།
དྲི་བཿ ༢། ཆབ་སྲིད་ཟེར་ན་གང་རེད།
ལནཿ
ཡུལ་གྱི་དཔོན་པོ་ཚོས་བྱེད་རྒྱུའི་ལས་ཀ་དེ་རེད།
དྲི་བཿ༣། དམངས་གཙོ་ཟེར་ན་གང་རེད།
ལནཿ
མི་མང་གིས་ཡུལ་གྱི་དཔོན་པོ་བྱས་པ་རེད།
དྲི་བཿ ༤།
དྲག་པོའི་སྲིད་གཞུང་ཟེར་ན་གང་རེད།
ལནཿ
དམག་མིས་ཡུལ་གྱི་དཔོན་པོ་བྱས་པ་རེད།
དྲི་བཿ ༥།
དམར་ཤོག་རྒྱལ་ཁབ་ཟེར་ན་གང་རེད།
ལནཿ
ཡུལ་གྱི་དཔོན་པོ་དམར་ཤོག་ཚོགས་པ་ཁོ་ནས་བྱེད་པ་རེད།
དྲི་བཿ༦།
ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་ཟེར་ན་གང་རེད།
ལནཿ
ཡུལ་གྱི་དཔོན་པོ་ཚོས་སྒྲུང་བཤད།ལྡེའུ་རྨེད།བོན་སྒྲུབ་ནས་བསྡད་པ་རེད།
དྲི་བཿ ༧།
ཆབ་སྲིད་ཆོས་ཀྱིས་བསྐྱངས་ཟེར་ན་གང་རེད།
ལནཿ
ཡུལ་གྱི་དཔོན་པོ་ཚོས་ལས་ཀ་ཆོས་ཀྱི་ཕྱོགས་སུ་བྱེད་པ་རེད།
དྲི་བཿ ༨།
བོད་པའི་ལག་ཤེས་ཟེར་ན་གང་རེད།
ལནཿ
བོད་མི་ཚོས་སྡར་བཟོ་ཤེས་པའི་ཅ་ལག་རེད།
དྲི་བཿ ༩།
རང་བཙན་ཟེར་ན་གང་རེད།
ལནཿ
རང་གི་དཔོན་པོ་རང་མིས་བྱེད་པ་རེད།
དྲི་བཿ ༡༠།
འབྲེལ་བ་ཟེར་ན་གང་རེད།
ལནཿ ཕན་ཚུན་ཐུག་པ་རེད།

2010/07/29

བོད་ཀྱི་ཚད་འཇལ་རིག་པ་ལ་དབུགས་གསར་དུ་སྦྱིན་ཐབས།

རྒྱངས་གྲགས། བྲེ། སྲང་གསུམ་གྱི་སྐོར་།
གུས་པས་<<རྩམ་པ་>>་དུས་དེབ་འདི་བརྒྱུད་ནས་བོད་ཀྱི་ཐ་སྙད་གསར་བཟོ་ལ་ཞལ་འདེབས་ཅུང་ཟད་རེ་སྡོན་ནས་འབུལ་བཞིན་ཡོད་པ་ལས། ད་ལན་གྱི་ཐ་སྙད་ཞལ་འདེབས་འདི་དག་ནི་ཅུང་གནད་འགག་ཅན་དང་། ཁྱད་པར་བ་དང་། དགོས་པ་དམིགས་བསལ་ལྡན་པ་བཅས་ཀྱི་ཐ་སྙད་ཁག་ཅིག་གི་སྐོར་ཡིན། དེ་ཡང་ད་ཐེངས་འཆི་ལམ་དུ་སྙེགས་ཟིན་པའི་བོད་ཀྱི་ཐ་སྙད་ཁག་ཅིག་ལ་གོ་བ་གསར་བ་རེ་སྤྲད་ནས་དེ་དག་སླར་གསོན་ཐབས་བྱེད་རྒྱུ་དེ་ཡིན།
ཁ་ཅིག་གིས་སྤྱིར་བྲེ། སྲང་། རྒྱང་གྲགས་སོགས་ལ་བོད་རང་གི་གོ་བ་དམིགས་བསལ་བ་ཡོད་པས་ཁྱོད་ཀྱི་གོ་སྟངས་གསར་བ་འདི་ལྟར་བཀོལ་ན་མགོ་འཁྲུག་པའི་རྒྱུ་ལས་མེད་ཚུལ་དང། བོད་ཀྱི་ཐ་སྙད་ཀྱི་གོ་བ་ལ་བསྲེ་སླད་དུ་འགྲོ་ཚུལ་སོགས་ནི་འདི་ལྟར་བཀོལ་མི་རུང་བའི་རྒྱུ་མཚན་དུ་འདྲེན་གྱི་ཡིན་པ་བདག་གིས་ཤེས། འོན་ཀྱང་སློབ་དེབ་སོགས་སུ་སྐབས་ཤིག་གི་རིང་ལ་གོ་ཚུལ་གསར་བ་ཡིན་པའི་མཆན་རེ་ངེས་པར་དུ་འགོད་དགོས་ཤིང་། དེ་ལྟར་བཀོད་ན་འཁྲུག་རྐྱེན་གང་ཡང་མེད་པར་བདག་གིས་བཤད་ཐུབ། ལར་ནས་སྔར་གྱི་རྩི་ཚུལ་རྙིང་པ་དེ་དག་ནི་གཅིག་གྱུར་མེད་ལ་མགོ་རྙོག་ཧ་ཅང་ཆེ། དཔེར་ན་འདུལ་བའི་ལུགས། མངོན་པའི་ལུགས། དུས་འཁོར་ལུགས་བཅས་ཀྱི་འདོམ་གྱི་ཚད་མི་འདྲ་ཞིང་། ད་དུང་མི་ཆེ་བའི་མཐོ། ཆུང་བའི་མཐོ། ཕོ་འདོམ། མོ་མདོམ། སོགས་འདི་ཐམས་ཅད་རིང་ཐུང་འཇལ་བྱེད་ཡིན་ཀྱང་རིང་ཐུང་ཚད་ཡེ་ནས་འཇལ་མི་ཐུབ། དེའི་ཕྱིར་ད་སྐབས་སུས་ཀྱང་བཀོལ་སྤྱོད་མི་བྱེད་པར་གཏན་ཡལ་ལྟ་བུར་གྱུར་ཟིན་ཡོད།
ཕྱི་སྐད་དུ་ཧྲིལ་གྲངས་ཀྱི་གྲངས་གནས་བཅུ་(1018)་དང་སིལ་གྲངས་ཀྱི་གྲངས་གནས་བཅོ་བརྒྱད་(10-18)་བཅས་ཁྱོན་གྲངས་གནས་ལྡོག་ལུགས་སུམ་ཅུ་སོ་བདུན་གྱི་མིང་འདོན་རྒྱུ་ཡོད། སྤྱིར་རང་རེར་གྲངས་གནས་དྲུག་ཅུ་བར་དུ་འདྲེན་རྒྱུ་ཡོད་པས་སིལ་གྲངས་རྣམས་མ་གཏོགས་ཧྲིལ་གྲངས་ཀྱི་གྲངས་གནས་དག་ལ་མིང་འདོགས་པའི་དཀའ་ངལ་གང་ཡང་ཡོད་མི་འོས་ཀྱང་། ད་དུང་ཐ་སྙད་ཀྱིས་མི་འདང་བ་བཞིན་འབུམ་ལ་སྟོང་ཕྲག་བརྒྱ་ཟེར་བ་དང་། ཁྲི་ལ་སྟོང་ཕྲག་བཅུ། དུང་ཕྱུར་ལ་འབུམ་བརྒྱ་ཟེར་བ་སོགས་སུ་བརྗོད་ཀྱི་ཡོད། འདི་ནི་འབུམ་སོགས་ཀྱི་མིང་འདི་དག་རྒྱུན་ལྡན་མིས་བཀོལ་མི་བདེ་བའི་རྟགས་མཚན་ཞིག་ཀྱང་ཡིན་པ་དང་། ལྷག་པར་དུ་དུང་ཕྱུར་ལས་མང་བའི་གྲངས་གནས་རྣམས་ཀྱི་མིང་འདི་དག་ནི་དེ་ལྟར་ཡིན་པ་མ་ཟད་ད་ལྟ་ཧ་ལམ་བེད་མེད་དུ་ལུས་ཡོད། དེས་ན་འདི་དག་ལ་བེད་སྤྱོད་བཏང་ནས་ཕྱིའི་གྲངས་གནས་ཀྱི་ཐ་སྙད་རྣམས་ཀྱི་ཐད་དུ་རང་རེིའི་ཐ་སྙད་ཀྱི་མི་འདང་བའི་དཀའ་ངལ་མེད་པ་བཟོ་ཐབས་སུ་འདི་དག་གི་བཀོལ་ཡུལ་ལ་གཏན་འབེབས་ཡག་པོ་ཞིག་དགོས། དེ་ལྟར་མ་ཐུབ་ན་གྲངས་གནས་ཀྱི་མིང་འདི་དག་རྒྱུན་ལྡན་གྱི་མིས་བཀོལ་སྤྱོད་ནམ་ཡང་མི་བྱེད་པར་བེད་མེད་དུ་གཏན་དུ་ལུས་ངེས་ཡིན། དེའི་ཕྱིར་བདག་གིས་གྲངས་མིང་འདི་དག་ལ་གོ་ཕྱོགས་འདྲ་ཅུང་གསར་བ་ཞིག་མཚམས་སྦྱོར་གྱིས་བོད་ཀྱི་ཚད་འཇལ་རིག་པ་ལ་ཐ་སྙད་ཀྱིས་མི་འདང་བའི་དཀའ་ངལ་སེལ་ཐབས་ཀྱི་འབད་བརྩོན་བྱས་པ་ཡིན། འདི་ལྟར་བཀོལ་ཚུལ་གསར་བ་འདི་ལ་དགོས་པ་གལ་ཆེ་བ་དྲུག་ཙམ་ཡོད།
དང་པོ་ནི། ཉ་ག་སོགས་བོད་རང་གི་སྔར་གྱི་ཚད་འཇལ་བྱེད་ཀྱི་ཐ་སྙད་རྣམས་སླར་ཡང་གསོན་པོར་གནས་ཐུབ།
གཉིས་པ། ཕྱི་ཚིག་ཀི་ལོ་མི་ཋར་སོགས་མ་བཀོལ་ན་བོད་སྐད་ལ་ཚད་འཇལ་བྱེད་ཀྱི་ཐ་སྙད་ཀྱིས་མི་འདང་བའི་དཀའ་ངལ་ཡོད་ཅིང་། ཕྱི་ཚིག་གི་ཐ་སྙད་དེ་དག་ནི་བོད་ཡིག་བོད་ཡིག་ཏུ་འབྲི་མི་བདེ་ཞིང་། དེའི་ཚབ་ཏུ་བོད་རང་གི་ཐ་སྙད་བཀོལ་ན་ཐ་སྙད་ཀྱི་མི་འདང་བའི་དཀའ་ངལ་ཁག་ཅིག་སེལ་ཐུབ།
གསུམ་པ། བོད་རང་གི་ཐ་སྙད་བྲེ་སོགས་ཀྱི་བརྩི་ཚུལ་ནི་གཅིག་གྱུར་མེད་ཅིང་མགོ་རྙོག་ཅེ་བ་དང་། ད་སྐབས་རྒྱལ་སྤྱིའི་འཇལ་ལུགས་དང་སྒོ་བསྟུན་ཐབས་མེད་པའི་རྐྱེན་གྱིས་ད་ལྟ་དེ་དག་གི་བཀོལ་སྤྱོད་ཡལ་ཟིན་ཅིང་། ཐ་སྙད་དེ་དག་ལ་རང་རང་གི་ཕྱོགས་མཚུངས་བའི་གོ་ཚུལ་གསར་བ་འདི་འདྲ་ཞིག་སྤྲད་ན་ཐ་སྙད་འདི་དག་གསོན་པོར་གནས་ཐུབ། ཐ་སྙད་འདི་དག་གསོན་པོར་གནས་ཐབས་སུ་ཐབས་ལམ་འདི་འདྲ་ཞིག་བྱེད་པ་ལས་གཞན་མེད་པས་གལ་སྲིད་དེ་ལྟར་མ་བྱས་ན་ཐ་སྙད་དེ་དག་མུ་མཐུད་དེ་གཏན་ཡལ་དུ་འགྲོ་རྒྱུ་ལས་ལམ་ཁ་གང་ཡང་མེད།
བཞི་པ། བཅུ་འདོམ། བརྒྱ་འདོམ་སོགས་རིམ་བཞིན་ཆུང་དུ་འགྲོ་བའི་བརྩི་ཚུལ་དང་། འདོམ་བཅུ། འདོམ་བརྒྱ། འདོམ་སྟོང་སོགས་རིམ་བཞིན་ཆེ་རུ་འགྲོ་བའི་བརྩི་ཚུལ་གཉིས་ཀ་ལ་དགོས་པ་དམིགས་བསལ་ཡོད་དེ། ཞིབ་ཏུ་འགྲོ་སྐབས་micro, nano སོགས་ཆུང་རིམ་དུ་བརྩི་བ་དང་། mega, giga སོགས་ཆེ་རིམ་དུ་བརྩི་སྐབས་ཇི་ཙམ་ཆེ་ཡང་བོད་ཡིག་ནང་དུ་འབྲི་མི་ཐུབ་པའི་དཀའ་ངལ་མེད་པར་རིག་པ་དང་ལྡན་པའི་སྒོ་ནས་མཐུད་ཐུབ་པ་ཞིག་འོང་བར་འགྱུར། འདིར་བཅུ་འདོམ། བརྒྱ་འདོམ། སྟོང་འདོམ་སོགས་ཀྱི་དོན་ནི་འདོམ་གཅིག་གི་བཅུ་ཆ་དང་བརྒྱ་ཆའམ་ཡང་ན་བཅུ་ཆའི་འདོམ། བརྒྱ་ཆའི་འདོམ། སོགས་ལ་གོ་བ་དང་། འདོམ་བཅུ། འདོམ་བརྒྱ་སོགས་ནི་འདོམ་གྱི་ཁ་གྲངས་དངོས་ལ་གོ་དགོས་པ་ཡིན། དེ་ཡང་འདོམ་གྱི་ཆ་ཤས་དང་། འདོམ་གྱི་ལྡབ་གཉིས་ལ་གོ། དེའི་ཕྱིར་འདོམ་བཅུ། འདོམ་བརྒྱ། ཞེས་སོགས་ནི་གྲངས་གནས་ཀྱི་མིང་གི་རྣམ་པ། དཔེར་ན། ས་ཡ། དུང་ཕྱུར། སོགས་ཟེར་བ་ལྟ་བུ་མིང་ཚིག་གི་རྣམ་པར་བཀོལ་རྒྱུ་ཡིན།
ལྔ་པ། བཀོལ་ཚུལ་གསར་བ་འདི་ལྟར་བྱས་ན་སྤྱིར་ཚན་རིག་གི་ཞིབ་འཇུག་དང་གློག་ཀླད་སོགས་ཀྱི་དགོས་མཁོའི་ནང་དུ་གྲངས་གནས་བཅུ་དགུ་བོ་འདི་དག་གིས་འདང་མིན་བདག་གིས་ད་ལྟ་བཤད་མི་ཤེས་མོད། ཕྱི་སྐད་ཀྱི་གྲངས་གནས་འདི་དག་གི་ཐད་དུ་བོད་སྐད་ལ་དཀའ་ངལ་གང་ཡང་མེད་པར་འདང་ངེས་སུ་ཤན་སྦྱོར་རྒྱུ་ཡོད་པར་འགྱུར་རྒྱུ་དང་། དེ་ལས་བརྒལ་ནས་འགྲོ་དགོས་ཀྱང་ལས་སླ་པོར་བཀོལ་སྤྱོད་ཆོག་པའི་ལམ་ཡངས་པོ་ཕྱེས་པ་ཡིན།
དྲུག་པ། བོད་རང་གི་ཐུན་མོང་མ་ཡིན་པའི་ཚད་འཇལ་གྱི་རྣམ་བཞག་ངོམ་ཐུབ་པ་དང་སྔར་གྱི་མཁས་གྲུབ་རྣམས་ཀྱི་བཀའ་དྲིན་གྱི་ཆ་ཅུང་ཟད་གསོ་ཐུབ།
དེ་ལ་ཐོག་མར་རིང་ཚད་ཀྱི་སྤྱི་མཐུན་འཇལ་གཞི་(standard unit of length)་ནི་འདོམ་ཡིན། གོང་དུ་ཞུས་པ་བཞིན་འདིར་འདོམ་ཞེས་པ་ནི་སྔར་གྱི་ལུགས་ལྟར་གཟུགས་པོ་ལ་ཚད་བརྒྱབ་པའི་འདོམ་དེ་མིན་པར་དེ་དང་ཅུང་ཟད་ཕྱོགས་འདྲ་བའི་ཚད་གཞི་གསར་བ་སྟེ། སྟོང་འདོམ་བཅུ་ལ་བརྒྱ་འདོམ་གཅིག བརྒྱ་འདོམ་བཅུ་ལ་བཅུ་འདོམ་གཅིག བཅུ་འདོམ་བཅུ་ལ་འདོམ་གཅིག་ཏུ་གོ་བའི་དབང་དུ་བྱས་པ་ཡིན། འོ་ན་སྟོང་འདོམ་ཟེར་བ་སོགས་གང་ལ་གོ་ཟེར་ན། འོག་ཏུ་འབྱུང་བ་བཞིན་ཕྱི་སྐད་ཀྱི་ millimeter ལ་སྟོང་འདོམ་དང་། centimeter ལ་བརྒྱ་འདོམ། decimeter ལ་བཅུ་འདོམ། metre ལ་འདོམ། Decametre ལ་འདོམ་བཅུ། hactametre ལ་འདོམ་བརྒྱ། kilometer ལ་རྒྱང་གྲགས་སམ་འདོམ་སྟོང་སོགས་སུ་གོ་བ་ཡིན། དེ་ལྟར་ཕྱི་སྐད་ཀྱི་རིང་ཚད་ཀྱི་གྲངས་ཆེ་ཤོས་ཀྱི་གྲངས་གནས་ཀྱི་མིང་ལ་exa ཟེར་ཞིང་། དེ་བོད་སྐད་ལ་འདོམ་དཀྲིགས་ཆེན་ནམ་འདོམ་ཐེར་ཐེར་ཞེས་འབོད་འོས་པ་དང་། དབྱིན་སྐད་ཀྱི་རིང་ཚད་ཀྱི་གྲངས་ཆུང་ཤོས་ཀྱི་གྲངས་གནས་ཀྱི་མིང་ལ་ atto ཟེར་ཞིང་། དེ་བོད་སྐད་དུ་དཀྲིགས་ཆེན་ཆེན་འདོམ་མམ་ཐེར་ཐེར་འདོམ་འདོམ་ཞེས་པར་འགྱུར། མིང་འདི་དག་ཐོག་མའི་རྣ་བར་ཧ་ཅང་བགོད་བྲོ་བ་ཞིག་ཏུ་མཐོང་སྲིད་མོད། ཡེ་ནས་མེད་པ་ལས་ཡོད་པ་བཟང་ཞིང་། གོམས་སོང་ན་རྣ་བར་མི་བདེ་བ་གང་ཡང་མེད། དབྱིན་སྐད་ཀྱི་ཚིག་ killometre ལ་འདིར་རྒྱང་གྲགས་ཞེས་འབོད་རྒྱུ་བྱས་ཡོད་པས་དེ་ནི་རྒྱང་གྲགས་ཀྱི་གོ་བ་དང་ཡང་ཧ་ཅང་ཉེ། དེ་བཞིན་ gram དང་ kilogram ལ་སྲང་དང་ཉ་ག་ཞེས་འབོད་རྒྱུ་བྱས་པ་དེ་ཚོ་ཡང་དེ་བཞིན་ཉེ་བ་སོགས་བཟང་ཕྱོགས་ན་དགེ་མཚན་མང་པོ་སྟོན་རྒྱུ་ཡོད་དོ།
ཐོག་མར་རིང་ཚད་ཀྱི་ཐ་སྙད་ཤན་སྦྱར་ལ། རིང་ཚད་ཀྱི་སྤྱི་མཐུན་འཇལ་གཞི་ནི་འདོམ་ཡིན། བོད་ཚིག་འདོམ་གྱི་ཐད་དུ་དབྱིན་ཚིག་metre ཞེས་པ་ཤན་སྦྱོར་དགོས་པ་ཡིན། རིང་ཚད་ཀྱི་བརྩི་སྟངས་འདི་ལ་བརྟེན་ནས་གཞན་རྣམས་ཀྱི་མིང་འདོགས་སྟངས་སྐོར་རིག་བསྒྲེ་བྱེད་དགོས་པ་ཡིན། ཕྱི་སྐད་ལ་གྲངས་གནས་ངོ་མ་བཅུ་དགུའི་མིང་ཡོད་ཅིང་། དེ་དག་གི་ཐད་དུ་སྤྱིར་བོད་ཡིག་ལ་གྲངས་གནས་དྲུག་ཅུ་ཐམ་པ་འདྲེན་རྒྱུ་ཡོད་པས་དེ་དག་ལེགས་པར་བཀོལ་ན་བོད་ལ་ཐ་སྙད་ཀྱིས་མི་འདང་བའི་དཀའ་ངལ་ཞིག་ཡོང་ཤེས་དོན་མེད་མོད། བེད་སྤྱོད་མ་བྱས་ན་མེད་པ་དང་གཅིག་པ་ཡིན། དེའི་ཕྱིར་འོག་གི་གྲངས་གནས་འདི་དག་གི་མིང་ནི་བོད་རང་གི་གྲངས་གནས་དྲུག་ཅུ་ལས་དང་པོ་བཅུ་དགུ་རྣམས་བཀོལ་ནས་བཟོས་པ་ཡིན། བོད་ཀྱི་གྲངས་གནས་དང་པོ་བཅུ་དགུ་ནི། གཅིག བཅུ། བརྒྱ། སྟོང་། ཁྲི། འབུམ། ས་ཡ། བྱེ་བ། དུང་ཕྱུར། ཐེར་འབུམ་ཆུང་བ། ཐེར་འབུམ་ཆེ་བ། ཁྲག་ཁྲིག་ཆུང་བ། ཁྲག་ཁྲིག་ཆེ་བ། རབ་བཀྲམ་ཆུང་བ། རབ་བཀྲམ་ཆེ་བ། གཏམ་ཆུང་བ། གཏམ་ཆེ་བ། དཀྲིགས་ཆུང་བ། དཀྲིགས་ཆེ་བ། བཅས་ཡིན། འོག་ཏུ་ཐ་སྙད་གསར་བ་བཟོ་བདེ་ཆེད་དུ་དེ་དག་ལ་མིང་བསྡུས་བྱས་ན། གཅིག བཅུ། བརྒྱ། སྟོང་། ཁྲི། འབུམ། ས་ཡ། བྱེ་བ། དུང་ཕྱུར། ཐེར་ཆུང་། ཐེར་ཆེན། ཁྲིག་ཆུང་། ཁྲིག་ཆེན། རབ་ཆུང་། རབ་ཆེན། གཏམ་ཆུང་། གཏམ་ཆེན། དཀྲིགས་ཆུང་། དཀྲིགས་ཆེན། བཅས་སུ་གྲུབ་པ་ཡིན། ད་དུང་སེན་= millimetre དང་། སོར= centimetre མཐོ་= decimetre ཐག་= Decametre ་བཅས་སུ་ཡང་འཇོག་ཆོག སེན་ཟེར་བ་ནི་ཕྲུ་གུ་ཞིག་གི་སེན་མོའི་སྲབ་མཐུག་དང་། སོར་དང་མཐོ་གཉིས་ཀྱང་ཕྲུ་གུའི་སོར་དང་མཐོ་ལ་བསམ་དགོས།
དེས་ན་རིང་ཚད་ཀྱི་གྲངས་མིང་དབྱིན་བོད་ཨང་གསུམ་ཤན་སྦྱར་བྱས་ན་འདི་ལྟར་འགྱུར་སྟེ།
attometre = 10-18= metre 0.000000000000000001་ ་དཀྲིགས་ཆེན་འདོམ། (དཀྲིགས་ཆེན་ཆའི་འདོམ་གཅིག)
femtometre =10-15= metre 0.000000000000001་་་་་་་་་་་་་་གཏམ་ཆུང་འདོམ། (གཏམ་ཆུང་ཆའི་འདོམ་གཅིག)
picometre = 10-12= metre 0.000000000001་་་་་་་་་་་་་་་་་་་་་་་་་་་་ཁྲིག་ཆེན་འདོམ།
nanometre =10-9 = metre 0.000000001 ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཐེར་ཆུང་འདོམ། (ཐེར་ཆུང་ཆའི་འདོམ།)
micrometre =10-6= metre 0.000001 ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ས་འདོམ། (ས་ཡ་ཆའི་འདོམ་གཅིག)
millimeter = 10-3= metre 0.001 ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་སྟོང་འདོམ། (སྟོང་ཆའི་འདོམ་གཅིག) ཡང་ན། སེན་གཅིག
centimeter =10-2 = metre 0.01་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བརྒྱ་འདོམ (བརྒྱ་ཆའི་འདོམ་གཅིག) ཡང་ན། སོར་གཅིག།
decimeter = 10-1= metre 0.1 ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བཅུ་འདོམ (བཅུ་ཆའི་འདོམ) ཡང་ན། མཐོ་གཅིག
metre = 1metre ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་འདོམ་གཅིག།
decametre =101 = metre 10 ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་འདོམ་བཅུ། ཡང་ན། ཐག (ཐག་པ་གཅིག་གི་རིང་ཚད)
hectometre =102 = metre 100་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་འདོམ་བརྒྱ། (འདོམ་པ་བརྒྱའི་རིང་ཚད)
kilometre =103= metre 1000་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་རྒྱང་གྲགས། ཡང་ན། འདོམ་སྟོང། (འདོམ་པ་སྟོང་གི་རིང་ཚད)
megametre =106 = metre 1000000་་་་་་་་་་་་དཔག་ཚད། ཡང་ན། རྒྱང་སྟོང། (རྒྱང་གྲགས་སྟོང་གི་རིང་ཚད) འདོམ་ས།)
gigametre =109 = metre 1000000000 ་་་་འདོམ་ཐེར་(འདོམ་པ་ཐེར་ཆུང་གཅིག) དཔག་སྟོང་། (དཔག་ཚད་ཆིག་སྟོང་།)
terametre =1012 = metre 1000000000000་་འདོམ་ཁྲིག་ཆེན་(འདོམ་པ་ཁྲག་ཁྲིག་ཆེ་བ་གཅིག) དཔག་ས (དཔག་ཚད་ས་ཡ)
petametre =1015 = metre 1000000000000000་་་་ འདོམ་གཏམ་ཆུང་། དཔག་ཐེར།(དཔག་ཚད་ཐེར་འབུམ་ཆུ་བ་གཅིག)
exametre =1018 = metre 1000000000000000000་་་ འདོམ་དཀྲིགས་ཆེན། འདོམ་ཐེར་ཐེར། དཔག་ཁྲིག་ཆེན།
དེ་ལྟར་འདིའི་སྐབས་སུ་གསར་དུ་ངེས་དགོས་པ་ནི་འདོམ་སྟོང་གཅིག་ལ་རྒྱང་གྲགས་ཟེར་འོས་པ་དང་། རྒྱང་གྲགས་སྟོང་ལ་དཔག་ཚད་ཟེར་དགོས་པ་དེ་ཡིན།
དེ་ལྟར་ན་ཕྱི་རྒྱལ་གྱི་ million ནམ་ mega ལ་ས་ཡ་དང་། billion ནམ་ giga ལ་ཐེར་ཆུང་། trillion ནམ་ tera ལ་ཁྲིག་ཆེན། quadrillion ནམ་ peta ལ་གཏམ་ཆུང་། quintillion ནམ་ exa ལ་དཀྲིགས་ཆེན་ཞེས་འབོད་རྒྱུ་ཡིན། དེ་བཞིན་ atto ལ་དཀྲིགས་ཆེན་འདོམ་སྟེ། དཀྲིགས་ཆེན་ཆ་ཞེས་འབོད་རྒྱུ་དང། femto ལ་གཏམ་ཆུང་ཆ། pico ལ་ཁྲིག་ཆེན་ཆ། nano ལ་ཐེན་ཆུང་ཆ། micro ལ་ས་ཡ་ཆ། milli ལ་སྟོང་ཆ། centi ལ་བརྒྱ་ཆ། deci ལ་བཅུ་ཆ་བཅས་སུ་འབོད་དགོས་པར་ཡང་འགྱུར་རོ།
གཉིས་པ་ལྗིད་ཚད་ཀྱི་ཐ་སྙད་ཤན་སྦྱོར་ལ། འདིའི་སྤྱི་མཐུན་འཇལ་གཞི་ནི་སྲང་ཡིན། བོད་ཚིག་སྲང་གི་ཐད་དུ་དབྱིན་ཚིག་ gram ཤན་སྦྱོར་དགོས་པ་ཡིན། ད་དུང་ཀ་ཀ་ནི = milligram སེ་བ = centigram ཞོ།= decigram བཅས་སུ་ཡང་འཇོག་ཆོག
attogram =10-18= gram 0.000000000000000001་་་་་དཀྲིགས་ཆེན་སྲང་། (དཀྲིགས་ཆེན་ཆའི་སྲང་གང་།)
femtogram =10-15= gram 0.000000000000001་་་་་་་་་་་་་་་་་གཏམ་ཆུང་སྲང་། (གཏམ་ཆུང་ཆའི་སྲང་གང་།)
picogram = 10-12 = gram 0.000000000001་་་་་་་་་་་་་་་་་་་་་་་་་་་་ཁྲིག་ཆེན་སྲང་།
nanogram = 10-9= gram 0.000000001 ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཐེར་ཆུང་སྲང་། (ཐེར་ཆུང་ཆའི་སྲང་།)
microgram = 10-6= gram 0.000001 ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་སྲང་། (ས་ཡ་ཆའི་སྲང་གཅིག)
milligram = 10-3= gram 0.001 ་་་་་་་་་་་་་་་་་་་་་་་་་་་་་་་་་་སྟོང་སྲང་། (སྟོང་ཆའི་སྲང་གཅིག) ཡང་ན། ཀ་ཀ་ནི་གཅིག)
centigram =10-2 = gram 0.01་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བརྒྱ་སྲང་། (བརྒྱ་ཆའི་སྲང་གཅིག) ཡང་ན། སེ་བ་གང་)
decigram = 10-1 = gram 0.1 ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བཅུ་སྲང་། (བཅུ་ཆའི་སྲང་།) ཡང་ན། ཞོ་གང་།
gram = 1gram ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་སྲང་གང་།
decagram = 101 = gram 10 ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་སྲང་བཅུ། ཡང་ན། ཐག (ཐག་པ་གཅིག་གི་རིང་ཚད)
hectogram = 102 = gram 100་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་སྲང་བརྒྱ། (འདོམ་པ་བརྒྱའི་རིང་ཚད) ཡང་ན། སྤོར་གཅིག
kilogram = 103= gram 1000་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ཉ་ག་གང་། ཡང་ན། སྲང་སྟོང། (སྲང་སྟོང་གི་ལྗིད་ཚད)
megagram = 106 = gram 1000000་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཉག་སྟོང་། ཡང་ན། སྲང་ས། (སྲང་ས་ཡ་གཅིག་གི་ལྗིད་ཚད)
gigagram = 109 = gram 1000000000 ་་་་་་་་་་་་་་་་་་་་་་་་་་་་་་་་་་་ ཉག་ས། (ཉ་ག་ཐེར་ཆུང་གཅིག) སྲང་ཐེར་།
teragram = 1012 = gram 1000000000000་་་་་་སྲང་ཁྲིག་ཆེན་(སྲང་ཁྲག་ཁྲིག་ཆེ་བ་གཅིག) ཉག་ཐེར་། (ཉ་ག་ཐེར་ཆུང་གཅིག)
petagram = 1015 = gram 1000000000000000་་་་་་་་་་་་་་་ སྲང་གཏམ་ཆུང་། དཔག་ཐེར།(དཔག་ཚད་ཐེར་འབུམ་ཆུ་བ་གཅིག)
exagram = 1018 = gram 1000000000000000000་་་་་་་་་་་་་ སྲང་དཀྲིགས་ཆེན། སྲང་ཐེར་ཐེར།
དེ་ལྟར་འདིར་གསར་དུ་ངེས་དགོས་པ་ནི་ཀ་ཀ་ནི་བཅུ་ལ་སེ་བ་གང་། སེ་བ་བཅུ་ལ་ཞོ་གང་། ཞོ་བཅུ་ལ་སྲང་གང་། སྲང་བརྒྱ་ལ་སྤོར་གང་། སྤོར་བཅུ་ལ་ཉ་ག་གང་བཅས་ཡིན། དོན་གཞན་རྣམས་གོང་ལས་ཤེས་དགོས། ཡང་བོད་ཀྱི་སྲོལ་ལ་སྤོར་བཞི་ནི་ཉ་ག་གཅིག ཉ་ག་ཉི་ཤུ་ལ་ཁལ་གཅིག་བཅས་ཡིན་པ་དང་། འདིར་སྤོར་བཅུ་ལ་ཉ་ག་གཅིག་དང་། ཉ་ག་ཉི་ཤུ་ལ་ཁལ་གཅིག་སྟེ། kilogram ཉི་ཤུ་ལ་ཁལ་གཅིག་ཡིན། དེ་བཞིན་སྤོར་གཅིག་དང་hectorgram གཅིག་མཚུངས་ཡིན་པས་སྤོར་ཉིས་བརྒྱ་ལ་ཁལ་གཅིག་བཅས་སུ་འགྱུར་བ་ཡིན།
གསུམ་པ་ཤོངས་ཚད་ཀྱི་ཐ་སྙད་ཤན་སྦྱོར་ལ། འདིའི་སྤྱི་མཐུན་འཇལ་གཞི་ནི་བྲེ་ཡིན། བོད་ཚིག་བྲེ་ཡི་ཐད་དུ་དབྱིན་ཚིག་litre ཤན་སྦྱོར་བྱེད་དགོས་པ་ཡིན།
attolitre =10-18= litre 0.000000000000000001་་་་དཀྲིགས་ཆེན་བྲེ། (དཀྲིགས་ཆེན་ཆའི་བྲེ་གང་)
femtolitre =10-15= litre 0.000000000000001་་་་་་་་་་་་་་་་གཏམ་ཆུང་བྲེ། (གཏམ་ཆུང་ཆའི་བྲེ་གང་།)
picolitre = 10-12 = litre 0.000000000001་་་་་་་་་་་་་་་་་་་་་་་་་་་་ཁྲིག་ཆེན་བྲེ།
nanolitre =10-9 = litre 0.000000001 ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཐེར་ཆུང་བྲེ། (ཐེར་ཆུང་ཆའི་བྲེ།)
microlitre =10-6 = litre 0.000001 ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ས་བྲེ། (ས་ཡ་ཆའི་བྲེ་གང་།)
millilitre = 10-3= litre 0.001 ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་སྟོང་བྲེ། (སྟོང་ཆའི་བྲེ་གང་།)
centiliter =10-2 = litre 0.01་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བརྒྱ་བྲེ། (བརྒྱ་ཆའི་བྲེ་གཅིག)
deciliter = 10-1= litre 0.1 ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བཅུ་བྲེ། (བཅུ་ཆའི་བྲེ)
litre = 1litre ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བྲེ། (བྲེ་གང་།)
decalitre =101 = litre 10 ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བྲེ་བཅུ། (བྲེ་བཅུའི་ཤོངས་ཚད)
hectolitre =102 = litre 100་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བྲེ་བརྒྱ། (བྲེ་བརྒྱའི་ཤོངས་ཚད)
killolitre =103= litre 1000་་་་་་་་་་་་་ཟོ་བ། ཡང་ན། བྲེ་སྟོང། (བྲེ་སྟོང་གི་ཤོངས་ཚད) འབྲུ་སོགས་ལ་དོ་བོ་ཞེས་འབོད།
megalitre =106 = litre 1000000་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཟོ་སྟོང་། ཡང་ན། བྲེ་ས། (བྲེ་ས་ཡ་གཅིག་གི་ཤོངས་ཚད)
gigalitre =109 = litre 1000000000 ་་་་་་་་་་་་་་་་་་་་་ ཟོ་ས། (ཟོ་བ་ས་ཡ་གཅིག) བྲེ་ཐེར། (བྲེ་ཐེར་ཆུང་གཅིག)
teralitre =1012 = litre 1000000000000་་་་་་ཟོ་ཐེར། (ཟོ་བ་ཐེར་ཆུང་གཅིག) བྲེ་ཁྲིག (བྲེ་ཁྲིག་ཆེན་གཅིག)
petalitre =1015 = litre 1000000000000000་་་ བྲེ་གཏམ་ཆུང་། ཟོ་ཁྲིག་ཆེན། (ཟོ་བ་ཁྲིག་ཆེན་གཅིག)
exalitre =1018 = litre 1000000000000000000་་་་་་་་་་་་་ བྲེ་དཀྲིགས་ཆེན། བྲེ་ཐེར་ཐེར།
དེ་ལྟར་འདིར་གསར་དུ་ངེས་དགོས་པ་ནི་བྲེ་སྟོང་ལ་ཟོ་བ་གང་ཡིན། དོན་གཞན་རྣམས་གོང་ལས་ཤེས་དགོས།
༡༩༩༩་ལོ་མེའོ་ནས་བྲིས།
རྩོམ་འདི་རྩམ་པ་དུས་དེབ་ཅིག་གི་ཐོག་ཏུ་སྤེལ་ཡོད་ཅིང་ད་ལན་དེ་ལ་ཞུ་དག་ཕྲན་ཚེགས་རེ་བཏང་ནས་སྤེལ།

2010/07/28

བོད་ཀྱི་ཡིག་སྒྱུར་སྐོར་དཔྱད་གླེང་།

(འདིར་ནང་དོན་རྣམས་གསལ་བོ་འབྱུང་ཆེད་དུ་མ་རྩོམ་ནང་དུ་བརྙན་རིས་མང་པོ་ཞིག་བེད་སྤྱོད་བཏང་ཡོད་མོད། དེ་དག་དྲ་ཐོག་ཏུ་འཆར་གྱི་མི་འདུག དེའི་ཕྱིར་གཟུགས་རིས་དེ་དག་གི་ཚབ་ལ་ # ! ~ @ & ^ * % སོགས་ཡིག་རྟགས་འགའ་ཞིག་བེད་སྤྱོད་བྱས་ཡོད།)
བོད་ཀྱི་ཡིག་སྒྱུར་གྱི་ནང་དུ་ལོ་ཙ་བ་དག་ལ་སྐབས་དམིགས་བསལ་གྱི་དཀའ་ངལ་འཕྲད་བཞིན་ཡོད། དཀའ་ངལ་དེ་དག་ལས་འགའ་རེ་ནི་བོད་ཀྱི་ཡི་གེ་རང་ངོས་ཀྱི་དཀའ་ཡིན་པ་དང་ ཡང་དཀའ་ངལ་འགའ་ཞིག་ནི་རང་རེའི་སྔར་གྱི་ལོ་ཙ་བ་དག་གི་ཐུགས་གཏད་ཅུང་ལྷོད་ཡངས་སུ་སོང་བའི་དབང་གིས་བྱུང་ཡོད། གཤམ་དུ་ཁོ་བོས་མཆན་གསུམ་གྱི་ལམ་ནས་དཀའ་ངལ་དེ་མངོན་སུམ་དུ་སྟོན་པའི་འབད་བརྩོན་བྱ་རྒྱུ་ཡིན།
ཁོ་བའི་བརྗོད་འདོད་གང་རྟོགས་པའི་སླད་དུ་ཁྱེད་ཀྱིས་ཐོག་མར་མཆན་གསུམ་ལ་ཞིབ་འཇུག་ལེགས་པོ་ཞིག་གནང་དགོས་པ་དང དེ་ནས་ཁོ་བོས་མཆན་གསུམ་པ་འདིར་འགྲེལ་བཤད་ཞིབ་པར་བྱས་པའི་སྒོ་ནས་ཁོ་བོའི་སེམས་ཀྱི་བརྗོད་འདོད་དེ་སྟོན་ཐབས་བྱེད་ཀྱི་ཡིན། དེའི་མཆན་གསུམ་པ་ལ་ལྷག་པར་དུ་གཟིགས་ཞིབ་གནང་བར་འཚལ།
དེ་ཡང་བོད་ཀྱི་སྐད་ཡིག་གི་ཞན་ཆ་གཅིག་སྟེ, ཐ་སྙད་ཀྱིས་མི་འདང་བ་དེ་སྤྱིར་རང་རེའི་རྒྱལ་ཁབ་དང་མི་རིགས་འདིའི་ཕྱིའི་དངོས་པོ་ཡར་རྒྱས་སུ་མ་ཕྱིན་པ་ལ་རྐྱེན་རྩ་ཐུག་ཡོད། ཡང་སྤྱི་ཡོངས་ཀྱི་རྐྱེན་གཞན་ཞིག་ནི་ཐ་སྙད་གསར་བ་ཞིག་བཟོ་སྐབས་ཐ་སྙད་གསར་བ་རང་གི་ཚིག་དོན་དང་དེའི་བསྟན་བྱར་གྱུར་བའི་དོན་དག་གསར་བ་གཉིས་འོས་འཚམས་སམ་མཐུན་པོ་མེད་པར་ཚིག་དོན་སོ་སོར་སོང་ཡོད། དེའི་ཕྱིར་ཐ་སྙད་གསར་བ་བཟོས་པ་དེ་ཕྱོགས་གཅིག་ནས་བོད་ཀྱི་སྐད་ཡིག་ཕྱུག་ཏུ་བཏང་ཡོད་མོད, ཕྱོགས་གཞན་ཞིག་ནས་དབུལ་དུ་ཡང་བཏང་ཡོད། མདོར་ན་དོན་དག་གང་ཡང་རུང་བ་དེར་ཐ་སྙད་གསར་བ་དེ་འོས་འབྱོར་མེད་བཞིན་དུ་བཙན་སྦྱོར་བྱས་པ་ལ་བརྟེན་ནས་ཐ་སྙད་གསར་བ་གང་དེའི་རང་གི་འོས་འབྱོར་ཡོད་པའི་དོན་ངོ་མ་དེ་སྟོན་མི་ཐུབ་པར་བཟོས་པ་མང་དུ་ཡོད། ཁོ་བོས་ད་ལན་འདིའི་སྐོར་ལ་དཔེར་མཚོན་ངོས་སྤྲོད་ཅིག་བྱེད་པར་འདོད།
དཔེ་ཞིག་བཞག་ནས་བཤད་ན་དབྱིན་ཇིའི་ཡི་གེ་ A, B, C, D, E, F, G, H, རྣམས་དབྱིན་ཇིའི་ཐ་སྙད་རེ་རེ་ཡིན་པར་ཆ་ཞོག ཡང་དབྱིབས་གཟུགས # ! ~ @ & ^ * % + འདི་དག་དོན་དག་གསར་བ་རེ་ཡིན་པར་ཆ་ཞོག མཆན་དང་པོ་ལ་གསལ་བ་བཞིན་དབྱིན་ཇི་ཚིག་འདི་དག་གིས་རིམ་བཞིན་དོན་དེ་དག་སྟོན་གྱི་ཡོད་པ་ཆ་ཞོག ཡང་བོད་ཡིག་ ཀ་, ཁ་, ག་, ང་, ཅ་, ཆ་, ཇ་, ཉ་རྣམས་བོད་ཚིག་རེ་ཡིན་ཞིང་དོན་འདི་དག་སྟོན་གྱི་ཡོད་པར་ཆ་ཞོག དབྱིན་ཚིག་རེ་རེའི་ཐད་དུ་བོད་ཚིག་རེ་འཇོག་དགོས། དེས་དོན་འདི་དག་ལས་གང་སྟོན་པར་བོད་ཚིག་གིས་མ་འདང་བ་ཡིན? དབྱིན་ཚིག་Aཡིས་དོན་ # སྟོན་གྱི་ཡོད་ན་དེའི་ཐད་དུ་བོད་ཚིག་’ཀ’་འཇོག་འོས། དབྱིན་ཚིགB་གིས་དོན་ ! སྟོན་གྱི་ཡོད་ན་དེའི་ཐད་དུ་བོད་ཚིག་’ཁ’་འཇོག་འོས། དབྱིན་ཚིག་C་གིས་དོན་ ^ སྟོན་གྱི་ཡོད་ན་དེའི་ཐད་དུ་བོད་ཚིག་’ག’་འཇོག་འོས། དེ་བཞིན་དབྱིན་ཚིག་D་གི་ཐད་དུ་བོད་ཚིག་’ང’་ཡོད། དབྱིན་ཚིག་E་བོད་ཚིག་’ཅ’་ཡོད། དབྱིན་ཚིག་F་ལ་བོད་ཚིག་’ཆ’་འཇོག་རྒྱུ་ཡོད། དབྱིན་ཚིག་G་གི་ཐད་དུ་བོད་ཚིག་’ཇ’་ཡོད། དབྱིན་ཚིག་H་གི་ཐད་དུ་བོད་ཚིག་’ཉ’་འཇོག་རྒྱུ་ཡོད། ད་བོད་ཚིག་གིས་མ་འདང་བ་དེ་གང་དུ་ཡོད? ཅེས་འདྲི་ནཿ དེའི་ལན་དུ་འདི་ལྟ་སྟེཿ
གཅིག་ནི་བོད་ཚིག་གིས་འདང་མི་འདང་ཟེར་བ་ནི་མཐར་གཏུག་ན་དོན་ག་གེ་མོ་ཞིག་བོད་སྐད་དུ་སྨྲ་མྱོང་མ་མྱོང་ལ་ཐུག་ཡོད། གཉིས་ནི་བོད་ཚིག་གང་ཡང་རུང་བ་ཞིག་གིས་དོན་ག་གེ་མོ་དེ་སྟོན་ཐུབ་མི་ཐུབ་ལ་ཟེར། བོད་ཚིག་གང་ཡང་རུང་བ་ཞིག་གིས་ཀྱང་དོན་ག་གེ་མོ་དེ་སྟོན་མ་ཐུབ་ན་གཞི་ནས་བོད་ཀྱི་ཐ་སྙད་ཀྱིས་མ་ལྡང་བ་ལ་གོ་དགོས་པ་ལས དེ་མིན་དབྱིན་ཚིག་གང་རུང་ཞིག་གི་དོན་གང་ཡོད་བོད་ཚིག་གང་རུང་ཞིག་གིས་སྟོན་ཐུབ་ཀྱི་མེད་ན, དེ་ལ་བོད་ཚིག་གིས་མི་འདང་བ་མི་ཟེར། དཔེར་ན་དབྱིན་ཚིག་findགི་དོན་བཙལ་བ་དང་རྙེད་པ་གཉིས་ཀ་ལ་འཇུག་ཅིང, བོད་པར་དེ་འདྲའི་ཚིག་ཅིག་མེད་སྟབས་དབྱིན་ཚིག་find གི་ཐད་དུ་བོད་ཚིག་ཅིག་མེད་ཟེར་ཆོག་མོད, བོད་ཚིག་གིས་མི་འདང་ཟེར་དགོས་དོན་མེད་དེ, དེའི་དོན་དང་པོ་དང་གཉིས་པ་གཉི་ཀ་སྟོན་ཐུབ་པའི་བོད་ཚིག་ཡོད་པའི་ཕྱིར་སྟེ, བཙལ་དང་རྙེད་པ་གཉིས་དེ་དེ་ཡིན་པའི་ཕྱིར་རོ།
ད་ལྟ་ཁོ་བོས་རྗོད་འདོད་ཀྱི་དོན་དེ་འཆད་པ་ལ་འོག་ཏུ་མཆན་སྡེ་གསུམ་བཀོད་པ་དེའི་ཐོག་ནས་འགྲེལ་བཤད་བྱེད་པར་འདོད་པ་ཡིན།
མཆན་དང་པོ་ནི་ད་སྐབས་དབྱིན་བོད་ཀྱི་ཚིག་རང་རང་གི་དོན་དག་དང་ལྷན་དུ་ཇི་ལྟར་གནས་ཡོད་སྣང་ཚུལ་དེ་མཚོན་ཐབས་སུ་བྲིས་པ་ཡིིན།
མཆན་གཉིས་པ་ནི་ད་སྐབས་ཀྱི་དབྱིན་ཙིག་ཤན་སྦྱར་གྱིས་ཕན་ཚུན་བཤིབ་བསྡུར་བྱས་ནས་བོད་ཚིག་གིས་འདང་མི་འདང་དང་དེའི་རྒྱུ་རྐྱེན་བཅས་མངོན་སུམ་དུ་སྟོན་ཆེད་བྲིས་པ་ཡིན།
མཆན་གསུམ་པ་ནི་ཕྱིར་འབྱུང་ཡང་དག་པར་ཚིག་ཤན་སྦྱོར་གང་ལྟར་བྱེད་འོས་པ་དང་དེ་ལྟར་བྱས་ན་བོད་ཚིག་གིས་མི་འདང་བའི་སྟོང་ཆ་མང་དག་ཅིག་ཁེང་བར་འགྱུར་ཚུལ་མཚོན་ཐབས་བྱས་པ་ཡིིན།
འོག་ཏུ་ཁོ་བོས་མཆན་གཉིས་པ་འདི་ཅུང་ཟད་སྤྲོ་བ་ལཿ དཔེར་མཚོན་གོ་རིམ་བཞིན་དུ་གོ་རིམ་བཞིན་དུ་དོན་ཚན་བསྒྲིགས་ཏེ་འགྲེལ་བཤད་བྱེད་རྒྱུརཿ
གཅིག༽ (མཆན་༢་པར) འདིར་དཔེར་མཚོན་དགུ་བྲིས་ནས་རང་ཉིད་ཀྱི་བསྟན་དོན་འགྲེལ་ཐབས་བྱེད་ཀྱི་ཡོད། དཔེར་མཚོན་དང་པོ་དང་གསུམ་ལ་གཟིགས། དང་པོར་ A= # = ---- ཞེས་པ་ཞིག་བྲིས་ཡོད། འདི་ནི་དབྱིན་ཚིག་ A གི་ཐད་དུ་བོད་ཚིག་གིས་མ་འདང་བ་ཞེས་པའི་སྣང་ཚུལ་འདི་མཚོན་ཐབས་སུ་བྲིས་པ་ཡིན། དེ་ནས་དཔེར་མཚོན་གསུམ་པར་གཟིགས། འདིར་ C = ~ = ཀ ཞེས་པ་ཞིག་བྲིས་ཡོད། འདི་ནི་དབྱིན་ཚིག་C གིས་དོན་ ~ ་འདི་སྟོན་ཞིང་བོད་སྐད་དུ་དོན་ ་དེ་སྟོན་པར་བོད་ཚིག་’ཀ’་བཀོལ་གྱི་ཡོད་པའི་སྣང་ཚུལ་དེ་མཚོན་ཐབས་སུ་བྲིས་པ་ཡིན།
དེ་ཡང་དབྱིན་ཚིག་ A གི་དོན་ནི་ # ཡིན་པར་ཆ་བཞག བོད་སྐད་དུ་དོན་ # འདི་སྟོན་བྱེད་ཀྱི་ཚིག་མེད་པར་གྱུར་བས་དབྱིན་ཚིག་A་ཡི་ཐད་དུ་བོད་ཚིག་མ་འདང་བར་གྱུར་བ་ཡིན། འོན་ཀྱང་དབྱིན་ཚིག་A་གི་ཐད་དུ་བོད་ཚིག་བཙལ་བའི་ཚེ་ན་བོད་ཚིག་མེད་པ་མིན་པར་བོད་ཚིག་’ཀ’་འདི་དེའི་ཐད་དུ་འོས་ཤིང་འཚམས་པར་ཁྱེད་ཀྱིས་རྙེད་པར་འགྱུར་། གང་ལགས་ཤེ་ན་བོད་ཚིག་’ཀ’འདིའི་ཚིག་དོན་ལ་བསམ་པའི་ཚེ་ན་དེས་དོན་ # ་འདི་འོས་ཤིང་འཚམས་པའི་སྒོ་ནས་སྟོན་ཐུབ་པར་རིགས་པས་དཔོག་ཐུབ། དེས་ན་ཞིབ་པར་བསམ་སྐབས་དབྱིན་A་གི་ཐད་དུ་བོད་ཚིག་གིས་མི་འདང་བ་མིན་པར་བོད་ཚིག་ཡོད་པ་ཡིིན་ལ, དེ་ཡང་’ཀ’འདི་ཡིན་པའི་ཕྱིར་རོ། འོན་ཀྱང་སྟབས་མ་ལེགས་པར་ད་སྔ་ཡན་ཆད་ལ་ང་ཚོས་བོད་ཚིག་’ཀ’དེ་དོན་ # ་སྟོན་ཆེད་དུ་མི་བཀོལ་བར་དབྱིན་ཚིག་C་གི་ཐད་དུ་དོན་ ~ ་སྟོན་ཆེད་དུ་མི་འོས་ན་ཡང་བཙན་སྦྱོར་གྱིས་བཀོལ་ནས་བསྡད་པས་དེ་མ་དག་རྒྱུན་འབྱམས་སུ་སོང་ནས་’ཀ’་རང་ལ་འོས་པའི་དོན་ # དེ་སྟོན་པའི་གོ་སྐབས་ཕྲོག་པ་རེད། ཡང་གཅིག་བཤད་ན་ད་སྐབས་བོད་ཚིག་’ཀ’གི་དོན་ནི་ ~ ཡིན་པས་དབྱིན་ཚིག་Cགི་ཐད་དུ་སྦྱར་ཟིན། དེའི་ཕྱིར་བོད་སྐད་ལ་དབྱིན་ཚིག་A་གི་ཐད་དུ་དོན་ # སྟོན་ཆེད་དུ་ཚིག་ཅིག་འཇོག་རྒྱུ་མེད་པར་གྱུར་བ་ཡིན།
དཔེར་ནཿ དབྱིན་ཚིག་A=kingdom, བོད་ཚིག་ ‘ཀ’=རྒྱལ་ཁབ, དབྱིན་ཚིག་ C=nation, འདིར་kingdom་གྱི་ཐད་དུ་བོད་ཚིག་མེད་པར་གྱུར་བ་ཡིན། འོན་ཀྱང་ངོ་མ་མེད་པ་མིན་ཏེ, “རྒྱལ་ཁབ” ཅེས་པའི་ཚིག་འདི་འདིའི་ཐད་དུ་ཧ་ཅང་འཐད་ན་ཡང་དེ་ནི་ nation གི་ཐད་དུ་བཀོལ་ཟིན་པས kingdom ་ གི་ཐད་དུ་མེད་པར་གྱུར་བ་ཡིན། འདི་ལྟར་ཡོང་དོན་ནི་དཔེར་ནཿ ད་སྐབས་དབྱིན་ཚིག་twitter་ཟེར་བ་འདིར་ལ་འཕྲུལ་སྒྲ་ཞེས་འབོད་སྲོལ་ཞིག་བཟོ་བཞིན་པ་འདི་ལ་ད་སྐབས་དེ་ཙམ་གནོད་པ་མེད་པ་ལྟ་བུར་སྣང་ན་ཡང གལ་སྲིད་རྗེས་སུ་དབྱིན་ག་གེ་མོ་ mechanical sound ཟེར་བ་ལྟ་བུ་འམ་གང་ཞིག་བྱུང་ན་དེ་དུས་དེའི་ཐད་དུ་བོད་ཚིག་མི་རྙེད་པའི་དཀའ་ངལ་ཞིག་འཕྲད་པར་འགྱུར་། དེ་དུས་སྔར་twitter་གི་ཐད་དུ་འཕྲུལ་སྒྲ་ཞེས་བཞག་པ་འདི་འགྲིག་མི་འདུག་ཨང་སྙམ་པ་ཞིག་འོང་བར་འགྱུར། དེ་ལྟར་བོད་ཀྱི་ཐ་སྙད་འགའ་རེ་རང་སྐེ་རང་གིས་བསྡམས་པ་ལྟ་བུ་ཡོད།
དེ་བཞིན A=thesaurus, ཀ=ཚིག་མཛོད, C=dictionary, འདིར་ thesaurus་གི་ཐད་དུ་བོད་ཚིག་མེད་པར་གྱུར་བ་ཡིན། དེ་ཡང་གོང་བཞིན་དངོས་གནས་མེད་པ་མིན་ཏེ, འདིར་འོས་པའི་བོད་ཚིག་ནི་ ‘ཚིག་མཛོད’ ཅེས་པ་འདི་ཡིན་ན་ཡང་འདི་ནི་ dictionary གི་ཐད་དུ་བཞག་ཟིན་པས་སོ། དབྱིན་ཚིག C གི་ཐད་དུ་བོད་ཚིག་’ག’་འཇོག་རྒྱུ་ཡོད་ཀྱང་དེ་ནི་བེད་མེད་དུ་ལུས་ནས་ཡོད། འདིར་ ‘ག’=དག་ཡིག
དེ་ལྟར་དཔེར་མཚོན་དང་པོ་དང་གསུམ་པས་སྣང་ཚུལ་འདི་འདྲ་ཞིག་མཚོན་ཐབས་བྱས་པ་ཡིན། འདི་ལས་གང་ཞིག་ཤེས་སོང་ཞེ་ན་ད་སྐབས་བོད་ཚིག་གིས་མི་འདང་བའི་དཀའ་ངལ་མང་དག་ཅིག་ནི་ངོ་མ་རང་བོད་ཚིག་གིས་མ་འདང་བ་རང་ཡིན་ན་ཡང་ ཡང་མང་དག་ཅིག་ནི་ཚིག་དོན་ཁ་སྤྲོད་སྐབས་ཚིག་རང་གིས་སྟོན་འོས་པའི་དོན་ལ་མི་སྤྲོད་པར་དེར་མི་འོས་པའི་དོན་གཞན་ཞིག་ཏུ་སྦྱར་བའི་རྐྱེན་གྱིས་བོད་ཚིག་གིས་མི་འདང་བ་ཞིག་ཡོང་གི་ཡོད་པ་དེ་ཡིན།
དེ་ལྟར་ན་ཡང་གལ་སྲིད་བོད་ཚིག་’ཀ’་དེ་དོན་ ~ ་ལ་འཇུག་པ་དེ་དག་མ་དག་ཇི་ལྟར་ཡིན་རུང, རྒྱུན་འབྱམས་ཡོངས་གྲགས་ཀྱི་དབང་གིས་དོན་དེ་སྟོན་གྱི་ཡོད་ན་དེ་མུར་བཞག་ན་ཅི་སྐྱོན? ང་ཚོས་དོན་ # ་སྟོན་ཆེད་དུ་ཚིག་གསར་བ་ཞིག་བཟོ་ཆོག་ཅེས་གསུང་སྲིད། ཅི་སྟེ་ཀ་རང་ལ་འོས་པའི་དོན་ # ་དེ་ནམ་ཡང་བོད་སྐད་དུ་རྗོད་མ་དགོས་ན་དེ་མུར་བཞག་ན་སྐྱོན་ཅི་ཡང་མེད། འོན་ཀྱང་དེ་ལྟར་ཡོང་ཐབས་མེད། དེས་ན་’ཀ’་ལ་འོས་པའི་དོན་ # དེ་ཀ་ཡིས་མི་སྟོན་པར་དེ་ལ་མི་འོས་པའི་ཚིག་གཞན་ཞིག་གིས་སྟོན་དགོས་པར་འགྱུར་། དེ་ལྟར་ཚིག་གཞན་ཞིག་ལ་འོས་པའི་དོན་དེ་ཚིག་དེས་མི་སྟོན་པར་ཚིག་དེ་ལས་གཞན་སྟོན་དགོས་པར་འགྱུར་། དེ་ལྟར་དེད་ནས་སོང་ན་མཐར་བོད་ཀྱི་བརྡ་སྤྲོད་ཀྱི་ནང་དུ་ཚིག་མང་དག་ཅིག་གིས་རང་ལ་མི་འོས་པའི་ཤ་སྟག་སྟོན་དགོས་པར་འགྱུར་ཞིང, རང་ལ་འོས་པའི་དོན་དེ་གཞན་གྱིས་སྟོན་དགོས་པར་འགྱུར་། དེ་ནས་ཚིག་ལ་བསམ་ནས་དོན་དཔོག་ཐུབ་པའི་སྐལ་བ་བཟང་པོ་དེ་ཡལ་བར་གྱུར་བ་ཡིན། བོད་ཀྱི་ཡི་གེ་ནི་ཚིག་ལ་བསམ་ནས་དོན་ལ་གོ་བ་ལེན་ཐུབ་པའི་ཁྱད་ཆོས་ལྡན་པའི་སྐད་ཡིག་ཅིག་ཡིན་པ་ལ འདི་འདྲ་བྱེད་ན་ཡོན་ཏན་དེ་ལྡན་བཞིན་དུ་བཀོལ་མ་ཐུབ་པ་ཡིན་པས་ཡོན་ཏན་དེ་ཉམས་བརླག་བཏང་བ་ཡིན།
མདོར་བསྡུས་ན་དབྱིན་ཚིག་A་གི་ཐད་དུ་བོད་ཚིག་མེད་པ་མིན་པར་ཡོད་དེ, ཀ་དེ་དེ་ཡིན་ན་ཡང, བོད་པ་དག་གིས་ཀ་རང་གི་ཚིག་དོན་ལ་མ་དཔྱད་པར་དོན་དག་ ~ ་དང་སྦྱར་སྟབས་བོད་ཚིག་’ཀ’་ཞེས་པའི་དོན་ནི་ ~ ་ཡིན་པར་བསམ་ནས་དབྱིན་ཚིག་C་གི་ཐད་དུ་ཤན་སྦྱར་། དེ་ལྟར་དབྱིན་ཚིག་A་གི་ཐད་དུ་བོད་མ་འདང་བར་གྱུར་བ་ཡིན།
གཉིས༽ དཔེར་མཚོན་གཉིས་པར་གཟིགས། འདིར་ B = ! = ཁ ཞེས་པ་ཞིག་བྲིས་ཡོད། འདི་ནི་དབྱིན་ཚིག་དེའི་ཐད་དུ་བོད་ཚིག་གིས་འདང་ཞིང་ཤན་སྦྱོར་བྱེད་སྟངས་ཡང་འགྲིག་པའི་སྣང་ཚུལ་དེ་མཚོན་ཆེད་དུ་བྲིས་པ་ཡིན། དེ་ཡང་དོན་དག་ ! ་སྟོན་པར་དབྱིན་ཚིག་B་བེད་སྤྱོད་བྱེད་པ་ཡིན་ཞིང, བོད་ཚིག་’ཁ’་ཡི་ཚིག་དོན་ལ་དཔྱད་པའི་ཚེ་ཡང་དོན་དག་ ! ་འདི་སྟོན་ཐུབ། ཐུབ་པ་དེ་ལྟར་བེད་སྤྱོད་ཀྱང་ལེགས་པར་བྱས་ཡོད་པའི་སྣང་ཚུལ་དེ་བསྟན་པ་ཡིན། དེའི་ཕྱིར་དབྱིན་ཚིག་Bགི་ཐད་དུ་བོད་ཚིག་’ཁ’་འདི་ཤན་སྦྱར་བྱས་པ་དེ་དེ་ལྟར་འཐད་པ་འང་ཡིན།
དཔེར་ནཿ B=country, ཁ=ཕ་ཡུལ། B=seed, ཁ=སོན། སོགས་ལྟ་བུ། འདིར་ country དང་ཕ་ཡུལ་གཉིས་ཡོངས་སུ་མཐུན་ལ, seed དང་སོན་གཉིས་ཀྱང་ཡོངས་སུ་མཐུན།
གསུམ༽ དཔེར་མཚོན་བཞི་བར་གཟིགས། འདིར་ D = @ & = ང ཞེས་པ་ཞིག་བྲིས་ཡོད། འདི་ནི་དབྱིན་ཚིག་D་གི་དོན་ནི་ @ ཡིན་པ་དང་ དབྱིན་ཚིག་དེའི་ཐད་ཏུ་ཤན་སྦྱར་བྱས་པའི་བོད་ཚིག་ནི་ང་ཡིན། འོན་ཀྱང་བོད་ཚིག་ང་ཡི་དོན་ནི་དབྱིན་ཚིག་D་གི་དོན་དང་ཕལ་ཆེར་འདྲ་མོད ཞིབ་བསམ་སྐབས་ཅུང་མི་འདྲ་སྟེ, བོད་ཚིག་དེའི་དོན་ངོ་མ་ནི་ @ མིན་པར་ & ཡིན་པའི་སྣང་ཚུལ་དེ་མཚོན་ཆེད་དུ་བྲིས་པ་ཡིན། དེ་ཡང་དབྱིན་ཚིག་དང་བོད་ཚིག་གཉིས་ཀྱི་དོན་ཕལ་ཆེར་འདྲ་མོད་ཅུང་ཟད་མི་འདྲ་ན་ཡང་དེ་སྣང་མེད་དུ་བཞག་ནས་དབྱིན་ཚིག་D་གི་ཐད་དུ་བོད་ཚིག་ང་དེ་ཤན་སྦྱར་བྱས་ཡོད། དཔེར་ན་ @ དང་ & གཉིས་ལ་ཚིག་ལོགས་སུ་བཟོས་བ་སོགས་བྱས་ཚེ་ཡང་བོད་ཚིག་གིས་མི་འདང་བའི་དཀའ་ངལ་ཡོངས་སུ་སེལ་མེད། ཡང་འདི་འདྲའི་སྐབས་སུ་སྐབས་རེ་བོད་ཚིག་གི་སྔར་གྱི་དོན་ལ་འགྱུར་བ་ཕྱིན་ནས་དབྱིན་ཚིག་གི་དོན་དང་སྒོ་བསྟུན་སོང་བས་བོད་ཚིག་བྱེ་བྲག་པ་དེའི་རང་གི་སྒེར་ཆོས་ཡལ་འགྲོ་བ་ཡིན།
དཔེར་ནཿ དབྱིན་ཚིག་ D=civilization, བོད་ཚིག ང=དཔལ་ཡོན། འདིར་དབྱིན་ཚིག་ civilization དང་བོད་ཚིག་ དཔལ་ཡོན་ གཉིས་ཀྱི་དོན་འདྲ་འདྲ་ལྟར་ཡོད་མོད་ཞིབ་པར་བསམ་ན་ཅུང་ཟད་མི་འདྲ། དེའི་དབང་གིས་བོད་ཚིག་ “དཔལ་ཡོན” ཞེས་པའི་དོན་ལ་ད་འགྱུར་བ་འགྲོ་འགོ་ཚུགས་ཡོད། སྔར་བོད་སྐད་དབྱིན་སྐད་དང་འབྲེལ་བ་མེད་པའི་སྐབས་སུ་ “དཔལ་ཡོན” གྱི་དོན་ནི་དཔལ་དང་ཡོན་ཏན་གྱི་གཞི་མཐུན་ཞིག་ལ་གོ་བ་ཡིན་ན་ཡང, ད་སྐབས་སྔར་གྱི་གོ་བ་དེ་ལས་ཅུང་ཟད་འགྱུར་བ་སོང་ནས་འགྲོ་བ་མིའི་གདོད་མའི་ཤེས་རིག་ནས་སྔོན་ཐོན་ཤེས་རིག་ལ་འགྱུར་བའི་རྒྱུད་རིམ་དེ་ལ་གོ་བ་ཡིན།
དེ་བཞིན་དབྱིན་ཚིག D=God, བོད་ཚིག་ ང=ལྷ། འདིར་དབྱིན་ཚིག་ God དང་བོད་ཚིག་ ‘ལྷ’ གཉིས་ཀྱི་དོན་འདྲ་བ་ཡིན་མོད, རྦད་དེ་འདྲ་བ་ཡང་མིན།
D=umbrella, བོད་ཚིག ང=གདུགས། འདིར་དབྱིན་ཚིག་ umbrella དང་བོད་ཚིག་ ‘གདུགས’་ གཉིས་ཀྱི་དོན་འདྲ་བ་ཡིན་ཡང་རྦད་དེ་འདྲ་བ་ཡང་མིན་པ་སོགས་ལྟ་བུ།
བཞི༽ དཔེར་མཚོན་དྲུག་པར་གཟིགས། འདིར་ F = * = F ཞེས་པ་ཞིག་བྲིས་ཡོད། འདི་ནི་དབྱིན་ཚིག་F་གི་དོན་ནི་ * ་ཡིན་པ་དང་བོད་ལ་དོན་འདི་སྟོན་པའི་ཚིག་མེད་པས་དབྱིན་ཚིག་F་འདི་གཡར་ནས་བེད་སྤྱོད་བྱེད་ཀྱི་ཡོད་པའི་སྣང་ཚུལ་དེ་མཚོན་ཆེད་དུ་བྲིས་པ་ཡིན། དཔེར་ནཿ དབྱིན་ཚིག F=Asia, དབྱིན་ཚིག E=World, དབྱིན་ཚིག G=Universe, བོད་ཚིག་’ཆ’=འཛམ་གླིང་། བོད་ཚིག་’ཅ’=འཇིག་རྟེན། བོད་ཚིག་’ཇ’=སྲིད་གསུམ།
མ་གཞི་འདི་འདྲ་ཡང་མང་ཐག་ཆོད་ཡོད་མོད་དཔེར་བརྗོད་ལྷུ་འགྲིག་གཅིག་གིས་འཐུས་པར་བྱས་པ་ནི་འདི་རིགས་ཅུང་ཉུང་བ་གོ་ཆེད་དུ་ཡིན། འདིར་དོགས་པ་སློང་དགོས་པ་ཞིག་གམ་གསལ་བཤད་བྱེད་དགོས་པ་ཞིག་ནིཿ དབྱིན་ཚིག་Asia ལ་བོད་པས་དབྱིན་ཚིག་ Asia གཡར་མི་དགོས་པར་བོད་ཚིག་”འཛམ་གླིང”་ཞེས་པ་འདི་འཇོག་འོས། རྒྱུ་མཚན་ནི་བཤད་རྒྱུ་ཧ་ཅང་མང་མོད དབྱིན་ཚིག World གི་ཐད་དུ་བོད་ཚིག་”འཇིག་རྟེན”་འདི་འཐད་པའི་རྒྱུ་མཚན་གྱིས་ཀྱང་ཡིན། དེ་ཡང་སྔར་གྱི་བསྟན་འཆོས་མང་ཆེ་བའི་ནང་དུ་”འཇིག་རྟེན”་ཞེས་པ་འདི་སའི་གོ་ལའི་སྣོད་བཅུད་འདི་ཙམ་ལ་གོ་རྒྱུ་ཡིན་པ་ཧ་ཅང་གསལ། དེར་མ་ཟད་”འཇིག་རྟེན”་གྱི་རྒྱ་གར་སྐད་དོན་ནི་”ལོག”་ཅེས་པ་འདི་ཡིན་ཞིང་འདི་ནི་མི་ཡུལ་ལ་གོ་བ་ལས་ཉི་ཟླ་གཟའ་འཁོར་བཅས་ལ་གོ་རྒྱུ་མིན། སྔར་བོད་བཙན་པོའི་སྐབས་སུ་འཛམ་གླིང་ཟུམ་གཉིས་ས་ལ་དབང་སྒྱུར་བར་བཤད་པ་ཡང་ཨེ་ཤིཡའི་སུམ་གཉིས་ལ་དབང་སྒྱུར་བ་ཞེས་པར་འོས་པ་ལས, ཝོརལཌ་སུམ་གཉིས་ས་ལ་དབང་སྒྱུར་བར་གོ་རྒྱུ་ཡིན་ན་དྲི་ངན་འཐུལ་བའི་སྐྱག་བརྫུན་ཞིག་ཡིན་པ་རྟོགས་ཧ་ཅང་སླ། ད་དུང་འཛམ་གླིང་གི་སྒྲ་བཤད་སོགས་ལས་ཀྱང་ཤེས་ཐུབ་མོད་འདིར་ཉོག་འགྲོ་བས་བཞག།
ཡང་འདིར་མཚོན་དོན་གཞན་ཞིག་ཀྱང་ཡོད་དེ་ དེ་ཡང་གོང་བཞིན་བོད་སྐད་ལ་ཚིག་’ཆ’་ཟེར་བ་ཞིག་ཡོད་ཅིང་འདི་ཡི་ཚིག་དོན་ལ་བསམ་ཚེ་དོན་དག་ * འདི་སྟོན་ཆེད་དུ་དབྱིན་ཚིག་F་གཡར་དགོས་དོན་མེད་པར་བོད་ཚིག་’ཆ’་འདི་དེའི་ཐད་དུ་འཇོག་འོས་པ་ཡིན། འོན་ཀྱང་བོད་ཚིག་’ཆ’་འདི་དབྱིན་E་གི་ཐད་དུ་དོན་དག་ ^ ་སྟོན་ཆེད་དུ་སྔར་ནས་བཀོལ་སྤྱོད་བྱས་ཟིན་པས་བོད་ཚིག་ཆ་འདི་དབྱིན་ཚིག་F་གི་ཐད་དུ་འཇོག་དགོས་པར་གྱུར་། དེ་ལྟར་དབྱིན་ཚིག་F་གི་ཐད་དུ་ཤན་སྦྱོར་རྒྱུའི་བོད་ཚིག་ཅིག་མེད་པར་གྱུར་ནས་དོན་དག་ * ་སྟོན་པའི་ཆེད་དུ་དབྱིན་ཚིག་F་གཡར་དགོས་པའི་གནས་སྟངས་འདི་བྱུང་བ་ཡང་མཚོན་ཆོག་པ་ཡིན། དཔེར་ན་
ལྔ༽ དཔེར་མཚོན་ལྔ་བ་དང་བདུན་པར་གཟིགས། འདིར་ E = ^ = ཆ G = % = ཅ ཞེས་པ་ཞིག་བྲིས་ཡོད། འདི་ནི་གོང་དང་འབྲེལ་བ་ཡོད་པའི་མགོ་རྙོག་ཅིག་མཚོན་ཆེད་དུ་བྲིས་པ་ཡིན། དེ་ཡང་གོང་དུ་བཤད་པ་བཞིན་དབྱིན་ཚིག་E་གིས་དོན་དག་ ^ ་སྟོན་པ་ཡིན་ཞིང་དེའི་ཐད་དུ་བོད་ཚིག་ཆ་བཞག་ཡོད་པ་དང་ དབྱིན་ཚིག་G་གིས་དོན་དག་ % སྟོན་པ་ཡིན་ཞིང་འདིའི་ཐད་དུ་བོད་ཚིག་ཅ་བཞག་ཡོད། ངོ་མ་བཤད་ན་སྦྱོར་ཚུལ་འདི་གཉིས་ཀ་མི་འོས་པ་ཡིན། གང་ལགས་ཤེ་ན་དབྱིན་ཙིག་Eགི་ཐད་དུ་བོད་ཚིག་ཅ་འཇོག་འོས་ན་ཡང་དེ་ནི་དབྱིན་ཙིག་G་གི་ཐད་དུ་ཤན་སྦྱར་ཟིན་ལ་ དེ་བཞིན་དབྱིན་ཚིག་G་གི་ཐད་དུ་བོད་ཚིག་ཇ་འཇོག་འོས་པ་ཡིན་མོད་དེ་ནི་དོན་མེད་བེད་མེད་དུ་ལུས་ཡོད། དེའི་དབང་གིས་རང་ལ་འོས་བོད་ཚིག་ཅ་དེ་དབྱིན་ཚིག་E་གི་ཐད་དུ་བཞག་ན་ཇི་སྲིད་བོད་ཚིག་ཇ་ལ་བེད་སྤྱོད་མ་བཏང་བར་དུ་དབྱིན་ཙིག་G་གི་ཐད་དུ་བོད་ཚིག་མེད་པར་འགྱུར་བ་ཡིན།
དཔེར་ནཿ དབྱིན་ཚིག E=popular, དབྱིན་ཚིག G=republic, བོད་ཚིག ‘ཆ’=སྙན་གྲགས་ཅན། ཡང་ན་ གྲགས་ཅན། བོད་ཚིག ‘ཅ’=སྤྱི་མཐུན་ནམ མི་མང་སྤྱི་མཐུན། བོད་ཚིག་’ཇ’=དམངས་ཁབ་བམ འབངས་ཁབ། འདི་འདྲའི་མགོ་རྙོག་མཚོན་ཆེད་དུ་དཔེར་མཚོན་ལྔ་བ་དང་བདུན་པ་གཉིས་བྲིས་པ་ཡིན།
གསལ་བཤདཿ དཔེར་ན་ཨལཇརིཡ་(Algeria)རྒྱལ་ཁབ་ཀྱི་གཞུང་འབྲེལ་མིང་ལ་དབྱིན་སྐད་དུ་ Democratic and Popular Republic of Algeria ཞེས་འབོད། འདི་ད་ལྟའི་དབྱིན་བོད་ཤན་སྦྱོར་སྟངས་བཞིན་བོད་སྐད་དུ་སྒྱུར་ནཿ “དམངས་གཙོ་དང་སྙན་གྲགས་ཅན་གྱི་ཨལངརིཡ་མི་མང་སྤྱི་མཐུན་རྒྱལ་ཁབ” ཅེས་སུ་སྒྱུར་རྒྱུ་ཡིན་ནམ? འདིའི་སྐབས་སུ་དཀའ་ངལ་བྱུང་བ་ནིཿ དབྱིན་སྐད་ཀྱི་ popular ཞེས་པ་འདི་ “སྤྱི་མཐུན” ལ་གོ་རྒྱུ་ལས་གྲགས་ཅན་ལ་གོ་ན་འབྲེལ་བ་མེད། དབྱིན་སྐད་ཀྱི་ཚིག་republic་ཅེས་པ་འདི་ ‘‘དམངས་ཁབ’’ བམ་ ‘འབངས་ཁབ’ གང་རུང་ཞིག་ལ་འགྱུར་འོས་པ་ལས་ ‘‘སྤྱི་མཐུན’’ ལ་འགྱུར་བ་དོན་མེད། འོན་ཀྱང་དེ་ལྟར་མ་བྱས་སྟབས་popular ཞེས་པ་འདི་’’གྲགས་ཅན’’ ལས་འགྲོ་ས་མེད་པར་གྱུར་ཏེ, གཞན་དུ་ན་མིང་འདིའི་ནང་དུ་སྤྱི་མཐུན་ཞེས་པ་ལན་གཉིས་བརྗོད་དགོས་པར་འགྱུར།
ད་ལྟའི་ཆར་ དབྱིན་ཚིག E=popular = བོད་ཚིག ‘ཆ’=སྙན་གྲགས་ཅན། ཡང་ན་ གྲགས་ཅན།, དབྱིན་ཚིག G=republic = བོད་ཚིག ‘ཅ’=སྤྱི་མཐུན་ནམ མི་མང་སྤྱི་མཐུན། བཅས་སུ་གྲུབ་ཡོད་པའི་དབང་གིས་མགོ་རྙོག་འདི་འདྲ་ཞིག་འོང་དགོས་པར་གྱུར། གལ་སྲིད་དབྱིན་ཚིག་ G=republic = བོད་ཚིག་’ཇ’=དམངས་ཁབ་བམ འབངས་ཁབ། ཞེས་བསྒྱུར་ཡོད་ན་སྒྲ་དོན་གཉིས་ཐད་ནས་འགྱུར་འདི་ལས་སྤུས་དག་ཅིག་ཡོང་ཐུབ། དབྱིན་ཚིག་republic འདི་དམངས་ཁབ་ཏུ་སྒྱུར་འོས་ཚུལ་ནི་རིག་བསྒྲེས་ནས་བཤད་པ་ཡིན་སྟེ རྒྱལ་བོས་བདག་ཏུ་བཟུང་བའམ་རྒྱལ་བོས་བསྐྱངས་བའི་ཡུལ་ལ་སྔར་རྒྱལ་ཁབ་ཅེས་འབོད་པ་ཡིན་ཞིང དེས་ན་མི་དམངས་ཀྱིས་བདག་ཏུ་བཟུང་བའམ་མི་དམངས་ཀྱིས་བསྐྱངས་བའི་ཡུལ་ལ་དམངས་ཁབ་ དམག་མིས་བསྐྱངས་བའི་ཡུལ་ལ་ དམག་ཁབ་བམ་དྲག་ཁབ ཚོགས་པས་བསྐྱངས་བའི་ཡུལ་ལ་ཚོགས་ཁབ བླ་མས་བསྐྱངས་བའི་ཡུལ་ལ་བླ་ཁབ ཅེས་སོགས་སུ་ཅིའི་ཕྱིར་འགྱུར་མི་འོས། འོས་པ་མ་ཟད་དགོས་པ་ཡང་ཡིན་པར་སྙམ། ལྷག་པར་དུ་དབྱིན་ཚིག republic གི་དོན་ནི་མི་དམངས་ཀྱིས་བདག་ཏུ་བཟུང་བའི་ཡུལ་ལ་གོ་བ་ཡིན། དེས་ན་དེ་ལྟར་མགོ་དཀྲོགས་མཇུག་དཀྲོགས་མི་བྱེད་པར་དབྱིན་ཚིག་popular དང་བོད་ཚིག་སྤྱི་མཐུན་ཤན་སྦྱོར, དབྱིན་ཚིག republic དང་དམངས་ཁབ་ཤན་སྦྱར་ན་གོང་གི་མིང་དེ་འདི་ལྟར་སྒྱུར་ཆོགཿ “དམངས་གཙོ(སྲིད)་དང་མི་མང་སྤྱི་མཐུན་ཨལཇརིཡ་དམངས་ཁབ།” བམ་ཡང་ན་ “ཨལཇརིཨ་དམངས་སྲིད་མི་མང་སྤྱི་མཐུན་དམངས་ཁབ།” ཅེས་པར་སྒྱུར་ཆོག།
འདིར་དབྱིན་ཚིག་ G གི་ཐད་དུ་བོད་ཚིག་’ཅ’་བྱས་སྟབས་བོད་ཚིག་’ཇ’་བེད་མེད་དུ་ལུས་སོང་བ་ཟེར་བ་དབྱིན་ཚིག republic ལ་སྤྱི་མཐུན་བྱས་སྟབས་བོད་ཚིག་དམངས་ཁབ་བམ་འབངས་ཁབ་དེ་དགོས་མེད་དུ་གྱུར་འདུག་ཅེས་པ་ཡིན། དེ་བཞིན་དབྱིན་ཚིག་ democratic དམངས་གཙོ་བྱས་སྟབས་ ‘དམངས་སྲིད’་ལ་ལས་ཀ་མེད་པར་གྱུར་བ་ཡིན།
དྲུག༽ དཔེར་མཚོན་བརྒྱད་པར་གཟིགས། འདིར་ H = + > = ཉ / ཏ ཞེས་པ་ཞིག་བྲིས་ཡོད། འདི་ནི་དབྱིན་ཚིག་H་ལ་ནང་དོན་ + དང་ > གཉིས་ཡོད་ཅིང་བོད་ཚིག་ག་འདྲ་ཞིག་ལ་ཡང་དོན་འདི་གཉིས་སྟོན་ཐུབ་པའི་ཚིག་ཅིག་མེད་ན་ཡང་བོད་སྐད་ལ་དོན་དེ་གཉིས་རེ་རེ་ནས་སྟོན་པའི་ཚིག་ནི་ཡོད་དེ, དོན་ + སྟོན་བྱེད་ལ་བོད་ཚིག་ནི་ཉ་ཡོད་པ་དང, དོན་ > སྟོན་བྱེད་ལ་’ཏ’་ཡོད་པའི་སྣང་ཚུལ་འདི་མཚོན་ཆེད་དུ་བྲིས་པ་ཡིན། འདི་འདྲའི་སྐབས་སུ་དབྱིན་ཚིག་’ཉ’་བཞག་ན་མི་འགྲིག་ལ་ཏ་བཞག་ན་ཡང་མི་འགྲིག མ་གཞི་བོད་སྐད་དང་དབྱིན་སྐད་ཐ་དད་ཡིན་པས་དབྱིན་ཚིག་ཇི་ཡོད་ཚང་མའི་ཐད་དུ་ཆ་རྐྱེན་དེ་ག་རང་ཚང་བའི་བོད་ཚིག་རེ་ངེས་པར་དུ་ཡོད་དགོས་དོན་ཅང་མེད། འོན་ཀྱང་ཅི་སྟེ་ནམ་ཞིག་དོན་ + ་དང་ > གཉིས་ཚིག་གཅིག་གིས་སྟོན་དགོས་པའི་དུས་ཚོད་རེ་ཤར་རྒྱུ་ཡོད་སྲིད། དེ་འདྲའི་སྐབས་སུ་བོད་ཚིག་’ཉས’་མི་འགྲིག་ལ་’ཏས’་ཀྱང་མི་འགྲིག་ཏེ, ‘ཉས’་དོན་ ་དང་ གཉིས་ཀ་སྟོན་མི་ཐུབ་ལ་’ཏས’་ཀྱང་དེ་ལྟར་སྟོན་མི་ཐུབ། དེའི་ཕྱིར་སྐབས་འདི་འདྲ་ཡང་བོད་ཚིག་གིས་མ་འདང་བའི་རིགས་སུ་གཏོགས་པར་བཞག་ནས་དགོས་གལ་བྱུང་ན་བོད་ཚིག་གསར་དུ་བཟོ་དགོས་པ་ཡིན།
དཔེར་ནཿ དབྱིན་ཚིག H=find, བོད་ཚིག་ཉ་=རྙེད་པ་དང་བོད་ཚིག་ཏ=འཚོལ་བ། དེའི་ཕྱིར་དབྱིན་ཚིག་H་གི་ཐད་དུ་བོད་ཚིག་ཅིག་མེད་དེ་ བོད་སྐད་ལ་རྙེད་པ་དང་འཚོལ་བ་གཉིས་ལ་འཇུག་པའི་ཚིག་ཅིག་མེད་པས་སོ། དེའི་ཕྱིར་དབྱིན་ཚིག་H་གི་ཐད་དུ་བོད་ཚིག་གསར་བ་ཞིག་བཟོས་ན་ལེགས་ཆ་མང་། དེ་ནི་མཆན་གསུམ་པར་གསལ་བ་བཞིན་བོད་ཚིག་’ཙ’་དེ་དེ་ཡིན་ནོ།
བདུན༽ དཔེར་མཚོན་དགུ་བ་ལ་གཟིགས། འདིར་ I / J = < } = ཐ ཞེས་པ་ཞིག་བྲིས་ཡོད། འདི་ནི་གོང་གི་འདི་དང་ལྡོག་ཕྱོགས་སུ་སོང་བ་ཡིན་སྟེ དབྱིན་ཚིག་I་གི་དོན་ནི་ < ཡིན་པ་དང་ J་གི་དོན་ནི་ } ཡིན་མོད་དེ་གཉིས་ཀ་ཚིག་གཅིག་གིས་སྟོན་ཐུབ་པའི་དབྱིན་ཚིག་ཅིག་མེད་པ་ཡིན་ལ་བོད་སྐད་དུ་བོད་ཚིག་’ཐ’་འདིས་དེ་ལྟར་སྟོན་པ་ཡིན་པའི་སྣང་ཚུལ་དེ་མཚོན་ཆེད་དུ་བྲིས་པ་ཡིན། འདིར་ཐ་སྙད་ཀྱིས་མ་འདང་བ་དབྱིན་ཇི་ལ་ཡོད་པ་ལྟ་བུ་ཡིན་མོད་དེ་བཞིན་ཕྱོགས་གཞན་ནས་བསམ་ན་འདི་བོད་སྐད་ལ་ཡང་མི་འདང་བའི་རིགས་སུ་གཏོགས་པ་ཡིན། དེ་ཡང་བོད་ཚིག་’ཐ’་ནི་དོན་དེ་གཉིས་ཀ་ལ་འཇུག་ཅིང་འདི་གཉིས་ཀ་ལ་འཇུག་པའི་དབྱིན་ཚིག་ནི་གཅིག་ཀྱང་མེད་ཀྱང་ དབྱིན་ཚིག་I་ཀྱིས་ < ཁོ་ན་སྟོན་ལ, དབྱིན་ཚིག་J ཡིས་དོན་ } ་ཁོ་ན་གུད་དུ་སྟོན་པ་ཡིན། དེས་ན་བོད་ཚིག་’ཐ’་འདི་དབྱིན་ཚིག་I་དང་ཤན་སྦྱོར་མི་འོས་ལ་དབྱིན་ཚིག་J་དང་ཡང་ཤན་སྦྱོར་མི་འོས། དེའི་ཕྱིར་འདི་འདྲ་ཡང་བོད་ཚིག་གི་མི་འདང་བའི་རིགས་སུ་གཏོགས་པར་བཞག་ནས, དགོས་གལ་བྱུང་ན་དོན་ } ་ཁོ་ན་སྟོན་པའི་བོད་ཚིག་ཅིག་དང་དོན་ < ་ཁོ་ན་སྟོན་པའི་བོད་ཚིག་ཅིག་གསར་བཟོ་བྱེད་དགོས་པ་ཡིན། དེའི་རྒྱུ་མཚན་ནི་བོད་ཚིག་’ཐ’་ཡིས་དབྱིན་I་གི་གོ་ཆོད་མེད་ལ་J་གི་གོ་ཡང་ཆོད་མེད། གང་ལགས་ཤེ་ན་དོན་དག་ < ་ཁོ་ན་གུད་དུ་སྟོན་དགོས་པའི་སྐབས་སུ་བོད་ཚིག་’ཐ’་ཡིས་དེ་ལྟར་སྟོན་མི་ཐུབ་སྟེ ‘ཐ’་ཞེས་བརྗོད་སྐབས་དོན་ } ་ལ་ཡང་གོ་འགྲོ་བས་དབྱིན་ཚིག་I་གི་བྱ་བ་ཇི་བཞིན་བྱེད་མི་ཐུབ་ལ་J་གི་བྱ་བ་ཡང་བྱེད་མི་ཐུབ་པ་ཡིན།
དཔེར་ནཿ I=reason,J=markབོད་ཚིག་ཐ=རྟགས། སྤྱིར་བོད་ཚིག་རྟགས་ཞེས་པ་འདི་དབྱིན་reason་དང་mark་ཙམ་དུ་མ་ཟད་gender, sign་སོགས་མང་དག་ཅིག་ལ་འཇུག་མོད་འདིར་དཔེ་ཙམ་དུ་དྲངས་པ་ཡིན། དེ་ལྟར་རྟགས་ཞེས་པ་འདི་འདི་དག་ལ་འཇུག་ན་ཡང་དགོས་ཞིག་གི་སྐབས་སུ་འདི་དག་གཅིག་ཀྱང་གུད་དུ་སྟོན་མི་ཐུབ། དེས་དབྱིན་ཚིག་དེ་དག་གི་ཐད་དུ་བོད་ཚིག་གིས་མི་འདང་བའི་དཀའ་ངལ་ཆ་ཚང་བ་སེལ་མེད། དབྱིན་ཚིག་ reason དང་mark ་སོགས་ཀྱི་ཐད་དུ་བོད་ཚིག་རྟགས་འདི་གཅིག་བུ་མ་ཡིན་པར་བོད་ཚིག་གསར་བ་རེ་བཟོས་ཀྱང་མི་འགྲིག་པ་ག་ལ་ཡོད་ཅེས་ཞུ།
བརྒྱད༽ གཞན་ཡང་མཆན་གཉིས་པའི་ནང་དུ་’ག’་དང་’ཇ’་གཉིས་མི་གསལ་བ་དེས་ཀྱང་དོན་ཞིག་མཚོན་པ་ཡིན། བོད་ཚིག་’ག’་ཡི་ཚིག་དོན་ལ་དཔྱད་སྐབས་དེས་དོན་ ~ དེ་སྟོན་ཐུབ་པའམ་དོན་དེ་ལ་འཇུག་དགོས་མོད དོན་ ~ ་སྟོན་པར་བོད་ཚིག་’ཀ’་བེད་སྤྱོད་བྱས་སྟབས་བོད་ཚིག་’ག’་དེ་དོན་མེད་དུ་ལྷག་མར་ལུས་ཡོད། དེ་བཞིན་དོན་ * ་སྟོན་པར་བོད་པས་དབྱིན་ཚིག་F་གཡར་མི་དགོས་པར, དོན་འདི་སྟོན་པའི་ནུས་པ་ཡོངས་སུ་ཚང་བའི་བོད་ཚིག་’ཆ’་འདི་ཡོད། འོན་ཀྱང་དེ་ནི་དོན་ ^ ་འདི་སྟོན་ཆེད་དུ་དབྱིན་ཚིག་E་གི་ཐད་དུ་བཀོལ་ཟིན། དེའི་དབང་གིས་དབྱིན་ཚིག་E་གི་ཐད་དུ་འོས་ངེས་ཀྱི་བོད་ཚིག་གནས་དེ་བོད་ཚིག་’ཆ’་ཡིས་བཀག། དེ་དང་ཆབས་ཅིག་བོད་ཚིག་’ཅ’་ནི་དོན་ % ་སྟོན་ཆེད་དུ་དབྱིན་ཚིག་G་གི་ཐད་དུ་སྦྱར། དེ་ལྟར་དེར་འོས་པའི་བོད་ཚིག་’ཇ’་ནི་དེ་ལྟར་བེད་མེད་དུ་ལྷག་ཡོད། དེ་བཞིན་བོད་ཚིག་’ཀ’་ཡང་རང་སར་མི་འཇོག་པར་’ག’་ཡི་འོས་པའི་གནས་ལ་བཞག་སྟབས་’ག’་ཡི་དགོས་པ་མེད་པར་གྱུར་། དེའི་ཕྱིར་འདིར་བོད་ཚིག་’ཇ’་དང’་ག’་གཉིས་མི་གསལ་བ་ཡིན།
དགུ༽ དེ་ལྟར་ལྷག་མར་ལུས་སུ་མ་བཞག་པར་ཚིག་རང་གི་དོན་ལ་ལེགས་པར་དཔྱད་ནས་རང་རང་གི་འོས་བབས་ཡོད་པའི་དོན་ལ་ཚིག་དོན་ལེགས་པར་ཁ་སྦྱར་ནས་བཀོལ་ན་བོད་ཀྱི་ཐ་སྙད་ཀྱི་མི་འདང་བའི་སྟོང་ཆ་མང་དག་ཅིག་ཁེངས་བར་འགྱུར་བར་ཐེ་ཚོམ་མེད། མཆན་གསུམ་པར་གཟིགས། འདིར་དབྱིན་ཚིག་H་གི་དོན་ཐད་དུ་བོད་ཚིག་’ཉ’་དང་’ཏ’་ཡིས་འཐུས་པར་མ་བྱས་པར་བོད་ཚིག་’ཙ’་གསར་དུ་བཟོས་ཡོད་པ་མཐོང་ཐུབ་ལ, དེ་ནི་དབྱིན་ཚིག་H་དང་ཆ་རྐྱེན་ཡོངས་སུ་མཚུངས་བའི་བོད་ཚིག་གསར་དུ་བཟོས་པ་དེ་བྲིས་པ་ཡིན། འདི་ནི་དབྱིན་ཚིག་H་གི་ཐད་དུ་ཤན་སྦྱོར་བདེ་བླག་ཏུ་འོས་པ་ཡིིན། འདི་ལྟར་ན་བོད་ཚིག་’ཉ’་དང་’ཏ’་ནི་ལྷག་མར་གྱུར་བ་མིན་ནམ་སྙམ་ན་དེ་ཡང་ཡིན་མི་དགོས། སྐད་ཡིག་རིག་པའི་ནང་དུ་ཆད་ན་སྐྱོན་ཡོད་པ་ལས་ལྷག་ན་རྒྱས་སྤྲོས་ཡིན་པ་ལས་གནོད་པ་གང་ཡང་མེད།
དེ་བཞིན་དབྱིན་ཚིག་I་དང་J་གི་ཐད་དུ་བོད་ཚིག་’ཐ’་གཅིག་བུས་འཐུས་པར་མ་བྱས་པར་I་གི་ཐད་དུ་’ཚ’་དང་J་གི་ཐད་དུ་’ཛ’་གསར་དུ་བཟོས་ཚུལ་དེ་བྲིས་ཡོད། བོད་ཚིག་’ཐ’་ནི་གོང་བཞིན་རྒྱས་སྤྲོས་སུ་འཇོག་ཆོག། འདི་འདྲ་བའི་བྱེད་ཚུལ་དང་བཅོས་བསྒྱུར་གཞི་རྒྱ་ཆེན་པོ་ཞིག་བྱས་ན་བོད་ཀྱི་ཚིག་གིས་མི་འདང་བའི་སྟོང་ཆ་ཆེན་པོ་ཞིག་རྨེག་མེད་དུ་འགྲོ་ངེས་ཡིན་ནོ།
གཤམ་དུ་བདག་གིས་གོང་ན་བཤད་པའི་དོན་དེ་དག་གི་རྒྱབ་སྐྱོར་དུ་ཚིག་དེ་དག་གི་དོན་དག་དག་ཡིག་གཞིར་བཟུང་འགོད་རྒྱུ་ཡིན། དེ་ཡང་དབྱིན་ཇིའི་ཚིག་རྣམས་ཀྱི་དོན་དག་ནི་དབྱིན་ཇིའི་དག་ཡིག་ ཞེས་པའི་ནང་དུ་ཡོད་པའི་འགྲེལ་བཤད་རྣམས་བོད་སྒྱུར་བྱས་ཡོད། བོད་ཚིག་རྣམས་ཀྱི་ད་ལྟའི་དོན་ནི་སྤྱིར་ཚིག་རང་ལ་ཡོང་ཆོག་པའི་དོན་ལ་དཔྱད་ནས་ཚིག་འགྲེལ་བྱས་ཤིང སྔར་གྱི་གོ་དོན་ལ་བལྟ་སྐོར་བྱེད་ཆེད སྤྱི་ལོ་༡༩༠༢་ལོར་མཁས་དབང་ཟླ་བ་སྦས་ཀྱིས་བསྒྲིགས་པའི་ཚིག་གི་གཏེར་མཛོད་ཅེས་པའི་དག་ཡིག་བོད་དབྱིན་ཧིན་གསུམ་ཤན་སྦྱར་མ་དེ་ལ་ཟུར་བལྟ་བྱས་པ་ཡིན།
1. King “(ཀིང) ༡། རང་བཙན་སྲིད་གཞུང་ཞིག་ལ་དབང་སྒྱུར་བ་པོ་(ཕོ), སྤྱིའི་ཆ་ནས་གོ་ས་དེ་གདུང་རྒྱུད་ནས་ཐོབ་པ་ཡིན། ༢། བཟང་ཤོས་ཆེ་ཤོས་སོགས་ལ་འཇུག” འདིའི་ཐད་དུ་བོད་པའི་ཚིག་ནི་’རྒྱལ་པོ’ཞེས་པ་འདི་སྤྱོད།
2. Winner “(ཝིནར)་གང་ཟག་གམ་རྟ་སོགས་རྒྱལ་ཁ་ཐོབ་མཁན།”
3. Victor “(ཝིགཊོར)་དམག་དང་རྩེད་མོ་འགྲན་བསྡུར་སོགས་རྒྱལ་ཁ་ཐོབ་མཁན།”
4. Monarch “(མོརནག)་ ༡། དབང་སྒྱུར་བ་པོ་ཆེ་ཤོས།” འདིའི་ཐད་དུ་ཡང་བོད་པས་’རྒྱལ་པོ’འམ་’བཙན་པོ’གང་རུང་སྤྱོད།་
5. རྒྱལ་པོ:- ཐོག་མར་’རྒྱལ’ ཞེས་པའི་དོན་ནི་རྒྱལ་ཕམ་གཉིས་སུ་ཕྱེ་བའི་’རྒྱལ’་བ་དང་’པོ’་ནི་བདག་སྒྲ་ཡིན་པས་ཚིག་འདི་རྒྱལ་ཁ་ཐོབ་པ་པོ་ཞེས་པའི་ཚིག་བསྡུས་ཤིག་ཡིན། དེ་ཡང་ཐོག་མར་’ཀིང’་ལ་གྱུར་སྟངས་ཡང་དེ་ལྟར་ཡིན་པ་སྤྱིའི་སྲོལ་ལྟ་བུ་རེད། འོན་ཀྱང་ཚིག་འདིར་བསམ་ཚེ་དབང་སྒྱུར་བའི་དོན་ཞིག་གང་དུ་ཡང་རྙེད་མི་ཐུབ། འོན་ཀྱང་འདོད་དབང་གིས་’ཀིང’་གི་དོན་དང་བཙན་སྦྱོར་བྱས་སྟབས་ད་བར་དུ་སྐྱོན་མ་མཐོང་བ་ཡིན།
6. བཙན་པོ:- དབང་ཆེ་བ་དང་གཏུམ་དྲག་ཆེ་བ་ལ་གོ་ཤིང, འདོད་དབང་གིས་རྒྱལ་པོ་ལ་གོ་བ་ཡིན།
7. Nation “(ནེཤན) ༡། ས་ཁུལ་ངེས་ཅན་ཞིག་གི་ནང་དུ་གནས་སྡོད་བྱེད་ཅིང, གཞུང་གཅིག་གི་འོག་ཏུ་འདུ་བའི་མི་སྡེ་ཆེན་པོ, རྒྱལ་རབས་དང་སྐད་ཡིག་སོགས་གཅིག་གྱུར་ཡིན།” འདིར་ཁྱབ་མཐའ་བཅད་ན་ཅུང་ཟད་འགྱུར་བ་བྱུང་ཡོད་དེ, སྔན་ཆད་ཀྱི་དུས་སུ་’ནེཤན’་ཕན་ཚུན་གྱི་བར་མཚམས་དེ་རག་པ་ཞིག་ལས་མེད་སྟབས་དེ་ལྟར་འགྲེལ་རུང་མོད, ད་ལྟའི་སྐབས་’ནེཤན’་འགའ་རེའི་བར་མཚམས་དེ་ལྕགས་རྭ་ཞིག་གི་སྦོམ་ཕྲ་ལས་མེད་སྟབས, སྐད་ཡིག་སོགས་ཕར་ཐིམ་ཚུར་ཐིམ་བྱས་ཡོད། བོད་པས་འདིར་’རྒྱལ་ཁབ’ཅེས་ཟེར་ལ, བདག་གིས་མི་འཐད་ཚུལ་བཤད་ཀྱི་ཡོད། གཞན་ཡང་ནེཤན་དང་རྒྱལ་ཁབ་ཤན་སྦྱར་བྱས་ན་དཀའ་ངལ་གཞན་ཡོད་དེ, ‘ནེཤན་ནལིཋི’ ལ་མི་རིགས་ཟེར་བས་འདིས་གོང་འོག་ལ་གནོད་འཚེ་འབྱུང་བར་འགྱུར།
8. Nationality “(ནེཤན་ནལིཋི) ༡། ནེཤན་བྱེ་བྲག་ཅིག་གི་ཁོངས་མི།” “༢། ཆབ་སྲིད་ཀྱིས་ནེཤན་གཅིག་གི་ཆ་ཤས་འགྲུབ་པར་བྱེད་པའི་མི་རིགས།” བོད་སྐད་དུ་འདི་ལ་’མི་རིགས’་ཞེས་ཟེར་ཞིང་དེ་ལྟར་ན་འདིར’་ནེཤན’་གྱི་གོ་དོན་དབྱིན་སྐད་ལ་ཡོད་པ་བཞིན་བོད་ཚིག་འདིར་ཡོང་མི་ཐུབ། དབྱིན་སྐད་ཀྱི་Nation, Nationality, National གསུམ་འཕྲོས་ས་གཅིག་ལས་འཕྲོས་སྟབས་གཞི་རྩའི་གོ་བ་ཡང་གཅིག་ཏུ་འབབ་ཀྱི་ཡོད། གལ་སྲིད་བོད་པས་་འདི་ཡུལ་ལ་བསྒྱུར་ན་འདི་དག་རིམ་བཞིནཿ ཡུལ, ཡུལ་མི, ཡུལ་གྱི, ཞེས་སུ་འགྱུར་ཆོག་ལ་དབྱིན་སྐད་བཞིན་བོད་ཚིག་འདི་དག་ཀྱང་འཕྲོས་ས་གཅིག་ལས་འཕྲོས་པས་གཞི་རྩིའི་གོ་བ་གཅིག་ཏུ་འབབ་ཐུབ་པ་ཞིག་ཡོང་། ཡང་གལ་སྲིད་བོད་པས་’ནེཤན’་ལ་’རྒྱལ་ཁབ’་ཏུ་སྒྱུར་ན, ‘ནེཤན་ནལིཋི’་ལ་’རྒྱལ་འབངས’་ཞེས་སྒྱུར་ན་དེ་ལ་མི་རིགས་ཀྱི་གོ་དོན་གང་དུ་ཡོད། གཉིས་ནས་རྒྱལ་ཁབ་མ་ཡིན་པའི་ཡུལ་སྡེའི་འབངས་མི་ལ་རྒྱལ་འབངས་ཞེས་འབོད་ན་དེ་ལས་རིགས་པ་དང་མི་མཐུན་པ་ཞིག་གང་དུ་ཡོད།
9. Kingdom “(ཀིངཌོམ)་ ༡། རྒྱལ་པོ་འམ་རྒྱལ་མོ་(བཙུན་མོ)་གང་རུང་གིས་སྲིད་དབང་སྒྱུར་བའི་ཡུལ་ཁམས།” སྔན་ཆད་བོད་པས་’རྒྱལ་ཁབ’་ཟེར་བ་གོ་བ་འདི་དང་ཡོངས་སུ་མཐུན།
10. Monarchic State “རྒྱལ་པོའི་དབང་འོག་ཏུ་ཡོད་པའི་ཡུལ་ཁམས།” འདི་ཡང་གོང་བཞིན་ཡིན།
11. རྒྱལ་ཁབ:- སྔོན་གྱི་དུས་སུ་མི་སྡེ་ཞིག་ལ་དབང་སྒྱུར་པོ་ནི་རྒྱལ་པོ་ཡིན་ཞིང, དེའི་ཕྱིར་རྒྱལ་པོ་དེའི་མངའ་འོག་ཁྱབ་ས་ལ་’རྒྱལ་ཁབ’་ཅེས་བཏག་པ་དོན་ལ་གནས་པ་རེད། འོན་ཀྱང་ད་སྐབས་ཨ་རིའི་ཡུལ་དེ་རྒྱལ་ཁབ་ཅིག་ཡིན་ནམ? དེ་བཞིན་རྒྱ་གར, རྒྱ་ནག, རྒྱ་སེར, ཕརནསི་སོགས་ལ་ནེཤན་ཟེར་བས, བོད་སྐད་ལ་རྒྱལ་ཁབ་ཟེར་དགོས་པ་འགྲིག་གམ་ཞིབ་ཏུ་སོམས། འགྲིག་ན་སྔོན་བར་གྱི་བལ་ཡུལ, ད་ལྟའི་འབྲུག་ཡུལ, དེ་བཞིན་དབྱིན་ཡུལ, ཐའེལནཌ་སོགས་དང་ཁྱད་པར་གང་ཡང་མེད་དམ? ད་ལྟའི་པཱཀིསཐཱན་དང་འབར་མ་སོགས་འདི་ཐམས་ཅད་གཅིག་མཚུངས་ཡིན་ནམ? མིན། གོང་གི་དེ་དག་ལས་འགའ་ཞིག་ནི་’ཀིང་ཌོམ’, འགའ་ཞིག་ ’རིཔབལིག’, འགའ་ཞིག ’ཌིགཊེཊོརཤིབ’་རེད།
12. Republic “(རིཔབལིག) གཞུང་གི་དབང་ཚད་མཐོ་ཤོས་དེ་རྒྱལ་པོ་ཞིག་མིན་པར་མི་དམངས་ཀྱི་(འཐུས་མི)་འོས་ཐོན་བྱུང་བའི་སྲིད་འཛིན་ཞིག་གི་ལག་ཏུ་ཡོད་པའི་ལུགས་(ཅན་གྱི་ཡུལ་ལུང)།” གོང་གི་རིག་པ་དེད་ན་འདི་ལ་བོད་པས་’དམངས་ཁབ’ བམ་ ’འབངས་ཁབ’་བཅས་ཟེར་ཆོག་སྟེ, གཞུ་གི་དབང་ཚད་མཐོ་ཤོས་དེ་རྒྱལ་པོའི་ལག་ཏུ་ཡོད་པས་ཡུལ་ལ་’རྒྱལ་ཁབ’་ཅེས་སྔར་འབོད་ན, གཞུང་གི་དབང་ཚད་མཐོ་ཤོས་དེ་འབངས་མིའི་ལག་ཏུ་ཡོད་པའི་ཡུལ་ལ, ’འབངས་ཁབ’་ཅིའི་ཕྱིར་འབོད་མི་ཆོག། དེ་བཞིན་’དམག’, ’བླ་ཁབ’, བམ ’ཆོས་ཁབ’་སོགས, ’རྒྱལ་ཁབ’་གཅིག་བུ་མིན་པར, སྲིད་གཞུང་གི་སྒོ་ནས་བཏག་པའི་ཡུལ་གྱི་མིང་བྱེ་བྲག་པ་མང་དག་ཅིག་འབོད་ཆོག། རྣ་བར་མ་གོམས་པ་སྐྱོན་མི་ཆེའོ།
13. སྤྱི་མཐུན་རྒྱལ་ཁབ:- མ་བརྟག་མ་དཔྱད་པའི་སྐབས, People’s Republic of China ཞེས་པ་བོད་སྐད་དུ་འབྲི་སྐབས་’རྒྱལ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ’་ཅེས་ཟེར་ལོས་སུ་སོང་ཞིང, ཚིག་སྣ་རིང་བའི་སྣང་བ་ཞིག་འཆར་བཞིན་འཆར་བཞིན་སྣང་མེད་དུ་འགྲོ་བཞིན་ཡོད། དོན་དུ་བསམ་ན་རྒྱལ་ནག་དེ་’རྒྱལ་ཁབ’་ཡིན་ནམ? རྒྱལ་པོ་ཡོད་དམ? སོགས་བསམ་རྒྱུ་མང་། དེ་ལས་དོན་གནད་གཞན་ཞིག་ནི་འདི་འདྲའི་ཚིག་གི་འཇུག་ཚུལ་ལ་སྣང་མེད་ཀྱིས་དོན་ལ་བཙན་སྦྱར་བྱས་སྟབས་ཡིག་སྒྱུར་སྐབས་དཀའ་ངལ་འཕྲད་ཀྱི་འདུག། (ཕྱིའི་ཤེས་བྱ་བོད་སྒྱུར་བྱས་ནས་བོད་ཀྱི་ཤེས་རིག་གོང་འཕེལ་གཏོང་རྒྱུ་ལས, བོད་མིས་ཤེས་རིག་གི་དོན་དུ་ཕྱིའི་སྐད་ཡིག་སྦྱོང་རྒྱུའི་འཆར་གཞི་ནི་སུ་ལ་མེད་ངེས་པས་ཡིག་སྒྱུར་བྱ་བ་ནི་ཧ་ཅང་གལ་ཆེ་སྙམ།) དཔེར་ནཿ ཨཕརིཀའི་གླིང་ཆེན་གྱི་བྱང་ཁུལ་དུ་ཡོད་པའི་ཡུལ་ཨལཇེརིཡ་ཞེས་སུ་གྲགས་པ་དེའི་གཞུང་འབྲེལ་ཡུལ་མིང་ལ་”Democratic and Popular Republic of Algeria” ཞེས་ཟེར་བས་འདི་བོད་སྐད་ལ་ཇི་ལྟར་སྒྱུར? ཕལ་ཆེར་ཁྱེད་ཀྱིས་འདི་ལྟར་སྒྱུར་སྲིདཿ “དམངས་གཙོ་དང་མཚན་སྙན་ཅན་གྱི་ཨལཇར་མི་མང་སྤྱི་མཐུན་རྒྱལ་ཁབ” འོན་ཀྱང་སྐབས་འདིར་ Popular གི་དོན་ནི་རྒྱུན་ལྡན་གྱི་དོན་’མཚན་སྙན་ཅན’ ལ་གོ་རྒྱུ་ག་ལ་ཡིན་ཏེ་མིན། Popular གི་གོ་དོན་གཞན་ནི་དག་ཡིག་དེ་རང་ལས,”༢། མི་མང་སྤྱི་ཡོངས་ཀྱི་ཤེས་ཡོན་གྱི་གནས་ཚད་ལ་མཐུན་པ་དང་མྱོང་ཚོར་ལ་མཐུན་པའམ་རན་པཿ སྤྱི་མཐུན་རོལ་མོ, མི་མང་སྤྱི་ལ་མཐུན་པའི་འམ་རན་པའི་ཚགས་དཔར, མང་ཚོགས་ཀྱི་བློ་འགུག་པའི་བརྩམས་སྒྲུང, མང་ཚོགས་ལ་རན་པའི་(གོ་བདེར་བཏང་བ)་ཚན་རིག, མང་ཚོགས་ལ་རན་པའི་(དམའ་བོ)་གོང་ཚད།” ཅེས་དཔེར་བརྗོད་དང་བཅས་གསལ་ཡོད་པ་འདི་ཡིན།
རྒྱལ་ཁབ་ཀྱི་མིང་ལ་’ཕཔུལར’ ཞེས་འབོད་པ་ནི་’ཕཔུལར’་གྱི་དོན་དག་༢་པ་འདི་རང་ཡིན། དེ་མིན་ད་ལྟའི་ལུགས་ལྟར་ངོ་ཐོག་གི་གོ་བ་དང་བསྟུན་བཞིན་བསྒྱུར་ན་གོང་གི་མིང་དེ་འདི་ལྟར་བསྒྱུར་དགོས་པར་འགྱུར་སྟེ, ’དམངས་གཙོ་དང་མི་མང་སྤྱི་མཐུན་ཨལཇར་མི་མང་སྤྱི་མཐུན་རྒྱལ་ཁབ’ ཅེས་སུ་འགྱར། འདིར་’མི་མང་སྤྱི་མཐུན’ ལན་གཉིས་སླེབས་ཡོད། འདི་ནི་འགྲིག་པ་དེ་ག་ལ་ཡིན། གལ་སྲིད་’རིཔབལིག’་དེ་’མི་མང་སྤྱི་མཐུན’ མི་ཟེར་བར་’དམངས་ཁབ’ ལ་བཞག་ན་’ཕཔུལར’་གྱི་དོན་རང་གནས་སུ་འགྲོ་ཞིང, གོང་གི་མིང་དེའི་འགྱུར་འདི་འདྲ་ཞིག་འོང་སྟེ, ’དམངས་གཙོ་དང་མི་མང་སྤྱི་མཐུན་ཨལཇར་དམངས་ཁབ’་ཅེས་སམ ’དམངས་གཙོ་ཨལཇར་མི་མ་སྤྱི་མཐུན་དམངས་ཁབ’་ ཡང་ན་ ’ཨལཇར་མི་མང་སྤྱི་མཐུན་དམངས་གཙོ་འབངས་ཁབ’, ཡང་ན ’ཨལཇར་དམངས་གཙོ་མི་མང་སྤྱི་མཐུན་དམངས་ཁབ’ཅེས་སུ་འགྱུར་ཆོག། གང་ལྟར་Popular གི་ཐད་དུ་’སྙན་གྲགས་ཅན་’་དང་’མི་མང་སྤྱི་མཐུན’གང་འོས་ལ་ཐུག་ཡོད།
14. Dictatorship “(ཌིགཊེཊོརཤིབ) ༡། ཌིགཊོར་ཞིག་གིས་གཞུང་བཟུང་བའི་ཡུལ་གྲུ།” “ཌིགཊེཊོར་རང་གི་ལུང་པའི་ནང་དུ་དབང་ཆ་ཚང་མ་རང་ལག་ཏུ་ཡོད་ཅིང་དེ་ཡང་དྲག་ཐབས་ལས་ཐོབ་པ་ཡིན།” མདོར་ན་’ནེཤན’ ཟེར་བའི་ཚིག་འོག་ཏུ་འདི་ཐམས་ཅད་འདུས་ཤིང, ’རྒྱལ་ཁབ’ ཅེས་པའི་ཚིག་འོག་ཏུ་འདི་ཐམས་ཅད་ཁྱབ་ཐུབ་མིན་ཚིག་དོན་ལ་བརྟག་ནས་དགོངས་བཞེས་གནང་རྒྱུ།
15. National “(ནེཤནལ) ནེཤནགྱི, ནེཤན་གཅིག་ཧྲིལ་བོའི་ཁྱད་ཆོས་ལྡན་པའམ་དེ་ལ་གཅིག་མཐུན་ཡིན་པ།” དེ་ནས་དོན་གཉིས་པ་མིང་ཚིག་ཏུ་སྤྱད་ན, “༢། ནེཤན་བྱེ་བྲག་གཅིག་གི་འབངས་མི; ཁོ་ཨི་ཊ་ལི་ལ་ལས་ཀ་བྱེད་བཞིན་པའི་ཕརནསི་ཡི་འབངས་མི་ཞིག་རེད།” བོད་པས་འདི་ལ་’རྒྱལ་ཡོངས’་ཞེས་ཟེར།
16. རྒྱལ་ཡོངས:- ༡། རྒྱལ་ཁབ་ཡོངས་རྫོགས་ཏེ; རྒྱལ་པོ་ལྡན་པའི་ཡུལ་གྲུའི་ཁུལ་ཚང་མར་ཞེས་པར་གོ་སྲིད་ལ, ཡང་ན་རྒྱལ་ཡོངས་ཏེ, རྒྱལ་ལྡན་ཡུལ་གྲུ་གང་དེ་ཧྲིལ་བོ་ལ་གོ་རྒྱུ་ཡིན། འདིའི་དབང་དུ་བྱས་ན་’འབྲུག་རྒྱལ་ཡོངས’ཟེར་ན་འགྲིག་པ་ལས་’རྒྱ་ནག་རྒྱལ་ཡོངས’་ཟེར་ན་འགྲིག? འདི་གོམས་དྲག་པས་དཀྱུས་མའི་མི་ཞིག་གིས་’འགྲིག’་ཟེར་མི་སྲིད, ལོ་ཙ་བ་དག་ལ་འདི་རིགས་ཀྱིས་དཀའ་ངལ་ཆེན་པོ་བཟོ་བ་མ་ཟད་འདི་འདྲའི་རིགས་ཀྱིས་བོད་ཀྱི་སྐད་ཡིག་སྤྱི་ལ་གནོད་སྐྱོན་ཆེན་པོ་འཁྲིད་ཡོད། གལ་སྲིད་’ནེཤན’་གྱི་ཐད་དུ་’ཡུལ’་ལམ་’ཡུལ་སྡེ’་ཡང་ན་’སྡེ་བ’་ཞེས་པར་སྒྱུར་ཡིད་ན, ནེཤནལ་ལ་’ཡུལ་གྱི’་འམ་’སྡེ་ཡོངས’་སོགས་ལྟ་བུར་སྒྱུར་ཆོག་ལ, དེའི་ཁྱབ་འོག་ཏུ་རྒྱལ་པོ་ལྡན་མི་ལྡན་སོགས་ཡུལ་གྱི་ཆབ་སྲིད་ལམ་ལུགས་ཀྱང་བསྡུ་ཐུབ་ལ་ཚིག་སྐྱོན་ཡང་མེད།
17. སྡེ་བ:- མིང་དང་སྡེ་དཔོན་གཅིག་གི་འོག་ཏུ་འདུ་བའི་ཁྱིམ་ཚང་འདུས་ཚོགས་ཀྱི་མིང་། དེ་ལ་སྐད་ཡིག་སོགས་གཅིག་གྱུར་ལོས་ཡོད་ལ་ས་ཁུལ་ཡང་ངེས་ཅན་གཅིག་གི་ནང་དུ་འདུས་སྡོད་བྱེད། འདི་ནེཤན་གྱི་ཐད་དུ་བཞག་ན་མ་གོམས་པའི་དབང་གིས་ཆུང་དྲགས་པའི་སྣང་བ་ཞིག་འབྱུང་མོད, དེ་ལ་རྒྱུ་མཚན་མེད་དེ, སྡེ་བ་ཟེར་བ་ནི་གཞུང་གཅིག་གི་འོག་ཏུ་ཚུད་པའི་ཡུལ་ཁམས་སྤྱི་ལ་ཡང་གོ་སྟེ, དཔེར་ནཿ སྡེ་གཟར, རྒྱ་སྡེ, བོད་སྡེ, བོད་སྡེ་བ་གཞུང་སོགས་ལྟ་བུའོ། སྡེ་བའི་དོན་གཞན་ནི་འདི་སྐབས་དང་མ་འབྲེལ་བས་མི་བཤད། ནེཤན་གྱི་ཚིག་དོན་ལ་སྡུར་སྐབས་ཧ་ལམ་ཐལ་མོ་བརྡབ་པ་བཞིན་མཐུན། གལ་སྲིད་ནེཤན་གྱི་ཐད་དུ་’ཡུལ’་ཞེས་པ་འདི་བཞག་ན་ཡང་’རྒྱལ་ཁབ’་ཅེས་པ་བཞག་པ་ལས་ཧ་ཅང་བཟང་།
18. ཡུལ:- ༡། སྲིད་གཞུང་རང་བཙན་པ་ཞིག་གི་ས་ཆའི་མིང; དཔེར་ནཿ རྒྱ་ཡུལ, བོད་ཡུལ, ཟེར་བ་ལྟ་བུ། ༢། རང་སྐྱེ་སའི་ས་ཆའི་མིང་སྟེ, ཕལ་ཆེར་གྲོང་ཁྱེར་སོགས་ལས་ཐག་རིང་ས་ཞིག་ལ་གོ་བ་ཡིན། དཔེར་ནཿ རང་ཡུལ་ལ་ལོག་འགྲོ། ལྟ་བུ། ༣། རང་གི་ཁྱིམ་ལ་ཡང་གོ་སྟེ, ‘ང་ཡུལ་ལ་བསྡད་ཡོད།’་ལྟ་བུ། གལ་སྲིད་དབྱིན་ཚིག་ནེཤན་’ལུང་པ’ལ་བསྒྱུར་ན་ཡང་’རྒྱལ་ཁབ’་ལ་བསྒྱུར་བ་ལས་བཟང་བ་ཞིག་ཡོད།
19. ལུང་པ:- ༡། རང་བཙན་ཅན་གྱི་ཡུལ་ལ་ཡང་གོ་བའི་སྐབས་ཡོད་དེ, བལ་ཡུལ་ལུང་པ, རྒྱ་གར་ལུང་པ་ལྟ་བུའོ་། ༢། དབྱིན་སྐད་ཀྱི་ valley ’ཝེལི’་ཟེར་བ་ལ་ཡང་གོ་སྟེ, རི་བོ་མཐོན་པོའི་གཡས་གཡོན་ནས་བཅད་ཅིང་ཕལ་ཆེར་བར་ན་ཆུ་རྒྱུ་གིན་ཡོད་པའི་ས་ཁུལ་གྱི་མིང་། ༣། ས་བབས་ཀྱི་ཆགས་ཚུལ་བྱེ་བྲག་པ་ཡོད་པའི་ས་ཆའི་མིང་སྟེ, དཔེར་ནཿ ཤིང་ནགས་ཀྱི་ལུང་པ, བྱེ་མའི་ལུང་པ, ས་དམར་ལུང་པ, སོགས་ལྟ་བུ། ༤། འཚོ་སྡོད་པ་བྱེ་བྲག་ཅན་གྱི་ས་ཁུལ་གྱི་མིང་སྟེ, དཔེར་ནཿ སྲིན་པོའི་ལུང་པ, ཆོས་པའི་ལུང་པ, བཤན་པའི་ལུང་པ་སོགས་ཟེར་བ་ལྟ་བུའོ་། ཡང་’ལུང་པ’་ཟེར་བ་འདི་དབྱིན་སྐད་ཀྱི་ country ’ཁནཋརི’ཞེས་པའི་ཐད་དུ་ཡང་འགྲོ།
20. Country “(ཁནཋརི)་ ༡། ཆབ་སྲིད་ཀྱི་རང་བཙན་ཡུལ་གཅིག་འགྲུབ་ཐུབ་པའི་ས་ཁྱོན་ཆེན་པོ།” “༢། སྤྱིར་ཤིང་ཁ་དང་ཤིང་ནགས་སོགས་ཡོད་ཅིང གྲོང་རྡལ་དང་གྲོང་ཁྱེར་ལས་རྒྱང་དུ་ཡོད་པའི་ས་གཞི།” “༣། ས་གཞི་ཁྱོན་(ལྷག་པར་དུ་ཆགས་ཚུལ་དང་ས་བབས་རྣམ་པ་དམིགས་བསལ་ཅན)”
21. མི་རིགས:- བོད་པས་ད་ལྟ་དག་ཡིག་གསར་བསྒྲིགས་སོགས་སུ་ཁོངས་ཐུབ་འདིའི་ཐད་ཀྱི་ཕྱི་རྒྱལ་གྱི་ཚིག་ལ་བསམས་ནས་ཚིག་རང་གི་གོ་དོན་ལས་ལོགས་སུ་འགྲེལ་བཤད་གཞན་བཙན་སྦྱོར་བྱས་ཡོད་ལ, དེ་མ་དག་རྣ་གོམས་ཡང་ཡང་སོང་མོད, ངོ་ཐོག་མི་རིགས་ཞེས་པའི་དོན་ནི་དེ་འདྲ་ཞིག་བཙན་ཁྲིད་བྱེད་ཡེ་ནས་མི་འོས། དེ་ཡང་ཚིག་འདི་ནི་’མི་ཡི་རིགས’་ཏེ, དབྱིན་སྐད་ཀྱི་ Ethnic ཡང་ན་ Race ཞེས་པའི་ཐད་དུ་འགྲོ་ངེས་ཏེ, འབྲེལ་སྒྲ་བསྡུས་ནས་ཡོངས་ཁྱབ་སྤྱོད་པ་དེ་འོ། གཞན་ཡང་’མི་རིགས’ ཞེས་པ་འདི་དབྱིན་སྐད་ཀྱི་ ཚིག་དེ་གཉིས་ལ་འཇུག་པ་འོག་ཏུ་དེ་གཉིས་ཀྱི་དོན་ལས་ཤེས་ཐུབ།
22. Ethnic “(ཨེཐནིག) ༡། རིགས་གནས་གོམས་སྲོལ་གཅིག་གྱུར་ལྡན་པ་གང་ཞིག་ལ་ནེཤན་གྱི, མི་རིགས་ཀྱི, མི་ཚན,(ཋརཱཡེབ)་གི་འདུས་ཚོགས་ཤིག”ཅེས་གསལ།
23. Race “(རེས)་ལྤགས་པ་དང་གདོང་དབྱིབས་སྐྲ་ཡི་བཟོ་ལྟ་སོགས་ཀྱིས་དབྱེ་བའི་མིའི་རིགས་ཀྱི་སྡེ་ཚན་ཆེ་ཁག་དེ་དག་གི་གང་ཡང་རུང་བཿ ཁོ་ཁེ་སིན་མི་རིགས(དབྱིན་ཇིའི་མི་རིགས), སོག་གདོང་མི་རིགས, ནེག་རོ་མི་རིགས(ཨཕརིཀའི་མི་རིགས)” ཞེས་གསལ། དེའི་ན་ Race དང་ Ethnic ་ཞེས་པ་འདི་ལ་མི་རིགས་སུ་སྒྱུར་ན་ཅིའི་མི་བཟང་།
24. Tribe “(ཋརཱཡེབ) འགོ་གཙོ་གཅིག་གམ་དེ་ལས་མང་བའི་འོག་ཏུ་འདུ་ཞིང་སྐད་དང་ཆོས་ལུགས་སོགས་ཀྱིས་དམ་དུ་འབྲེལ་བའི(ལྷག་པར་དུ་འབྲོག་པ་འམ་གདོད་མའི)་མི་རིགས་ཚོགས་ཁག” ཞེས་གསལ། མདོར་ན་ནེཤན་ལ་རྒྱལ་ཁབ་ཟེར་ན་ནེཤན་ན་ལི་ཋི་ལ་རྒྱལ་འབངས་སམ, རྒྱལ་མི་འམ་གང་ལྟར་ཚིག་ཟུར་ན་རྒྱལ་ཞེས་པའི་ཐ་སྙད་ཅིག་ཡོད་དགོས་ཏེ་གོ་དོན་འགྲེ་དགོས་པས་སོ། རྣ་བ་ལང་ལ་ཤོར་ནས་གོམས་པའི་ཚིག་’རྒྱལ་ཁབ’, ‘རྒྱལ་གཅེས’ ཞེས་སོགས་ཡུལ་ཙམ་དང་ཡུལ་ལ་གཅེས་ཞེན་ལ་གོ་བ་མ་གཏོགས་རིག་འདེད་བྱས་ན་’རྒྱལ’་ཞེས་པ་འདི་རྒྱལ་པོ་ལ་གོ་ཉེན་ཡོད་ལ་དེ་ལྟར་གོ་དགོས་པ་འང་ཡིན། དཔེར་ནཿ ‘རྒྱལ་ཁྲི’, དང་’རྒྱལ་གོས’ སོགས་རྒྱལ་པོའི་ཅ་ལག་ལ་གོ་བ་ལས་ཡུལ་གྱི་ཅ་ལག་ལ་གོ་བ་ཡིན་ནམ། དཀའ་ངལ་འདི་དག་ནི་གོང་གི་རྩ་བའི་འགྱུར་དེ་ལ་ཐུག་ཡོད།
གལ་སྲིད་ནེཤན་ཞེས་པ་’སྡེ་བ’ལ་བསྒྱུར་ཡོད་ན, སྡེ་བ་ལ་རྒྱལ་པོའི་སྡེ་བ་དང་འབངས་ཀྱི་སྡེ་བ་སོགས་དབྱེ་ན་གོ་བ་ལ་མི་གནོད་པ་དང, ‘ནེཤནལ’ལ་’སྡེ་བའི’, ‘ནཤེན་ན་ལི་ཋི’་ལ་’སྡེ་འབངས’་སམ་’སྡེ་མི་སེར’(ཚིག་འདི་སྔར་ནས་དོན་འདིར་སྤྱོད་བཞིན་ཡོད)་སོགས་གང་འོས་སུ་འགྱུར་ཆོག། དེས་མི་རིགས་ཟེར་བའི་ཚིག་འདི་ནེཤན་ལ་འཇུག་དགོས་པའི་ལྕགས་སྒྲོག་ལས་ཐར་ནས་འདི་Race་དང་Ethnic་སོགས་ཀྱི་ཆེད་དུ་སྤྱོད་ཆོག་པའི་རང་དབང་ཡོད་པར་འགྱུར། དེ་མིན་བོད་ཚིག་གི་ཐོག་ནས་’natioinality’, ’race’, ‘ethnic’ རྣམས་ཁྱད་པར་མི་ཁོལ་བ་འདི་བྱུང་བ་རེད།
25. Nationalism “(ནེཤན་ན་ལི་ཟིམ) ༡། རང་ཉིད་ཀྱི་སྡེ་བ(ནེཤན) ལ་བཅིང་བའི་བརྩེ་བ, བློས་གཏོང, ལ་རྒྱ, དམ་ཚིག, འབད་བརྩོན།” “༢། ལུང་པ་གཞན་ཞིག་གི་དབང་བསྒྱུར་འོག་གནས་ནས་རང་བཙན་ལས་འགུལ་ལ་དམིགས་པའི་ལས་འགུལ།” བོད་པའི་འདིར་’རྒྱལ་གཅེས་རིང་ལུགས’་ཟེར། སྔར་’མི་སེར་རིང་ལུགས’་ཟེར་ཞིང་འདི་ནི་འགྱུར་དེ་ལས་བཟང་མོད་ད་སྐབས་ཡལ་ཟིན།
26. རྒྱལ་གཅེས་རིང་ལུགས:- རྒྱལ་པོ་གཅེས་པའི་རིང་ལུགས་ཟེར་བ་ལ་གོ་ན་ནི, ‘རོ་ཡ་ལིཟིམ’ ཟེར་བ་དང་གཅིག་པ་ཡིན་པས, ‘ནེཤན་ན་ལི་ཟིམ’ཞེས་པར་གོ་མི་ཐུབ། ‘རྒྱལ་ཁབ་གཅེས་པའི་རིང་ལུགས’་ཟེར་བ་ལ་གོ་རྒྱུ་ནི་སྐབས་འདིའི་ཞེ་འདོད་ཡིན་ཞིང, གལ་སྲིད་དེ་ལ་གོ་ན, ཕལ་ཆེར་’monarchism’ (མོནརཁིཟིམ)་ཟེར་བར་གཙོ་བོ་གོ་བ་ལས་’republic’་སོགས་ཚུད་པའི་’ནེཤན་ན་ལིཟིམ’་ཟེར་བར་གོ་མི་ཐུབ། ཅི་སྟེ་ད་སྐབས་མ་བརྟག་པའི་ངོར་གོ་བ་ཡོད་རུང, དེ་ལ་སྙིང་པོ་ཅི་ཡང་མེད་དེ, སྤྱིར་དེ་ལྟར་གོ་བ་བཙན་སྦྱར་བྱས་པས་ཚིག་དོན་གཞན་ལ་གནོད་པ་དང, གཉིས་ནས་དེ་ལྟར་གོ་བར་རིགས་པའི་རྒྱབ་རྟེན་མེད་པའི་ཕྱིར་རོ། ལར་ནས་འདི་ཐམས་ཅད་རྗེས་གྲུབ་ཀྱི་ཐ་སྙད་ཡིན་པའི་དབང་གིས་ཡིན། གལ་སྲིད་རྗེས་གྲུབ་ཀྱི་ཐ་སྙད་ཅིག་ཡིན་ཕྱིན་ཐོག་མའི་བཟོ་བ་པོ་འམ་སྒྱུར་བ་པོ་དེ་ཐམས་ཅད་མཁྱེན་པ་མ་ཡིན་སྟབས, སྔ་ཕྱི་གང་དུ་ཡང་སྐྱོན་མེད་པ་ཞིག་བཟོ་མི་གཏུབ། དེའི་ཕྱིར་རྗེས་གྲུབ་ཀྱི་ཐ་སྙད་ནི་ཐོག་མའི་གོ་བ་སྐྱེད་པར་ཕན་པས་གལ་ཆེ་མོད, དེ་ལ་འདོད་རྒྱལ་ཐ་སྙད་ཀྱི་རྗེ་ལེན་ཞིག་མེད་ཚེ, བོད་སྐད་ལྟ་བུ་ཚད་ལྡན་གྱི་དག་ཅིག་གི་གཞི་ཡོངས་སུ་བརྟན་པོར་ཚུགས་མེད་པའི་སྐད་ཡིག་ཅིག་ལ་འདི་འདྲའི་དཀའ་ངལ་ཟམ་མི་ཆད་པ་ཞིག་ཡོང་རྒྱུ་ཡིན་པར་སྙམ་མོ། ཡང་ན་ཧ་ཅང་ཚད་ལྡན་གྱི་དག་ཡིག་གི་གཞི་བརྟན་པོར་ཚུགས་པ་ཞིག་དགོས། བོད་ལ་དེ་འདྲ་ཞིག་ད་དུང་མེད་པ་ནི་གཏིང་ཟབ་པའི་ཤེས་རིག་གིས་ཕྱུག་པའི་མི་རིགས་འདིའི་ངོ་གནོང་དགོས་པའི་དོན་ཞིག་ཀྱང་རེད།
27. Nationalist “(ནེཤན་ནལིསིཋ) ༡། ནེཤན་ན་ལི་ཟིམ་ལ་རྒྱབ་སྐྱོར་ཡོད་མཁན།” བོད་པས་འདིར་’རྒྱལ་གཅེས་རིང་ལུགས་པ’་ཟེར། སྔར་མི་སེར་རིང་ལུགས་པ་ཟེར་གྱི་ཡོད་འདུག་མོད་དེ་ནི་ད་སྐབས་གོང་བཞིན་ཡལ་ཟིན།
28. རྒྱལ་གཅེས་རིང་ལུགས་པཿ ‘རྒྱལ་པོ་གཅེས་པའི་རིང་ལུགས་པ’་ཟེར་བར་གོ་ན་ནི, ‘ནེཤནལིསིཋ’་ལ་གོ་མི་ཐུབ་པར་’རོཡལལིསིཋ’་གོ་འགྲོ། ‘རྒྱལ་ཁབ་གཅེས་པའི་རིང་ལུགས་པ’ཟེར་བར་ལ་གོ་ན་ནི, ‘ནེཤནནལིསིཋ’་ལ་མི་གོ་བར་’མོནརཁིསིཋ’་ལ་གོ་འགྲོ་བ་ཡིན། དེས་ན་གལ་སྲིད་ཚིག་དེ་’ནེཤནལིསིཋ’་ལ་བཙན་གྱིས་སྦྱར་བ་ཡིན་ན་ ’རོཡལལིསིཋ’་དང་’མོནརཁིསིཋ’་གཉིས་ལ་འཇོག་རྒྱུའི་ཚིག་བཟང་ཤོས་དེ་གཞན་དུ་ཤོར་ཟིན་པས་གང་ཡང་ལུས་མེད།
29. Royalist “(རོཡལིསིཋ) གཞུང་གི་ལམ་ལུགས་དེ་རྒྱལ་པོའི་ལམ་ལུགས་སུ་ལེགས་པར་བརྩི་མཁན་གྱི་གང་ཟག”་ཅེས་གསལ། འདི་འདྲ་ལ་རྒྱལ་གཅེས་རིང་ལུགས་པ་ཅི་འདྲ་མི་འོས་སམ།
30. Monarchist “(མོནརཁིསིཋ) ཡུལ་གང་ཞིག་ལ་དབང་སྒྱུར་རྒྱལ་པོས་བྱེད་དགོས་པར་ཡིད་ཆས་བྱེད་མཁན་གྱི་གང་ཟག”་ཅེས་གསལ། འདི་ལ་རྒྱལ་གཅེས་པ་ཅིའི་མི་འོས། གཞན་ཡང་’ནེཤན’་གྱི་ཚིག་ལ་འབྲེལ་བ་ལྡན་པའི་ཚིག་ནི་’ནེཊིབ’་དང་དེ་འདྲའི་འབྲེལ་བ་མི་ལྡན་པའི་ཚིག་’ནེཊིབ’་གཉིས་ཀྱི་ཚིག་དོན་ལ་ཡང་བསམ་པར་བྱ།
31. Native “(ནེཊིབ) ༡། ཡུལ་དང་ས་ཆ་གང་ཞིག་གི་ནང་དུ་སྐྱེས་ཤིང་ས་གནས་དེ་དང་སྐྱེས་ཐོབ་ཀྱིས་འབྲེལ་བའི་མིཿ ལོནཌོན་གྱི་ནེཊིབ, ཀེནཉ་ཡི་ནེཊིབ, ཨོསིཊེརེ་ལི་ཡ་ཡི་ནེཊིབ, ཨ་རིའི་ནེཝིབ” “༢། ཕྱི་ལོགས་ནས་ཡོང་བའི་མི་རིགས་མ་ཡིན་པར་ས་གནས་སུ་སྡོད་པའི་མི་སྡེ, ཕྱི་ནས་འོང་བའི་མི་དེ་ཚོས་གནས་སྡོད་མི་དེ་ཚོས་གནས་སྡོད་མི་དེ་ཚོ་ཡར་རྒྱས་མེད་པར་ཆ་འཇོག་བྱེད།” བོད་པས་འདིར་’ཡུལ་བདག་མི་རིགས’་ཞེས་ཟེར། དེ་ལྟར་ན་ཨ་རིའི་སྲིད་འཛིན་བྷིལ་ཁིལིནཊིན་ཡུལ་བདག་མི་ཡིན་ནམ་མིན། ནེཊིབ་མ་ཡིན་སྟབས་ཨ་རིའི་ཡུལ་བདག་མི་མ་ཡིན་ཟེར་རམ།
32. Citizen “(སིཋིཟིན) ༡། ཡུལ་ལུང་གང་ཞིག་གི་ཁོངས་མིའི་ཐོབ་ཐང་ཆ་ཚང་ལྡན་པའི་གང་ཟག, ཐོབ་ཐང་དེ་སྐྱེས་ཐོབ་དང་གནང་སྦྱིན་གཉིས་ཀ་ཡོང་ཆོག” བོད་པས་འདིར་’མི་སེར’, ‘’འབངས’, ’ཡུལ་མི’, སོགས་ངེས་མེད་དུ་སྤྱོད། ཡང་ཨ་རིའི་སྲིད་འཛིན་བྷིལཁིལིནཊིན་ཨ་རིའི་’མི་སེར’ ‘འབངས’ ‘ཡུལ་མི’་སོགས་ཡིན་མིན་དཔྱད་དགོས་ཏེ, དེ་དག་གི་དོན་ནི་འོག་ཏུ་འདི་ལྟར་ཡིན་དགོས་པས་སོ།
33. མི་སེརཿ རྒྱལ་ཁབ་ཅིག་གི་དཔོན་རིགས་ལས་གཞན་པའི་མི་ལ་གོ་ལ, གོང་གསལ་དབྱིན་བོད་ཤན་སྦྱར་དག་ཡིག་ནང་དུ་འགྲེལ་བཤད་འདི་ལྟར་གསལཿ “མི་སེརཿ mi-ser=འབངས com. Term for: agricultural tenants, husbandmen with lands held subject to payments but from which they are non-eject able” ཞེས་གསལ་འདུག་པས་དེ་ནི་བོད་ཀྱི་ཞིང་བྲན་མཚན་ཉིད་དང་ལྡན་པ་ཞིག་ཡིན། དེ་བས་ཀྱང་དཔོན་རིགས་ལ་གོ་རྒྱུ་མིན་པ་ཐག་གིས་ཆོད།
34. འབངསཿ སྔར་ས་བདག་དང་དགོན་པ, བླ་མ་སོགས་ཀྱིས་བདག་ཏུ་དབང་བའི་མི་སེར་ལ་འབངས་ཟེར། དུས་ཀྱི་དབང་གིས་གོ་བ་དེ་ཁྱབ་ཆེ་རུ་སོང་ནས་ད་ལྟའི་སྐབས་སུ, ཚིག་འདིས་མེཁལ་ཇགསོན་འབངས་ཡིན་མོད་ནེཊིབ་མིན་ཐག་མི་ཆོད་ལ, རང་རེའི་ཀླད་པར་ད་དུང་འབངས་ཁབ, དམངས་སྲིད, དམངས་གཞུང, སོགས་ཀྱི་གོ་བ་ཟབ་མོ་མེད་སྟབས, ཁིལན་ཊོན་འབངས་མི་ཡིན་མིན་ཀྱང་གོ་བ་རྙེད་མི་ཐུབ།
35. Cast “(ཁཱསིཋ) བྲམ་ཟེ་རིགས, རྒྱལ་རིགས, རྗེ་རིགས, དམངས་རིགས, བཅས་ཀྱི་རིགས་ལ་གོ་བས་ན་འདི་ཡང་བོད་ཚིག་’རིགས’་ཅེས་པའི་ཚིགས་འདིས་སྟོན་དགོས་པ་ཡིན།”
དེ་ལྟར་ཁོ་བོས་བོད་ཀྱི་བརྡ་སྤྲོད་ཀྱི་འཇུག་ཚུལ་ལ་དབྱེ་ཞིབ་བྱས་པ་རེ་གཉིས་ཤིག་ལས, གཞན་མང་ཆེ་བ་ཚིག་རང་གིས་དོན་གང་སྟོན་ཐུབ་པ་སྣང་མེད་བྱས་ནས་སྦྱར་སྟབས་’འབངས’, ‘དམངས’, ‘མི་སེར’ སོགས་ཚིག་འགའ་རེ་ལ་ནང་དུ་དོན་དག་གཅིག་ལས་མེད་སྟབས་ལྷག་པ་(དོན་དུ་ལྷག་པའི་སྐྱོན་མེད)་དང, ཡང་’རིགས’, ’རྟགས’, ’ས’་སོགས་ཆེས་མང་པོ་ཞིག་གི་ཐོག་ཏུ་དོན་ལྔ་དྲུག་ལས་མང་བ་སྤུངས་ནས་ཡོད་སྟབས, འབེན་ངེས་གཏན་མེད་པའི་མདའ་བཞིན་ཡུལ་ལ་ཕོགས་མི་ཐུབ་པའི་སྐྱོན་ཆ་ལྡན་པའི་ཚིག་ཆད་པ་སྟེ མདོར་ན་རང་རེའི་བོད་ཀྱི་ཐ་སྙད་ཀྱི་ནང་དུ་ཆད་ལྷག་གང་རུང་དུ་གྱུར་བའི་སྐྱོན་མང་དུ་ཡོད་དོ།

མཆན་དང་པོ། ད་སྐབས་དབྱིན་བོད་ཀྱི་ཚིག་སོ་སོར་བཞག་ནས་དེ་དག་རང་གི་ནང་དོན་དང་ལྷན་དུ་བཞག་ནས་བཤིབ་ཡོད།
(འདིེར་དཔེར་མཚོན་གྱི་ལམ་ནས་ཁོ་བོའི་བརྗོད་འདོད་ལ་གོ་བ་ལོན་ཆེད་དུ, A སོགས་དབྱིན་ཚིག་རེ་ཡིན་པ་དང, ཀ་སོགས་བོད་ཚིག་རེ་ཡིན་པ, # སོགས་གཟུགས་བརྙན་རྣམས་དོན་དག་རེ་ཡིན་པའི་དམིགས་པ་མཛད་རྒྱུ)
དཔེར་མཚོན། དབྱིན་ཚིག དོན་དག བོད་ཚིག (མཚོན་བྱེད་སོ་སོ་གཞི་ལ་སྦྱར་ནས་དཔེ་སྟོན་པ།)
1. A = # ཀ =་་་་་་་་་་་་་་(A=kingdom ཀ=རྒྱལ་ཁབ།)
2. B = ! ཁ = ! (B=country, ཁ=ཕ་ཡུལ།།)
3. C = ~ ག = (C=nation, ག=
4. D = @ ང = & (D=civilization, ང=དཔལ་ཡོན།)
5. E = ^ ཅ = (E=world, ཅ=འཇིག་རྟེན།)
6. F = * ཆ = * (F=Asia, ཆ=འཛམ་གླིང་།)
7. G = % ཇ = (G=universe, ཇ=
8. H = + / ཉ = (H=find, ཉ=བཙལ་བ། )
9 ཏ = > (ཏ=རྙེད་པ།)
10. I = < ཐ = < } (I=reason,J=mark ཐ=རྟགས)
11. J =
}


མཆན་གཉིས་པ། ད་སྐབས་དབྱིན་བོད་ཀྱི་ཚིག་ཕན་ཚུན་དོན་དག་དང་ལྷན་དུ་དངོས་སོ་ཤན་སྦྱར་ནས་བསྡུར་ཏེ, བོད་ཚིག་གིས་འདང་མ་འདང, མ་འདང་ན་ཇི་ལྟར་མ་འདང་བའི་རྒྱུ་རྐྱེན་བཅས་མངོན་སུམ་དུ་སྟོན་པ། (འདིེར་ཡང་དཔེར་མཚོན་གྱི་ལམ་ནས་ཁོ་བོའི་བརྗོད་འདོད་ལ་གོ་བ་ལོན་ཆེད་དུ, A སོགས་དབྱིན་ཚིག་རེ་ཡིན་པ་དང, ཀ་སོགས་བོད་ཚིག་རེ་ཡིན་པ, # སོགས་གཟུགས་བརྙན་རྣམས་དོན་དག་རེ་ཡིན་པའི་དམིགས་པ་མཛད་རྒྱུ)

དཔེར་མཚོན། དབྱིན་ཚིག དོན་དག བོད་ཚིག (མཚོན་བྱེད་སོ་སོ་གཞི་ལ་སྦྱར་ནས་དཔེ་སྟོན་པ།)
1. A = # = ་་་་་་་་་་་ ། (A=kingdom ་་་་་་་་་་་་་།)
2. B = ! = ཁ ། (B=country, ཁ=ཕ་ཡུལ།།)
3. C = ~ = ཀ ། (C=nation, ཀ=རྒྱལ་ཁབ།)
4. D = @ & = ང ། (D=civilization, ང=དཔལ་ཡོན།)
5. E = ^ = ཆ ། (E=world, ཆ=འཛམ་གླིང་།)
6. F = * = F ། (F=Asia, F=Asia)
7. G = % = ཅ ། (G=universe, ཅ=འཇིག་རྟེན།)
8. H = + / = ཉ / ཏ ། (H=find, ཉ=བཙལ་བ། ཏ=རྙེད་པ།)
9. I / J = / = < } ཐ། (I=reason,J=mark ཐ=རྟགས)


མཆན་གསུམ་པ། བོད་ཚིག་མང་པོ་ཞིག་གི་ཚིག་དོན་ལ་དཔྱད་ནས་དངོས་གནས་ཀྱི་ཤན་སྦྱོར་བྱེད་འོས་པ་ཇི་ལྟར་ཡོད་པ་དང་དེ་ལྟར་བྱས་ན་ད་སྐབས་བོད་ཚིག་གིས་མི་འདང་བའི་སྟོང་ཆ་མང་པོ་ཞིག་ཇི་ལྟར་ཁེངས་བར་འགྱུར་ཚུལ་མངོན་སུམ་དུ་སྟོན་པ། (འདིེར་ཡང་དཔེར་མཚོན་གྱི་ལམ་ནས་ཁོ་བོའི་བརྗོད་འདོད་ལ་གོ་བ་ལོན་ཆེད་དུ, A སོགས་དབྱིན་ཚིག་རེ་ཡིན་པ་དང, ཀ་སོགས་བོད་ཚིག་རེ་ཡིན་པ, # སོགས་གཟུགས་བརྙན་རྣམས་དོན་དག་རེ་ཡིན་པའི་དམིགས་པ་མཛད་རྒྱུ)
དབྱིན་ཚིག དོན་དག བོད་ཚིག (མཚོན་བྱེད་སོ་སོ་གཞི་ལ་སྦྱར་ནས་དཔེ་སྟོན་པ།)
A = # = ཀ།། (A=kingdom ཀ= རྒྱལ་ཁབ།)
B = ! = ཁ ། (B=country, ཁ=ཕ་ཡུལ།།)
C = ~ = ག ། (C=nation, ག=ཡུལ།)
D = @ & = ང ། (D=civilization, ང=དཔལ་ཡོན།)
E = ^ = ཅ ། (E=world, ཅ=འཇིག་རྟེན།)
F = * = ཆ ། (F=Asia, ཆ=འཛམ་གླིང་།)
G = % = ཇ ། (G=universe, ཇ=
H = + /> = ཉ/ཏ ཙ ། (H=find, ཉ=བཙལ་བ། ཏ=རྙེད་པ།)
I = < = ཐ ཚ ། (I=reason, ཐ=རྟགས)
J = }= ཐ ཛ ། J=mark ཐ=རྟགས)
ཆེད་རྩོམ་འདི་ཕྱི་ལོ་༡༩༩༨་ཙམ་ལ་བྲིས་ཤིང་ད་ལྟ་སྨོན་ལམ་བོད་ཡིག་གསུམ་པའི་ཐོག་ཏུ་སྐྱར་དུ་བཏག་ནས་སྤེལ།

2010/07/18

ངའི་རང་ཡུལ་ལ་རྒྱང་དྲན་བྱེད་པ།





ངའི་རང་ཡུལ་ལ་རྒྱང་དྲན་བྱེད།

ལས་དབང་གིས་དེད་པའི་བདག་གི་རྣམ་ཤེས།
འཇིག་རྟེན་ལ་ཐོག་མར་འཕོ་དུས།
རྫ་ཆུ་ཁྱེད་ཀྱི་ངོགས་སུ་ལྷུང།

བདག་གི་ལྕེ་རྩེ་ལ་མྱངས་བའི་།
བཟའ་བཏུང་གི་བྲོ་བ་ཐོག་མ།
རྫ་ཆུ་ཁྱེད་ཀྱི་ཆ་ཤས་ཁྱོར་གང།

ངའི་འཇིག་རྟེན་གྱི་བར་སྣང་ཁམས་འདིར།
ངུ་ངག་གི་འབོད་པ་དང་པོ།
རྫ་ཆུ་ཁྱེད་ཀྱི་མཁའ་དབུགས་ནས་འཕངས།

བདག་གི་རྣ་ཟུང་གི་གཉན་བྱ་ཐོག་མ།
རྫ་ཆུ་ཁྱེད་ཀྱི་འུར་སྒྲ་དང་ཤག་སྒྲ།

བདག་གི་མིག་ཟུང་གི་སྲུབ་ཁ དང་པོ་འབྱེད་དུས།
རྫ་ཆུ་ཁྱེད་ཀྱི་ཁ་སྔོ་ཤར་ཤར།

བདག་གི་སྨྲ་བརྗོད་ཀྱི་ངག་གཏམ་ཐོག་མ།
རྫ་ཆུ། རྫ་ཆུ། རྫ་ཆུ། རྫ་ཆུ། རྫ་ཆུ། རྫ་ཆུ།

ཁོ་བོའི་སྙོམ་ལག་གི་རྩེད་འཇོ་ཐོག་མ།
རྫ་ཆུ་ཁྱེད་ལ་བརྒལ་ཞིང་བརྐྱལ།

བདག་གི་བརྩེ་དུང་གི་ནང་གཏམ་ཐོག་མ།
རྫ་ཆུ་སྔོན་མོ་ཁྱེད་ལ་བཤད།

བདག་གི་མི་ཚེའི་རྒྱུན་ཐག་ལ།
ལོ་ཟླའི་ཕྲེང་རྡོག་ཐོག་མ།
རྫ་ཆུ་ཁྱེད་ཀྱི་བཞུར་རྒྱུན་དང་འདྲེས་ནས་བརྒྱུས།

བདག་གི་རྐང་ཟུང་གི་གོམ་ཁ་ཐོག་མ།
རྫ་ཆུ་ཁྱེད་ཀྱི་ཕྱོགས་སུ་གྱོག།།

བདག་གི་ཤེས་རིག་གི་སློབ་སྦྱོང་ཐོག་མ།
རྫ་ཆུ་ཁྱེད་ཀྱི་མཚར་སྒྲུང་ལ་རྗེས་ཟློས་བྱས།

ངས་སྤྲོ་སྐྱིད་ཀྱི་དུ་བ་སྔོན་མོ།
རྫ་ཆུ་ཁྱེད་ཀྱི་གྲམ་སྒང་ནས་བཏང།

བདག་གི་འཇིག་རྟེན་ལ་བསམ་གཞིགས་ཐོག་མ།
རྫ་ཆུ་ཁྱེད་ཀྱི་ལས་དབང་ལ་གཞིགས།

བདག་གི་མི་ཚེ་ཡི་སྐྱོ་གདུང་ཐོག་མ།
གྱེས་གཏམ་གྱི་རོལ་མོ་རིང་མོ།
རྫ་ཆུ་ཁྱེད་ཀྱི་དབྱངས་དང་བསྡོངས་ནས་བསྒྲགས།

གཉེན་མེད་ཀྱི་ས་མཐའ་སྐྱ་མོར།
ཡུལ་དྲན་གྱི་སྐྱོ་གདུང་ཐོག་མ།
དྭངས་བསིལ་རྫ་ཆུ་ཁྱེད་ལ་ཡང་ཡང་དྲན།

བདག་གི་ས་མཐའ་ཡི་ཡིད་དུ་བརྣག་པའི་རེ་འདོད་མཐའ་མ།
རྫ་ཆུ་ཁྱེད་དང་ལྷན་འཛོམས་ཀྱི་ཉིན་མོ་དེ་ཁོ་ནའོ།

ཕྱི་ལོ་༡༩༩༨་ལོར་མེའོ་ནས་བྲིས།

ལྗིད་མི་ཐེག་པའི་བོད་ཀྱི་ཐ་སྙད་འགའ་།

ཁོ་བོས་རྩོམ་འབྲི་ཐར་ཐོར་རེ་བྱེད་པའི་རྒྱུད་རིམ་ནང་། བོད་ཀྱི་ཚིག་རེ་ཟུང་ནི་རང་རྐྱ་མི་འཕེར་བའི་རྒན་པོ་འཁར་རྒྱུག་ཐོགས་པ་འདྲ་བར་མཐོང་ལ། ཡང་བོད་ཀྱི་ཚིག་རེ་ཟུང་ནི་ཁུར་བོ་མི་ཐེག་པའི་བྱེ་མའི་འབུར་ཐོ་དང་འདྲ་བར་མཐོང་།
སྤྱི་དོན་གཅིག་མིང་གི་རྣམ་གྲངས་དང་མིང་གཅིག་དོན་གྱི་རྣམ་གྲངས་འདི་སྐད་ཡིག་གི་སྒྱུ་རྩལ་གྱི་བྱ་བའི་ནང་དུ་རིན་ཐང་ཆེ་བའི་དངོས་པོ་ཞིག་རེད། མིང་གཅིག་དོན་དུ་མར་འཇུག་ན་གབ་ཚིག་དང་རྒྱུད་ནས་རྗོད་པའི་ཐབས་ལ་ཕན་ལ། དོན་གཅིག་ལ་མིང་དུ་མ་ཡོད་ན་རྗོད་བྱེད་སྙན་ཆ་འབེབས་པར་ཕན། འོན་ཀྱང་འདི་ལ་ཡང་ལུགས་ཤིག་ཡོད་དགོས་པ་ལས་དེ་མིན་དགེ་སྐྱོན་གྱི་ཡང་ལྗིད་འཁྲུག་པའི་ཉེན་ཁ་ཡོད་པར་སྣང་། ལུགས་དང་མཐུན་པའི་ལམ་ཞིག་མེད་ན་མིང་གཅིག་དོན་དུ་མར་འཇུག་པའི་ཚིག་འགའ་ཞིག་ནི་དོན་མང་སྟོན་རྒྱུ་ཕར་ཞོག་དེ་དག་རང་སྟོབས་ཀྱིས་དོན་གཅིག་ཀྱང་སྟོན་མི་ཐུབ། ཚིག་འདི་དག་ལ་དོན་རྦད་དེ་མི་འདྲ་བ་བཅུ་གྲངས་རེ་འདྲེན་རྒྱུ་ཡོད་ན་ཡང་གོ་བ་གཏིང་ནས་ལེན་སྐབས་དོན་གཅིག་རང་དུ་གནས་ཡོད། ཚིག་འདི་དག་ངོ་མ་བཤད་ན་དོན་ཧ་ཅང་ཟབ་མོ་ཡོད་པའི་ཚིག་དག་ཡིན་པས་འདི་དག་ལ་གཏིང་མི་དཔོག་པའི་བོད་ཀྱི་ཐ་སྙད་འགའ་ཞེས་འབོད་འོས་པ་ཡིན།
ད་ལྟ་རང་གི་རྒྱུན་དུ་རང་གི་བསམ་ངོར་དོན་སྟོན་མི་ཐུབ་པའི་དོན་མང་ལྡན་པའི་ཐ་སྙད་ལྔ་འདིར་བགྲང་གི་ཡིན། དེ་དག་ནིཿ རིགས, རྟགས, ཁམས, འཁོར་ལོ, ཆུ་ཚོད, སྐར་མ, བཅས་ཡིན། ཚིག་འདི་དག་ལ་དོན་མི་འདྲ་བ་བཅུ་གྲངས་རེ་ཡོད་པས་དོན་བྱེ་བྲག་གང་དུ་ཡང་གོ་བ་ཁ་གསལ་མི་ཐུབ། དེའི་ཕྱིར་མཐར་གཏུག་ན་ཚིག་དེ་དག་རང་རྐྱ་བས་དོན་གང་ཡང་སྟོན་མི་ཐུབ་པ་ལྟ་བུར་གྱུར་ཡོད། གཅིག་བསམ་ན་ཚིག་དེ་དོན་དེ་སྙེད་ཅིག་ལ་འཇུག་པས་ཧ་ཅང་གཏིང་ཟབ་པའི་ཚིག་དག་ཡིན་པར་འཇོག་ཆོག་མོད། ཡང་གཅིག་བསམ་ན་ཚིག་དེ་དག་གིས་དོན་བྱེ་བྲག་པ་གང་ཡང་སྟོན་མི་ཐུབ་པས་ཆུ་བོའི་ཁ་ཡི་ལྦུ་བ་ཇི་བཞིན་འཇུག་ཡུལ་གཏན་ནས་མེད་པའི་ཚིག་དག་ཡིན་པར་ཡང་འགྱུར། དེས་ན་དེ་དག་གི་དོན་ལ་ཨང་རིམ་གྱིས་ངེས་གཏན་བཟོ་དགོས་པ་འམ་ཡང་དོན་གཙོ་བོ་དེ་ངེས་གཏན་བྱེད་དགོས་ཀྱི་འདུག་སྙམ།
དང་པོ་ “རིགས”་ཞེས་པའི་ཚིག་འདིཿ ཁྱད་ཆོས་གཅིག་པའི་ཚན་པ, རྒྱུ་མཚན, འོས་པ, སྐྱེས་ཁམས་ཀྱི་རྡུལ་རྫས་ཤིག, ཁམས་བདེ་བཤེགས་སྙིང་པོ་འམ་བག་ཆག, ཁྱིམ་གྱི་རུས, མི་རིགས, སྐྱེ་ཁུངས, སོགས་སྟོན་བྱེད་ལ་བཀོལ་བ་ཡིན། དེ་དག་རིམ་བཞིན་དབྱིན་སྐད་དུཿ character, reason, ought to, gene, Buddha seed or Tathagath essence, ancestry, race or ethnic, origin, ཅེས་སུ་འགྱུར་སྙམ། བོད་ཚིག་འདི་དག་ནི་གོ་བ་གཅིག་ལས་འཕྲོས་པ་ཡིན་པས་དོན་དུ་‘རིགས’་ཞེས་པའི་ཚིག་འདི་གཏིང་ཟབ་ཤོས་གཉིས་པ་དེ་ཡིན་པར་སྙམ། འོནཀྱང་ང་དང་ང་ལྟ་བུ་གནས་ལུགས་དེ་མ་ཤེས་པའི་མི་དག་ལ་ཚིག་འདི་ཧ་ལམ་དོན་བྱེད་མི་ནུས་པའི་ཚིག་ཅིག་ཏུ་མཐོང་སྟེ། ཚིག་འདི་རང་རྐྱ་བས་དོན་འདི་དག་གཅིག་ཀྱང་སྟོན་མི་ཐུབ་པས་སོ། ཡང་གཅིག་བཤད་ན་ཚིག་འདིས་དོན་འདི་དག་གི་གང་ཡང་གསལ་ཁ་འབྱེད་མི་ནུས་པས་སོ།
དཔེར་ནཿ རིགས་ཞེས་པའི་དོན་གང་རེད། ཅེས་དྲིས་ན་ནང་དོན་ཁ་གསལ་མེད་པ་བསམ་ཤེས་བྱེད་ཐུབ་པར་ཆ་ཞོག འོན་ཀྱང་དེ་ལ་རོགས་པ་རྒྱབས་ནས་ གནས་སྐབས་འདིར་རིགས་ཀྱི་སྐོར་མི་གླེང་། ཞེས་བཤད་ན་ཡང་དོན་གསལ་དུ་སོང་མེད། ད་དུང་དེ་ལས་གསལ་དུ་བཏང་ནས་ ཁྱོད་ཀྱི་རིགས་ཀྱི་འབྱུང་ཁུངས་གང་ཡིན་ནམ། ཞེས་པའི་དྲི་བ་འདི་ལ་ཡང་ད་དུང་གསལ་མེད། ད་དུང་དེ་ལས་ཀྱང་ཐུ་བ་ ཁྱོད་ཀྱི་ཁྱིམ་གྱི་རིགས་ཀྱི་འབྱུང་ཁུངས་གང་ཡིན་ནམ། ཞེས་ཧ་ཅང་བྱེ་བྲག་སྦྱར་ནས་དྲིས་རུང་ད་དུང་གསལ་མེད། དགོས་པ་ནི་ ཁྱོད་ཀྱི་སྐྱེས་ཁམས་ཀྱི་རྡུལ་རྫས་ཕྲ་མོ་རིགས་ཞེས་འབོད་པ་དེའི་འབྱུང་ཁུངས་གང་ཡིན་ནམ། ཞེས་འདྲི་དགོས། དེས་ན་རིགས་ཅེས་ཚེག་དབར་གཅིག་ཅན་གྱི་ཚིག་ཅིག་གིས་སྟོན་ཐུབ་དགོས་པའི་དོན་ཞིག་ཚེག་དབར་བདུན་བརྒྱད་ཅིག་བེད་སྤྱོད་མ་བཏང་བར་ཏག་ཏག་གོ་མི་ཐུབ་པ་འདི་སུ་ལ་ལན་པ་ཡིན། ངའི་བསམ་ན་རིགས་ཞེས་པའི་ཚིག་འདིའི་ནང་དོན་དག་ལ་གཙོ་ཕལ་མ་ཕྱེས་བའི་དབང་གིས་ཡིན།
གཉིས་པ་ “རྟགས”་ཅེས་པ་འདིཿ ཕོ་མོའི་རིགས་རྒྱུད་སྤེལ་བའི་དབང་པོ, ལ་ཁའི་ཐོ, ཁས་ལེན་གྱི་སྒྲུབ་བྱེད, གཏན་ཚིག་གི་རྒྱུ་མཚན, ཡི་གེའི་རྕོལ་བ, མི་ནོར་བའི་རྟགས, རྒྱལ་ཁབ་ཀྱི་མཚོན་བྱེད, སོགས་སྟོན་བྱེད་ལ་བཀོལ་བ་ཡིན། དེ་དག་རིམ་བཞིན་དབྱིན་སྐད་དུཿ reproductive organ, landmarks, arguments, reason, efforts of phonetics, sign board, emblem, ཅེས་སུ་འགྱུར་སྙམ།
དཔེར་ནཿ ཁོང་གི་རྟགས་གང་རེད། ཅེས་པ་དང་། ཁོང་གི་ཕོ་རྟགས་གང་རེད། དོན་གོ་ཞན་ལ་ཁྱད་པར་ཡེ་ནས་ཡོད་མི་འོས་ཏེ། རྟགས་ཞེས་པ་ལ་ཚིག་གྲོགས་གང་ཡང་མེད་པར་ཕོ་རྟགས་ལ་གོ་དགོས་པས་སོ། འོན་ཀྱང་དེ་ལྟར་གོ་མི་ཐུབ།
གསུམ་པ་“ཁམས”་ཞེས་པ་འདི་ནིཿ ཕ་མའི་ཁུ་ཁྲག, ལུས་ཁམས་ཞེས་པའི་ཁམས, ས་ཆུ་མེ་རླུང་སྐྱེ་དངོས་བཅས་ཀྱི་ཁམས, དངོས་པོའི་རང་བཞིན, ཡུལ་ལུང, སྲིད་པ, མདོ་དབུས་ཁམས་གསུམ་གྱི་ཁམས, སོགས་སྟོན་བྱེད་ལ་བཀོལ་བ་ཡིན། དེ་དག་རིམ་བཞིན་དབྱིན་སྐད་དུཿ sperm and ovum, health condition, lithosphere, hydrosphere, atmosphere, biosphere, territory, the world of astral form, the world of formlessness, the eastern part of Tibet, nature ཅེས་སུ་འགྱུར་སྙམ། བོད་ཚིག་འདི་དག་ཀྱང་གོ་བ་གཅིག་ལས་འཕྲོས་པ་ཡིན་པས་དོན་དུ་‘ཁམས’་ཞེས་པའི་ཚིག་འདི་གཏིང་ཟབ་ཤོས་དང་པོ་དེ་ཡིན་པར་སྙམ། ཁམས་ཞེས་པའི་ཚིག་འདི་ནི་ངོ་མ་དོན་མང་དྲགས་ནས་མཐར་གཏུགས་ན་འདིའི་དོན་གང་རྦད་དེ་བཤད་དཀའ་མོ་ཞིག་ཏུ་སྣང་།
བཞི་བ་ “འཁོར་ལོ”་ཡི་གོ་དོན་ནི་གོར་གོར་གྱིས་འཁོར་རྒྱུ་ཡོད་པ་ཞིག་ལ་གོ་བ་ངེས་གཏན་ཡིན་པས་གོང་གི་ཚིག་དེ་དག་དང་ཅུང་མི་འདྲ་ཡང་། འདི་ཡང་བྱེ་བྲག་ཏུ་བགར་ན་དོན་མི་འདྲ་བ་གང་མང་ཞིག་སྟོན་བྱེད་དུ་སྤྱོད། དེ་དག་ནིཿ ལོ་རྒན་པའི་ལག་ཏུ་ཐོགས་པའི་ལག་འཁོར་ལོ, འགྲུལ་བཞུད་ཀྱི་མཐུན་རྐྱེན་དུ་གྱུར་བའི་འཁོར་ལོ་ཅན་ཡོངས་རྫོགས, ཚད་ཅུང་མཐོ་བའི་འཕྲུལ་རིག་གིས་བཟོས་པའི་འཁོར་ལོ་ཡོད་མེད་ཀྱི་ཡོ་བྱད་ཡོངས་རྫོགས, ལུང་སྡེ་སྣོད་གསུམ སྤྱིར་འཕྲུལ་རིགས་ཀྱི་ཆ་ཤས་སུ་གྱུར་བའི་འཁོར་ལོའི་རིགས་སོགས་ཡིན། ད་སྐབས་གློག་ཀླད་ལ་ཡང་འཁོར་ལོའི་ཐ་སྙད་ཐེབས་འདུག
ལྔ་བ་ “སྐར་མ”ཅེས་པ་འདི་སྤྱིར་གནམ་གྱི་སྐར་མ་ལ་གོ་བ་ཡིན། འོན་ཀྱང་འདི་ཡང་དོན་འགའ་ཞིག་ལ་བཀོལ་བ་ནིཿ སྐར་རྟགས་ཀྱི་སྐར་མ, ཡིག་ཚད་སྐབས་འཐོབ་བྱའི་ཨང་ཀི, གནམ་གྱི་སྐར་མ་ངོ་མ, ཆུ་ཚོད་ཀྱི་སྐར་མ, སོགས་སྟོན་བྱེད་དུ་སྤྱོད། བརྡ་སྤྲོད་རིག་པའི་ཐོག་ནས་བསམ་ན “གནམ་ལ་སྐར་མ་ག་ཚོད་ལ་བལྟས་ནས་སྐར་མ་ག་ཚོད་འདུག” ཅེས་པ་འདིས་ “གནམ་གྱི་སྐར་མར་བལྟ་བའི་འགྲན་སྡུར་དེའི་ནང་དུ་ཁྱོད་ཀྱིས་དུས་ཡུན་སྐར་མ་ཅི་ཙམ་གྱི་ནང་དུ་སྐར་མ་ག་ཚོད་བགྲང་ནས་ཁྱོད་ལ་ཨང་ཀི་ག་ཚོད་རག་འདུག”་ ཅེས་པའི་དྲི་བ་དེ་སྟོན་འོས་ཀྱང་དེ་ལྟར་གོ་ཐུབ་ཀྱི་འདུག་གམ།
ད་དུང་ཆུ་ཚོད་ཟེར་བ་ནི་དུས་ཚོད་འགོར་ཡུན་རྩིས་སུ་འདྲེན་པའི་ཡོ་བྱད་ཅིག་ལ་གོ་བ་ཡིན། དེས་ན་འདིའི་སྒྲ་དོན་ལ་བསམ་གཞིགས་བྱེད་མི་འོས་པར་གྱུར། འདི་སོགས་མང་དག་ཅིག་ཡོད། ད་ལྟ་འདིར་ཚད་བཀག་གིས་དབང་གིས་ཚིག་འདི་དག་ལས་དཀའ་ངལ་ཇི་ལྟར་སྤྲོད་ཀྱི་ཡོད་མེད་དཔེར་མཚོན་གསལ་བོ་ཞིག་མི་ཞོག དེ་མ་ཞོག་པ་དེ་དཀའ་ངལ་དེ་འདྲ་ཞིག་མེད་པ་ཡེ་ནས་མིན་སྙམ། འདི་དག་ལས་གཞན་པའི་མིང་གཅིག་དོན་དུ་མ་འཇུག་པའི་ཚིག་མང་དུ་ཡོད་ན་ཡང་འདི་དག་ལ་དཀའ་ངལ་དམིགས་བསལ་ཡོད་པར་བདག་མཐོང་། གཅིག་བྱས་ན་ང་རང་གི་སེམས་ཁམས་ཀྱི་གྲུབ་སྟངས་ཤིག་གིས་བྱུང་བ་ལས་གཞན་ལ་མེད་སྲིད།
དེས་ན་ཁོ་བོས་འདིར་འབྲི་དོན་ནི་འདི་ཚོ་ངོ་མ་སྐྱོན་ཞིག་རེད་འདུག་གམ། གལ་སྲིད་ཡིན་ན་འདི་དག་དག་བཅོས་བྱེད་པའི་ལམ་ཡོང་སྲིད་དམ། གལ་སྲིད་སྐྱོན་མིན་ན་ཀུན་ལ་ཡིན་གྱི་མ་རེད་དེ། ང་དང་ང་ལྟ་བུ་བོད་ཡིག་གི་ཆུ་ཚོད་ཞན་པ་རྣམས་ཀྱི་ངོ་ལ་ནི་ཚིག་འདི་རིགས་དཀའ་ངལ་འབྱུང་ས་ཞིག་ནི་ཡིན། འདིའི་ཆ་ནས་འདི་དག་ལ་སྐྱོན་དུ་མ་བགྲང་མི་རུང་ངམ། གལ་སྲིད་མ་རུང་ན་ཡང་དཀའ་ངལ་དེ་ལག་ལེན་གྱི་ཐོག་ཏུ་ཡོད་པས་དེ་ལ་སྨན་འདྲ་ཡོད་སྲིད་དམ། བསམ་གཞིགས་སུ་ཕུལ་བ་ལགས།

ང་ཚོ་ལ་རང་བཙན་དགོས་ཏེ། རྒྱུ་མཚན་ནི་ང་ཚོ་ནི་སྐྱེ་བོ་ཕལ་བ་ཡིན་པའི་ཕྱིར་རོ།

དབུ་མའི་ལམ་རིང་ལུགས་པའི་སྒྲུབ་བྱ་ཐོག་མ་ནི་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་དེ་མིན།
དབུ་མའི་ལམ་རིང་ལུགས་པ་དབུ་མའི་ལམ་པ་བ་ཟེར་བ་ནི་དབུ་མའི་ལམ་ལ་ཡིད་ཆས་ཡོད་པར་བརྗོད་པའི་གང་ཟག་དག་ལ་གོ་བ་ཡིན། ད་སྐབས་རང་རེའི་སྤྱི་ཚོགས་འདིར་རང་བཙན་ལ་རྒྱབ་སྐྱོར་བྱེད་ན་མི་དེ་ཐ་ཤལ་ཞིག་ཏུ་བརྩི་བའི་ཚོད་དུ་སྣང་། འདི་ནི་ངོ་མ་ཡིད་སྐྱོ་དགོས་པའི་གནད་དོན་ཞིག་རེད། རང་ཉིད་ཀྱིས་རང་དོན་རྗོད་པ་ལ་སྐྱོན་རྗོད་བྱེད་ན་སུས་རང་དོན་རྗོད། རང་རེའི་མི་རིགས་འདི་ད་དུང་རང་ཉིད་དྲན་གཡོག་ཏུ་འགྲོ་རྒྱུར་འཚེར་སྣང་མེད་པ་འདི་ཡ་མཚན་ཆེ།
ཨ་ལ་ཀུ་རེ་ཡིན། ངའི་བསམ་པར་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་མང་དག་ཅིག་རྒྱའི་འོག་ཏུ་འགྲོ་བའི་དུས་ཚོད་ལ་སླེབས་སྐབས་མི་ལོག་མཁན་གྱི་གྲས་སུ་ཡོད་པར་སྣང་བ་ལས། དེ་དག་ངོ་མ་དྲན་གཡོག་ཏུ་འགྲོ་རྒྱུར་འཚེར་སྣང་མེད་པ་ཡིན་ཚོད་མེད། གང་ལགས་ཤེ་ན་དྲན་གཡོག་ཏུ་འགྲོ་བར་འཚེར་སྣང་མེད་མཁན་ངོ་མ་ཡིན་ན་སྐྱོན་དུ་མི་འགྲོ་སྟེ། དེ་དག་ནི་ཆོས་ཀྱི་རླབས་རྒྱུན་རྒྱུད་ལ་འཇག་པའི་གང་ཟག་རང་འགའ་བ་མ་ཡིན་མཁན་དག་ཡིན་དགོས། དེ་མིན་རང་རེ་དཀྱུས་མའི་མི་སུ་ཞིག་གིས་དྲན་གཡོག་བྱེད་འདོད།
ཨ་ལ་ཀུ་རེ་ཡིན། དབུ་མའི་ལམ་རིང་ལུགས་པ་དག་དྲན་གཡོག་ཏུ་འགྲོ་བར་ཁས་བླངས་བ་ཡིན་རྒྱུ་མ་རེད། དབུ་མའི་ལམ་རིང་ལུགས་པ་ལ་འདི་ལ་ཁག་གཉིས་ཡོད། ཚུལ་བཞིན་རྟོགས་པའི་དབུ་མའི་ལམ་པ་བ་དང་། ཚུལ་བཞིན་མ་རྟོགས་པའི་དབུ་མའི་ལམ་པ་བ་གཉིས་ཡོད། གཉིས་པ་ལ་ནི་བཤད་རྒྱུ་གང་ཡང་མེད། ཁོང་དག་གི་རིག་སྟོབས་གཞན་ལས་ཞན་པས་ད་དུང་ཡང་ཕྱིས་ཕྱིན་པ་ཞིག་རྟོགས་མ་ཐུབ་པ་རེད། འདི་ལ་བྱ་ཐབས་གང་ཡང་མི་འདུག འདི་ཡང་དབུ་མའི་ལམ་གྱི་སྐྱོན་ཞིག་ཏུ་བགྲང་ཆོག རྒྱུ་མཚན་ནི་ཁོ་ཚོས་རང་བཙན་ཟེར་བ་ལ་རྒྱབ་སྐྱོར་བྱས་ན་རང་ཉིད་ཀྱི་གང་ཞིག་དང་གང་འདྲ་ཞིག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དེ་གསལ་བོར་ངེས་ཐུབ་ཀྱི་ཡོད། དབུ་མའི་ལམ་འདི་འཚམས་སྦྱོར་བྱས་ནས་བཙན་བྱོལ་སྤྱི་ཚོགས་ཀྱི་མི་རབས་ཀྱི་བར་ཅུང་ཟད་ཆེ་རུ་བཏང་བ་དང་། དུམ་བུ་གཉིས་ལ་བཏང་བ་ཡང་ཡིན།
ཨ་ལ་ཀུ་རེ་ཡིན། ངས་དབུ་མའི་ལམ་ལ་སྐྱོན་རྗོད་བྱེད་མི་འདོད། ཁྱོད་ཀྱིས་དབུ་མའི་ལམ་གྱི་གནད་དོན་ཤེས་ཀྱི་མི་འདུག་ཅེས་བརྗོད་ན་ངས་ཁས་ལེན་འདོད་མེད་ཀྱང་། དོན་ངོ་མར་རང་ཉིད་ཀྱིས་དབུ་མའི་ལམ་གྱི་གནད་དོན་ཤེས་ཀྱི་མེད་པ་ཡིན་ཀྱང་མི་སྲིད་མིན། ངས་བཤད་འདོད་པ་ནི་ང་རང་མི་དཀྱུས་མ་ཞིག་ཡིན་པ་དང་། བོད་མི་ནི་ང་དང་ང་འདྲ་བའི་མི་དཀྱུས་མ་འམ་ཕལ་བ་ལས་གྲུབ་པ་ཡིན་པའི་རྒྱུ་མཚན་གྱིས་རང་རེར་དགོས་པ་ནི་(ཉུང་མཐར་ཡང་རྒྱ་ནག་དམངས་གཙོ་ཚན་ལྡན་ཞིག་ཏུ་མ་གྱུར་བར་དུ)་རང་བཙན་ཉིད་ཡིན་ཞེས་རྗོད་འདོད་པ་ཡིིན། འདི་ལ་རང་བློར་དཔག་པའི་རྒྱུ་མཚན་ཡོད། རྒྱུ་མཚན་གཞན་ནི་གཞོན་སྐྱེས་རྣམས་ལ་འདོད་པ་ཡོད་པའི་རང་མི་རིགས་འདི་འཛམ་གླིང་འདིའི་ཐོག་གནས་ཚུལ་གང་ཐད་ནས་མི་རིགས་གཞན་དག་ལ་ཕྲག་པ་མཉམ་བཤིབས་ཀྱི་འགྲོ་བའི་ཐོབ་ཐང་སོགས་རྗོད་མི་དགོས་པའི་རྒྱུ་མཚན་དེ་དག་ཡིན། འདིར་བརྗོད་འདོད་པའི་བདག་གི་རྒྱུ་མཚན་ནི་རང་ཅག་རྒྱ་བོད་གཉིས་ཀ་མི་དཀྱུས་མ་ཤ་སྟག་ཡིན་པ་འདི་ཡིན། ཁྱེད་རྣམས་ཀྱིས་འདི་ཧ་ཅང་ཅོལ་ཆུང་དུ་གཟིགས་ངེས་མོད། དེ་ནི་གུས་རང་གི་ཀླད་པ་དེ་ཙམ་ཡིན་པ་ཁྱེད་ཅག་ལ་བསྟན་པ་ཙམ་ཡིན།
ངའི་བསམ་པར་ཇི་སྲིད་རང་ཅག་རྒྱ་བོད་མི་རིགས་གཉིས་ཀ་གང་ཟག་ཕལ་བ་ཡིན་པ་དེ་སྲིད་དུ་གཅིག་འོག་གཅིག་གནས་ཀྱིས་མཐུན་འབྲེལ་འོ་ཆུ་བཞིན་འདྲེས་པ་ཞིག་ཡོངས་ཐབས་མེད། དེའི་རྒྱུ་མཚན་ནི་རྒྱ་མི་སྡུག་ཅག་ཡིན་པའི་རྐྱེན་གྱིས་མིན་ལ་བོད་མི་སྡུག་ཅག་ཡིན་ཟེར་བ་ཡང་མིན། འཇིག་རྟེན་གྱི་རྐྱེ་བོ་ཕལ་བ་རིགས་མི་མཐུན་པ་གཉིས་ལྷག་པར་དུ་གྲངས་མང་ཉུང་ཤོར་བ་གཉིས་མང་བ་དེའི་འོག་ཏུ་ཉུང་བ་དེ་སྡོད་དགོས་ཚེ་འཁུན་སྒྲའི་རྒྱུན་མ་མི་ཆད། རྒྱ་རིགས་དབང་སྒྱུར་བས་བོད་རིགས་དབང་བསྒྱུརད་བ་ལ་ལྷག་བསམ་རྣམས་དག་གིས་བྱམས་སྐྱོང་ཞིག་བྱེད་མི་ཐུབ་ལ། གལ་སྲིད་ཁ་ཞེ་གཉིས་མེད་ཀྱིས་བྱམས་སྐྱོང་རེ་བྱུང་ཡང་དེ་ཇི་བཞིན་ཚོར་མི་ཐུབ།
དཔེར་ན་བོད་ཀྱི་དུས་དེབ་སྐད་གྲགས་ཅན་ཤར་དུང་རིར་རྩོམ་པ་པོ་དཔའ་བོ་ཞིག་གིས་གསོན་པོ་ཞེས་པའི་སྨྱུག་མིང་འོག་པ་ བྲིས་པ་བཞིན་རེད། ཁོང་གིས་‘ཏིང་ཞའོ་ཕིང་གིས་རྒྱ་ནག་གི་དཔལ་འབྱོར་སྒྱུར་བཅོས་ཀྱི་སྲིད་ཇུས་འདི་རྒྱ་མི་ཚོའི་བདེ་དོན་ཁོག་ལ་གཙོ་བོར་བཅིང་ནས་བཟོས་པ་ལས་རྒྱ་ནག་རྒྱལ་ཁབ་ཀྱི་ཡར་རྒྱས་ལ་དམིགས་པ་ཞིག་མིན་ལ་ལྷག་པར་དུ་གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་ལ་ཁུར་སེམས་ཡེ་ནས་མེད་པར་བཟོས་པར་’གསུངས་ཡོད་ལ། དེ་རྒྱུ་མཚན་ལ་ ‘ཏིང་གིས་བཤད་ན་ “དཔལ་འབྱོར་བཅོས་བསྒྱུར་དེ་སྔོན་ལ་རྒྱ་ནག་མཚོ་མཐའ་ས་ཁུལ་ནས་འགོ་འཛུགས་དགོས་དོན་ནི་མཚོ་མཐའ་ཁུལ་ལ་མཚོ་ལམ་ཡོད་སྟབས་ཚོང་གི་འབྲེལ་ལམ་བྱེད་བདེ་བའི་དབང་གིས་ཡིན་ཟེར་།” འོན་ཀྱང་དེ་ནི་ཉེ་དགའ་ཕྱོགས་ལྷུང་བྱས་པ་ཞིག་རེད། གང་ལགས་ཤེ་ན་མཚོ་མཐའ་ཁུལ་ལ་རྒྱ་མི་ཤ་སྟག་ལས་གྲངས་ཉུང་མི་རིགས་གཅིག་ཀྱང་གནས་སྡོད་བྱེད་ཀྱི་མེད། གལ་སྲིད་ངོ་མ་ཚོང་གི་འབྲེལ་ལམ་ལ་བསམ་པ་ཡིན་ན་དཔལ་འབྱོར་སྟོབས་ཤུགས་ལྡན་པའི་རུ་སུ་དང་ས་འབྲེལ་ཡིན་པ་ཤིན་ཅང་དང་ནང་སོག་ནས་འགོ་མ་བཙུགས་པ་གང་ཡིན། ཡར་རྒྱས་འགྲོ་བཞིན་ཁྱིམ་མཚེས་རྒྱལ་ཁ་རྒྱ་གར་དང་ས་འབྲེལ་ཡིན་པ་བོད་ནས་འགོ་མ་བཙུགས་པ་གང་ཡིན།’ ཞེས་སོགས་བཀོད་ཡོད།
ཏིང་ཞའོ་ཕིང་གིས་ངོ་མ་ཉེ་དགའ་ཕྱོགས་ལྷུང་བྱས་པ་ཡིན་པ་ཧ་ཅང་སྲིད་ལ། བོད་མི་ཁོང་གིས་དེ་ལྟར་མཐོང་བ་ཙམ་ཡིན་པ་ཡང་སྲིད། གནད་དོན་འདི་དང་འདི་འདྲ་བའི་གནད་དོན་ཆེ་ཕྲ་ཆུང་གསུམ་གཅིག་རྗེས་གཉིས་མཐུད་དུ་འབྱུང་རྒྱུ་ཡིན་ལ། འདི་དང་འདི་ལྟ་བུའི་སེམས་ཁ་མ་གང་བ་ཡང་དེ་བཞིན་ཡོང་ངེས་ཡིན། འདི་འདྲའི་སྐབས་སུ་གཞན་ཕྱོགས་ཀྱིས་མཐོང་སྣང་ལ་བོད་མི་འདི་དག་གིས་འདི་བྱས་ཀྱང་བཟང་བྱས་པར་མི་གོ། དེ་བྱས་ཀྱང་ལོག་པར་གོ། ཕ་གི་བྱས་ཀྱང་བློ་ཚིམས། མདོར་ན་གང་བྱས་ཀྱང་སྡུག་པའི་ཕྱོགས་དེ་མ་གཏོགས་མི་མཐོང་བས་མི་རིགས་ཇི་འདྲའི་ཐ་ཤལ་ཞིག་རེད་ཅེས་བསམ་ནས་ཞེ་ཐག་ཇེ་རིང་དུ་འགྲོ། རང་ཕྱོགས་བོད་མི་ཚོའི་མཐོང་སྣང་ལ་འདི་ཡང་རྒྱ་མི་ཚོའི་ཁེ་ཕན་ཆེད་དུ་རེད། དེ་ཡང་ང་ཚོ་ལ་བརྙས་བཅོས་རེད། ཕ་གི་ཡང་མ་དྲང་བར་བྱས་སོང་། རྒྱ་རིགས་འདི་དག་གིས་ང་ཚོར་བཟང་བ་ཞིག་ནམ་ཡང་མི་བྱེད་སྙམ་ནས་སེམས་ཐག་ཇེ་རིང་དུ་འགྲོ། དེ་ནི་རང་ཅག་གཉིས་སྐྱེ་བོ་ཕལ་བ་ཤ་སྟག་ཡིན་པའི་དབང་གིས་ཡིན། འདི་ལ་ཐབས་ལམ་མེད། དངོས་དོན་འདི་རེད། འཁོན་འཛིན་གྱི་སྣེ་ལ་འཁོན་འཛིན་ལུ་གུ་བརྒྱུད་ནས་སྡོད་རྒྱུ་ཙམ་ཡིན།
༧གོང་ས་མཆོག་སོགས་བྱང་སེམས་རྒྱུད་ལྡན་གྱི་གང་ཟག་དང་ཐུགས་རྒྱ་ཆེ་བའི་སྐྱེ་བོ་འཕགས་པ་དག་གིས་གནད་དོན་འདི་གཟིགས་ཀྱི་མེད་ལ་གཟིགས་རུང་ཅོལ་ཆུང་ཞིག་ཏུ་བརྩིས་ནས་སྣང་མེད་གཏོང་གི་ཡོད། འོན་ཀྱང་ང་ཁྱོད་ལྟ་བུ་སྐྱེ་བོ་ཕལ་བ་རྣམས་ལ་གནད་དོན་འདི་སྣང་མེད་དུ་འཇོག་ཐུབ་པ་ཞིག་ཡེ་ནས་མིན། འཁོར་བའི་སྡུག་བསྔལ་གྱི་བཙེས་པའི་ཉིན་རེ་ཉིན་རེའི་འཚོ་བའི་ནང་དུ་འདི་འདྲ་ནི་ཟེར་ཟུགས་ཀྱི་སྣོན་མ་ཞིག་ཡིན། གལ་སྲིད་ཁས་དྲག་ཞན་ཤོར་བའི་རྒྱ་བོད་ལོགས་སུ་མི་སྡོད་པར་མཉམ་དུ་བསྡད་ན་སྡུག་བསྔལ་འདི་དག་རང་ཉིད་ཀྱིས་ཆེད་དུ་བཟོས་པ་རང་རེད། དེའི་ཕྱིར་ང་རང་ཚོ་ལོགས་སུ་བསྡད་ན་སྡུག་བསྔལ་གཞན་ལས་ཐར་བའི་འགན་ལེན་མེད་ཀྱང་ཆེད་དུ་བཟོས་པའི་དཀའ་སྡུག་འདི་ཡོང་མི་དགོས་པ་འབྱུང་།
ངོ་མ་བཤད་ན་ཁོ་བོས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་མང་དག་གི་སེམས་ཁམས་ལ་བརྟག་སྐབས་འདི་འདྲ་བའི་འཁུན་སྒྲ་དེ་ང་འདྲ་བའི་གང་ཟག་ལས་ལྷག་པར་དུ་ཆེ་བ་ལས་ཆུང་བ་མི་འདུག ནམ་ཞིག་དབུ་མའི་ལམ་གཞིར་བཞག་གི་ལམ་ཁ་དེ་བརྒྱུད་ནས་རང་ཡུལ་དུ་ལོག་ན་ཁོ་ཚོ་འཁུན་སྒྲ་དེ་ཙམ་དུ་མ་ཟད་འུ་དོད་གནམ་ས་འགེངས་མཁན་གྱི་གྲས་ཡིན་པ་ངས་བཤད་ཐུབ་ཀྱི་འདུག འོན་ཀྱང་གནད་དོན་དེ་སུས་སུ་ལ་བཤད། ཁོ་ཚོ་ལ་རང་ཚུགས་ཐུབ་པའི་བསམ་གཞིགས་ཀྱི་སྙིང་སྟོབས་མེད་སྟབས་གཞན་གྱི་རྗེས་སུ་འབྲེང་རྒྱུ་ལས་ཅི་ཡོད། གཅིག་བྱས་ན་ཁོ་ཚོ་ལ་ནོངས་བ་ཅི་ཡོད་དེ། ཁོ་ཚོ་རྗེས་སུ་འབྲེང་ས་དེ་རང་གི་དབུ་ཁྲིད་ཡིན་པ་ནོར་མེད་པས་ཁོ་ཚོ་ལ་ལེ་བདའ་ས་ཡང་ཅི་ཡོད། ཁོ་ཚོ་ལ་དེ་ཙམ་ལས་རེ་བ་མེད་ན་ཅི་བྱེད།
འགའ་ཞིག་གིས་རང་བཙན་རྩོད་མི་འོས་པའི་རྒྱུ་མཚན་ལ་སྔར་རང་བཙན་ཡིན་པ་སྒྲུབ་ཐུབ་མིན་ལ་འཇོག་གི་འདུག ངའི་བསམ་པར་གནད་དོན་ནི་སྔར་གྱི་གནད་དོན་མིན་པར་ད་ལྟ་དགོས་སམ་མི་དགོས་དང་། མ་འོངས་པར་དགོས་སམ་མི་དགོས་ཀྱི་གནད་དོན་རེད། ལས་དོན་ཚང་མ་སྔར་གྱི་གནད་དོན་གཞི་འཇོག་དགོས་ན་གསར་བ་ཞིག་ཡོང་ཐབས་མེད། སྔར་རྒྱལ་ཁབ་མིན་པར་གསར་དུ་འཛུགས་མ་ཆོག་ན་རྒྱལ་ཁབ་གསར་བ་ཡོང་ཐབས་མེད། སྐྱེ་བོ་སུ་ལ་ཡང་རང་གི་ཕ་མའི་ཁྱིམ་ལ་སྡོད་འདོད་ཡོད་ན་སྡོད་ཆོག་ལ་རང་གི་ཁྱིམ་གཞིས་ལོགས་སུ་འཛུགས་འདོད་ན་དེ་ཡང་ལོས་ཆོག གནད་དོན་ངོ་མ་འདི་རེད། རང་གི་ཁྱིམ་གཞིས་ལོགས་སུ་འཛུགས་དགོས་པའི་རྒྱུ་མཚན་གང་ཞིག་བཤད་རུང་ཆོག ཕ་མས་རང་ལ་བྱམས་སྐྱོང་མ་བྱས་པ་འམ་དབྱེ་ཁྱད་ཕྱེས་པ་རྒྱུ་མཚན་དུ་བྱས་ནས་ཁྱིམ་གཞིས་ལོགས་སུ་འཛུགས་ཆོག་ལ། ཕ་མས་དེ་ལྟར་བྱས་པར་མཐོང་བ་རྒྱུ་མཚན་དུ་བྱས་ནས་རང་གི་ཁྱིམ་གཞིས་ལོགས་འཛུགས་ཀྱང་ཆོག རྒྱུ་མཚན་ནི་ཁྱིམ་འདིར་བསྡད་ན་རང་དབང་དང་བདེ་སྐྱིད་མེད་པ་དེ་རེད།
ཡ་མཚན་པ་ཞིག་ལ། ཡང་འགའ་རེས་ཁྱོད་ཀྱིས་རང་བཙན་གྱི་བལྟ་བ་འཁྱེར་མི་འོས་ཏེ། ཁྱོད་ཀྱིས་བོད་ཀྱི་དོན་དུ་ལས་དོན་གང་ཡང་བྱེད་ཀྱི་མེད་པས་སོ་ཞེས་ཟེར། འདིའི་འབྲུ་དོན་ནི་རང་ཉིད་ཀྱིས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་དོན་དེ་རང་ཉིད་ཀྱིས་བོད་དོན་དུ་གང་ཡང་བྱེད་མི་དགོས་པའི་དབང་གིས་ཡིན་ཞེས་པ་འདི་འབྱུང་། ལས་འགུལ་མ་སྤེལ་བར་དབུ་མའི་ལམ་འཛིན་ཆོག་ན་ལས་འགུལ་མ་སྤེལ་བར་རང་བཙན་གྱི་བལྟ་བ་འཛིན་ལོས་ཆོག
ཁ་ཁོག་མཚུངས་བའི་རང་རིགས་མང་དག་ཅིག་ཅིག་གིས་དབུ་མའི་ལམ་འདི་འཐོབ་མགྱོགས་པ་ཟབ་མོ་བསྔགས་ལམ་ལྟ་བུ་དང་། རང་བཙན་གྱི་ལམ་འདི་གུལ་བ་རྒྱས་པ་མདོའི་ལམ་བཞིན་ཡིན་པས་ནས་ཁོ་ཅག་གིས་དབུ་མའི་ལམ་ལ་བྱེད་ཀྱི་ཡོད་ཟེར། རྒྱ་ནག་དམངས་གཙོ་ཚད་ལྡན་ཞིག་མ་ཆགས་པར་དུ་དབུ་མའི་ལམ་དང་རང་བཙན་གཉིས་ལ་རིང་ཐུང་ཏིལ་ཙམ་མེད། ཡང་ན་ད་ལྟའི་ཆར་དེ་གཉིས་ལ་རིང་ཐུང་ཏིལ་འབྲུ་ཙམ་མི་གསལ། ད་དུང་རང་ཅག་གིས་འཇོན་ན་རང་བཙན་འདི་འཐོབ་སླ་བ་ཡང་ཡིན། དབུ་མའི་ལམ་ནི་བསླངས་ནས་སྤྲོད་དགོས་པ་རེད། རང་བཙན་ནི་འཕྲོག་དགོས་པ་རེད། ཇག་པ་དག་གིས་གཞན་གྱི་རྒྱུ་ནོར་མི་སློང་བར་འཕྲོག་གི་ཡོད། འདི་རང་ལ་འཇོན་ཐང་ཡོད་ན་སློང་བ་ལས་འཕྲོག་པ་ལས་སླ་བ་ཡོད་པའི་གཏན་ཚིགས་ཀྱི་རང་བཞིན་དེ་ལ་གཏུགས་ཡོད། དྲང་མོར་བཤད་ན་རང་ཅག་ལ་དེ་འདྲའི་འཇོན་སྟངས་ཤིག་ཡོད་མེད་ཐེ་ཚོམ་ཡིན་མོད། ན་ནང་བོད་རྒྱ་ཞི་མོལ་ཐེངས་བརྒྱད་པའི་ཡིག་ཆར་རྒྱ་ནག་གིས་སྤྲད་པའི་བརྡ་ལན་དེ་ལ་དཔྱད་པ་ཞིག་གནོངས་དང་དབུ་མའི་ལམ་དང་རང་བཙན་གཉིས་ཐག་ཉེ་རིང་མེད་པ་འམ་ཡང་ན་ད་དུང་ཉེ་རིང་གསལ་ཁ་མེད་པ་དེ་གསལ་བོར་རྟོགས་དགོས་ཚོད་རེད།
ཨ ལ་ཀུ་རེ་ཡིན། དབུ་མའི་ལམ་པ་བ་དག་གིས་གནད་དོན་འདི་འདྲ་ཞིག་ཀྱང་མ་གཟིགས་ཡིན་ག་ལ་སྲིད། འོན་ཀྱང་གོང་དུ་ཚུལ་བཞིན་རྟོགས་པའི་དབུ་མའི་ལམ་པ་བའི་སྐོར་དེ་སྐབས་འདིར་བཤད་འདོད་པ་གཙོ་བོ་དེ་ཡིན། འདི་ལ་ཡང་རང་རིགས་འགའ་ཡོད། མདོར་བསྡུས་ན་དབུ་མའི་ལམ་པ་འདི་དག་གི་སྒྲུབ་བྱ་ཨང་རིམ་དང་པོ་དེ་བོད་རྒྱལ་ཁབ་ཀྱི་བདེ་དོན་མ་རེད། འགའ་ཞིག་བསྒྲུབ་བྱ་དང་པོ་ནི་འཛམ་གླིང་བདེ་དོན་ཡིན་པ་དང་འགའ་རེའི་སྒྲུབ་བྱ་དང་པོ་ནི་རང་དོན་དང་གོ་ས་རེད།
རིགས་འདི་ནང་ནས་དང་པོ་༧གོང་མཆོག་མཆོག་ནི་འཛམ་གླིང་གི་ཉི་མ་རེད། ཁོང་གི་བསྒྲུབ་བྱང་ཨང་དང་པོ་ནི་བོད་དོན་མིན་པར་‘འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་བྱ་རྒྱུ་དེ་ཡིན།’ བོད་དོན་ནི་ཁོང་གི་བསྒྲུབ་བྱ་ཨང་གསུམ་པ་དེ་རེད། ༧ཁོང་ལ་བསྒྲུབ་གཙོ་བོ་གསུམ་ཡོད་ཅིང་། དེ་དག་ཁོང་གི་དྲ་ཚིགས་ལས་ཕབས་བཤུ་བྱས་གསམ་གསལ་འདི་ཡིནཿ
“དང་པོ། ཁོང་ཉིད་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་བྱ་རྒྱུ་དེ་ཡིན་ཞིང༌། དེ་ནི་མི་སྒེར་དང༌། ཁྱིམ་ཚང༌། སྤྱི་ཚོགས་བཅས་སུ་བདེ་སྐྱེད་འབྱུང་བའི་གཞི་རྩ་ཡིན་པར་བཞེད །
གཉིས་པ། ཁོང་ཉིད་ཆོས་པ་ཞིག་ཡིན་པའི་ཆ་ནས། ཆོས་ལུགས་ཕན་ཚུན་བར་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ་དེ་ཡིན་ཞིང༌། ཆོས་ལུགས་འདྲ་མིན་ལ་ལྟ་བ་དང་གྲུབ་མཐའ་འདྲ་མིན་ཡོད་ཀྱང༌། བྱམས་པ་དང༌། བརྩེ་བ། བཟོད་སྒོམ། ཆོག་ཤེས། ཚུལ་ཁྲིམས་བཅས་ཀྱི་བསླབ་བྱ་ཉམས་སུ་ལེན་པར་ཆོས་ལུགས་ཚང་མ་གཅིག་མཚུངས་ཡིན་པ་མ་ཟད། མི་ཚེ་བདེ་སྐྱེད་ཀྱི་ལམ་དུ་འཁྲིད་པའི་ནུས་པའང་གཅིག་མཚུངས་ཡིན་པར་བཞེད།
གསུམ་པ། ཁོང་ཉིད་བོད་མི་ཞིག་ཡིན་པ་དང་ཏཱ་ལའི་བླ་མའི་མཚན་གནས་ཡོད་པ། ལྷག་པར་དུ་བོད་ཕྱི་ནང་དུ་ཡོད་པའི་བོད་མི་སེར་སྐྱ་ཡོངས་ཀྱིས་ཡིད་ཆེས་བློ་གཏད་ཆེན་པོ་བྱེད་བཞིན་ཡོད་པའི་ཆ་ནས། བོད་ཀྱི་རྩ་དོན་ལ་ཐུགས་ཁུར་དང༌། བཙན་འོག་ལ་གནས་པའི་བོད་མི་ཚོའི་རང་དབང་གི་མགྲིན་ཚབ་པ་ཞིག་གནང་རྒྱུ་དེའང་ཁོང་གི་འགན་ཁུར་ཡིན་པར་བཞེད།”
ལམ་ལུགས་འདིའི་རྒྱབ་ཀྱི་སྐུལ་ཤུགས་ཆེ་བ་གཞན་ཞིག་ནི་བཙན་བྱོལ་བོད་གཞུང་བཀའ་བློན་ཁྲི་བ་ཟམ་གདོང་བློ་བཟང་བསྟན་འཛིན་མཆོག་རེད། ཁོང་གི་བསྒྲུབ་བ་ཨང་དང་པོ་ནི་ནང་ཆོས་འདི་འཛམ་གླིང་འདིར་གནས་ཐབས་དེ་དང་བལྟ་གྲུབ་དང་རིག་པའི་ལམ་ནས་ཡང་དག་མིན་རིགས་ལམ་གྱིས་སྒྲུབ་རྒྱུ་དེ་རེད། ཁོང་གིས་“བོད་ཀྱི་ནང་ཆོས་འདི་ས་སྟེང་འདིའི་ཐོག་གནས་ཐུབ་ཙམ་བྱུང་ན་བོད་མི་རིགས་དང་བོད་རྒྱལ་ཁབ་ཅེས་པ་ཞིག་མ་གནས་ཀྱང་ཆོག”ཅེས་ལན་གཅིག་མ་ཡིན་པར་གསུངས་ཡོད། དེས་བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་བྱུས་དོན་དེ་ཁོང་གི་བསྒྲུབ་བྱ་དང་པོ་མིན་པ་མ་ཟད་ཁོང་གི་བསྒྲུབ་བྱའི་ཐོའི་ནང་དུ་ཡོད་མེད་ཀྱང་ཐེ་ཚོམ་རེད།
རྒྱ་ནག་གི་རྩ་ཁྲིམས་ལ་དངོས་སུ་ཤོག་བུ་དཀར་བོའི་སྟེང་དུ་ཡི་གེ་ནག་པོ་ཕབས་བཞག་པ་རྣམས་ལག་ལེན་དུ་བབས་སྐབས་དེ་ལྟར་ཡོང་ཐུབ་ཀྱི་མེད་པར་རང་ཅག་ལ་དཀའ་སྡུག་འདི་མྱོང་བཞིན་ཡོད་ན་བལྟ་གྲུབ་དང་རིགས་ལམ་ཙམ་གྱིས་ལག་ལེན་དུ་དངོས་ཡོད་འཚོ་བའི་དཀའ་ངལ་སེལ་མི་ཐུབ་པ་ཁོང་གིས་མཁྱེན་ངེས་ཀྱང་། བལྟ་གྲུབ་དེ་ལ་ཁོང་ཤི་འཐམ་རོ་འཐམ་གནངས་ཀྱི་ཡོད། དེས་ན་གངས་ཅན་བོད་ཀྱི་བདེ་དོན་དེ་ཁོང་གི་བསྒྲུབ་གཉིས་པ་མིན་པ་ཡང་ཤེས་ཐུབ།
དབུ་མའི་ལམ་པ་བ་རེ་ཟུང་བོད་ནང་ནང་དུ་ཡང་རེ་ཡོད་པ་འདྲ། དེ་དག་གི་བསྒྲུབ་བྱ་དང་པོ་ནི་༧གོང་ས་མཆོག་གི་བཀའ་ལ་བརྩི་སྲུང་ཞུ་རྒྱུ་དེ་ལས་བོད་གངས་ཅན་གྱི་ཆབ་སྲིད་ཀྱི་ལས་དོན་དེ་མིན། མ་གཞི་དེ་དག་གིས་དེ་ལྟར་གནང་བ་དེ་ཤུགས་སུ་བོད་བསྟན་སྲིད་ཀྱི་དོན་དུ་དམིགས་པ་ཞིག་ཡིན་ཤས་ཆེ་ན་ཡང་ཐད་ཀར་སྒྲུབ་རྒྱུ་ནི་དེ་རེད་མེད།
གཞན་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་འགའ་ཞིག་ལ་ནི་རིན་ཐང་ཞིག་ག་ལ་ཡོད་དེ། ཁོ་བ་ཅག་གི་བསྒྲུབ་བྱ་ཨང་དང་པོ་རང་ཉིད་ཀྱི་ཐོབ་གོ་ས་དང་སྙན་གྲགས་ཙམ་རེད། དེ་དག་གིས་དབུ་མའི་ལམ་འདི་སྤྱི་ཚོགས་ནང་རང་ཉིད་ཀྱི་དྲེག་པ་བྱབ་པའི་དྲི་གཙང་ཞིག་ཏུ་མཐོང་གི་ཡོད། དེ་དག་གིས་དབུ་མའི་ལམ་འདི་རང་ཉིད་༧གོང་ས་མཆོག་གི་བཀའ་གསུངས་ཅི་སྒྲུབ་བྱེད་མཁན་ཞིག་ཏུ་སྒྲུབ་བྱེད་ལ་བཀོལ། དེ་དག་གིས་མང་ཚོགས་ཀྱི་ལག་ནས་འོས་ཤོག་གི་གྲངས་འབོར་ཞིག་རག་ཐབས་ལ་བཀོལ་གྱི་ཡོད། ཁོ་ཅག་གིས་འདས་པའི་ལོ་འགའི་ནང་ས་གནས་གང་སར་དབུ་མའི་ལམ་གྱི་ལས་འགུལ་ཚོགས་པ་སོགས་བོད་རིགས་ནང་ཁུལ་དབྱེན་དཀྲུག་གི་ལས་ཀ་ཡང་མི་མང་ཙམ་བྱས་སོང་།
ད་དུང་དེ་དག་གིས་དབུ་མའི་ལམ་དང་༧སྐྱབས་མགོན་རིན་པོ་ངོ་བོ་གཅིག་ཡིན་པས་དབུ་མའི་ལམ་ཁས་མ་བླངས་ན་༧རྒྱལ་བ་རིན་པོ་ཆེ་ཁས་མ་བླངས་བ་ཡིན་པ། དབུ་མའི་ལམ་གྱིས་རྒྱ་ནག་ལ་ལན་རྒྱག་ཡ་མེད་པར་བཟོས། དབུ་མའི་ལམ་གྱིས་འཛམ་གླིང་གི་རྒྱལ་ཁབ་ཐམས་ཅད་ཀྱི་བོད་དོན་ལ་རྒྱབ་སྐྱོར་རག་གི་ཡོད་པ། མཐའ་ན་དབུ་མའི་ལམ་གྱིས་སྐྱབས་བཅོལ་གཞུང་དང་གཞིས་ཆགས་ཁག་འདི་འཛུགས་ཐུབ་པ་བྱུང་སོགས་ཁོངས་མེད་གཏམ་གླེང་མང་དུ་བྱས་སོང་།

ང་ཚོ་ནང་པ་སངས་པ་ཡིན་ནམ།

ང་ཚོའི་སྤྱི་ཚོགས་འདིར་ནང་པ་ཧ་ཅང་མང་ལ་ཧ་ཅང་ཉུང་།
ནུབ་ཕྱོགས་པ་དང་ཤར་ཕྱོགས་པའི་ནང་པ་མང་པོ་ཞིག་གིས་ང་ཚོ་བོད་ཀྱི་ཆོས་འདི་བླ་མའི་ཆོས་སམ་ཡང་ན་ནང་ཆོས་སླད་མེད་ཅིག་མིན་ཟེར། ཀློག་མཁན་རྣམ་པ་ཐུགས་མ་འཁྲོ། ཁོ་ཚོས་བཤད་པ་ལ་གནས་ལུགས་ཡེ་ནས་མེད་པ་རེད་མི་འདུག ནང་པའི་ཆོས་ཀྱི་སྒོ་ནི་སྐྱབས་འགྲོ་ཡིན་པ་རང་ཅག་ཀུན་གྱིས་ཁས་ལེན། དེས་ན་རང་ཅག་དང་གཞན་རྒྱ་གར་དང་སང་ག་ལ་སོགས་ཀྱི་སྐྱབས་འགྲོ་ལ་མི་འདྲ་ཅུང་ཟད་ཡོད་པ་འདི་ཙམ་གྱི་ཁྱད་པར་ཅིག་ཡོད་པ་ནི་ཟུར་བལྟས་ལེབ་མཐོང་རེད་འདུག་སྙམ། དེ་དག་གི་སྐྱབས་འགྲོའི་ཡུལ་ལ་དཀོན་མཆོག་གསུམ་ལས་མེད་ཅིང་། ཐོག་དང་པོ་སངས་རྒྱས་ལ་སྐྱབས་སུ་འཆི་འོ། ཟེར་ནས་སྐྱབས་འགྲོ་བྱེད། རང་ཅག་ལ་སྐྱབ་ཡུལ་བཞི་ཡོད་ཅིང་། ཐོག་དང་པོ་བླ་མ་ལ་སྐྱབས་སུ་འཆི་འོ། ཞེས་ཟེར་ནས་སྐྱབས་འགྲོ་བྱེད། ད་དུང་བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་སྐྱབས་སུ་འཆི་འོ། ཞེས་ཟེར་ནས་སྐྱབས་འགྲོ་བྱེད་ཅིང་། ད་དུང་སྐྱབས་འགྲོ་ཚིག་ལྔ་བ་ཞིག་ཀྱང་ཡོད། སྐྱབ་ཡུལ་ལ་མང་ཉུང་ཙམ་ལས་ཁྱད་པར་མེད་ན་ཡང་། ཁྱད་པར་དེ་ཙམ་ཡོད་པ་ནི་ཁས་ལེན་དགོས་པར་འདུག་སྙམ།
ལོ་འགའ་ཞིག་གི་སྔོན་དུ་ཁོ་བོའི་ལག་ཏུ་སང་ག་ལའི་ནང་པའི་དགེ་སློང་ཞིག་གིས་བརྩམས་པའི་དཔེ་དེབ་ཅིག་རིན་མེད་དུ་མཁྱམས་བཞིན་པ་ལྟས་དབང་གིས་སོན། དཔེ་དེབ་ངའི་མི་ཚེའི་ནང་གི་དཔེ་ཆ་གལ་ཆེ་ཤོས་སུ་བརྩི་བཞིན་ཡོད། གང་ལགས་ཤེ་ན་ནང་པའི་ཁོར་ཡུག་ནང་དུ་ལོ་སུམ་ཅུ་ལྟག་གི་རིང་ནང་པ་དང་ལྷན་དུ་འོ་ཆུ་བཞིན་འདྲེས་ནས་བསྡད་པ་དང་དཔེ་དེབ་དེ་ཉིན་འགའ་ཞིག་ལ་བཀླགས་པ་གཉིས་སྡུར་ས་མེད་པར་གྱུར། དཔེ་དེབ་དེས་སྤྲད་པའི་བློ་བསྐྱེད་ནི་ང་རང་ལོ་སུམ་ཅུ་ལྷག་གི་རང་གི་ནང་ཆོས་ལ་འདྲིས་པ་ལས་ཆེ་བ་བྱུང་། ཡང་ན་དཔེ་དེབ་དེ་གཅིག་བུས་ངའི་མི་ཚེ་དང་ནང་ཆོས་སོགས་ལ་བལྟ་སྟངས་མང་པོ་ཞིག་ལ་སྒོ་ཧད་ཀྱིས་ཕྱེས་པ་ལྟར་གྱུར། མདོར་ན་ངའི་འདུ་ཤེས་མང་དག་ཅིག་ལ་འགྱུར་བ་ཆེ་ཤོས་དེ་བྱུང་། དཔེ་དེབ་དེས་ནང་ཆོས་ཟེར་བ་འདི་ཇི་འདྲ་ཞིག་ཡིན་པ་ང་རང་ལོ་ངོ་སུམ་ཅུ་ལྷག་གི་རིང་ཤེས་མ་ཐུབ་པ་མང་པོ་ཞིས་ཤེས་ཐུབ་བཅུག་སོང་། དཔེ་དེབ་དེས་ང་རང་ནང་པ་ཞིག་ཡིན་སྙམ་པ་འམ་ཡང་ངའི་སེམས་ཁམས་འདི་ནང་པའི་སེམས་ཁམས་དང་མཐུན་པོ་ཨང་སྙམ་པའི་འདུ་ཤེས་ལ་ངེས་པ་ཞིག་སྟེར་སོང་། མདོར་བསྡུས་དཔེ་དེབ་དེ་ངའི་སེམས་ལ་འཇུག་ཤོས་བྱུང་།
ང་ཚོའི་སྤྱི་ཚོགས་ནང་དུ་ང་ནང་པ་ཡིན་ཞེས་སྐད་གསེངས་མཐོ་ཤོས་དང་ཆེས་སྔོན་མར་འོང་མཁན་ལ་རིགས་གཉིས་འདུག རིགས་དང་པོ་ནི་དགོན་པ་རང་རེའི་ཁག་གི་ཤུགས་རྐྱེན་ཟབ་མོ་ཐེབས་པའི་མི་རྣམས་རེད། དེ་དག་གིས་ཅུང་ཞིག་མ་འགྲིག་ན་མོ་འདེབས་པ གཉིས་མ་འགྲིག་ན་གཏོར་མ་བཅས་ནས་ཆོ་ག་འདོན་པ ད་དུང་གསུར་དང་གསེར་སྐྱེམ ལྷ་བཅོས་ཀླུ་བཅོས་སོགས་བྱེད། ད་དུང་དཔལ་ལྡན་ལྷ་མོ་འཁྲུག་(སྤྲོ་ལངས)འདུག!ཅེས་སོགས་ཟེར། དཔལ་ལྡན་ལྷ་མོ་བྱང་ཆུབ་སེམས་དཔའ་ལ་སྤྲོ་ཇི་ལྟར་ལངས? རིགས་གཉིས་པ་ནི་དེང་རབས་ཤེས་ཡོན་ཐོབ་(འདིར་ངས་གཙོ་བོ་དབྱིན་ཡིག་བརྒྱུད་ནས་ཤེས་ཡོན་ཐོབ་མཁན་དག་ལ་བཤད་ཀྱི་ཡོད)མྱོང་མཁན་དག་ཡིན། དེ་དག་ཀྱང་གཏོ་བཅོས་འདུལ་ཆོག་ལ་དད་པ་ནི་རིགས་དང་པོ་ལས་ཞན་པ་གང་ཡང་མིན་ཞིང་ དེ་དག་གིས་གནད་དོན་ཟབ་མོ་ཞིག་བཤད་སྐབས་ དེ་དཀོན་མཆོག་གིས་(སྐབས་རེ་སངས་རྒྱས་ཀྱིས་བཟོས་པ་ཡང་ཟེར)བཟོས་པ་རེད། ང་ཚོ་བྱེད་ཐབས་ཇི་ཡོད་སོགས་ཟེར། རིགས་དེ་གཉིས་ཀས་ང་ནང་པ་ཡང་དག་པ་ཡིན་བསམ་གྱི་ཡོད།
དཔེ་དེབ་འདི་བརྒྱུད་ནས་ངས་གོ་ཚུལ་ལྟར་ན་དེ་ལྟར་རེད་མི་འདུག འོ་ན་ཆོ་ག་བྱེད་མཁན་ཐམས་ཅད་ནང་པ་རྣམ་དག་མ་རེད་ཅེས་ཟེར་སྤོབས་སམ་ ཟེར་ན་ཁོ་བོའི་ལན་ནི་མི་སྤོབས། འོན་ཀྱང་རང་དང་རང་ལྟ་བུའི་གང་ཟག་གི་ཚད་དུ་ཐེག་པ་ཆེན་པོ་དང་སྔགས་ཀྱི་ཆོ་ག་འདི་དག་མི་མཚམས། དེ་ལས་ལྷག་པར་དུ་སྔགས་ཀྱི་ཆོས་འདི་རིགས་རྨོངས་དད་སྤེལ་བའི་རྒྱུ་གཙོ་བོ་ཞིག་ལས་གང་ཡང་མི་འདུག དེའི་ཕྱིར་ང་དང་ང་ལྟ་བུས་འདིའི་སྐོར་གང་ཡང་མི་ཤེས་པས་དེ་གུས་ཕྱག་དང་མཆོད་ཡུལ་དུ་འཇོག་པ་ཙམ་ལས་འབྲེལ་བ་གང་ཡང་མེད། འུ་ཐུག་ན་སུས་ཀྱང་གང་ཡང་བྱེད་སྲིད་པ་ནི་ཆོས་ཉིད་རེད། དེ་མིན་ང་དང་ང་ལྟ་བུས་ཐེག་ཆེན་དང་སྔགས་ལ་མཐོ་སྙབ་བྱེད་པ་ནི་འདོད་རྔམ་ཞིག་ལས་གང་ཡང་རེད་མི་འདུག གོང་དུ་བཤད་པའི་རིགས་འདི་གཉིས་ཀྱང་སེམས་ཀྱི་གནས་ཚད་ང་དང་ང་ལྟ་བུའི་གང་ཟག་དག་ལ་ཞུ་བ་ལས་རྟོགས་པ་ལྡན་པའི་གང་ཟག་དག་ལ་ཞུས་པ་ཡེ་ནས་མིན། དཔེ་དེབ་དེས་འདི་ལྟར་བཤད་པའི་སྤོབས་པ་ཞིག་དང་། རང་ཉིད་ནང་པ་(ཐེག་དམན་པ་ཡིན་ཤེས་ཆེ)་ཞིག་ཡིན་པའི་འདུ་ཤེས་ཇེ་བརྟན་དུ་གྱུར་།
དཔེ་དེབ་དེ་ལྟར་ན་ནང་པ་ཟེར་ན་ནི་བརྟེན་འབྲེལ་ཡན་ལག་བཅུ་གཉིས་ལ་ཡིད་ཆས་ཡོད་པ འཕགས་ལམ་ཡན་ལག་བརྒྱད་ལ་ཉམས་ལེན་བྱེད་མཁན ལྷ་བཅོས་ཀླུ་བཅོས་ལ་དད་པ་མེད་མཁན ཚན་རིག་གི་རིགས་འགྲོས་ལ་བློ་ཁ་ཕྱོགས་ཡོད་པ་སོགས་ཡིན། ད་དུང་ནང་པས་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་ཡིན་མོད། དེ་སངས་རྒྱས་ཀྱིས་རང་ཉིད་སྐྱོབས་པར་ཡིད་ཆས་ཀྱིས་སྐྱབས་འགྲོ་བྱེད་པ་ཡིན་མི་འདུག དེ་འདྲའི་འགན་ལེན་བྱེད་པ་ནང་པའི་ལུགས་སྲོལ་ཡིན་མི་འདུག འོ་ན་གང་གི་ཕྱིར་སྐྱབས་འགྲོ་བྱེད་པ་ཡིན་ཞེ་ནཿ ཁྱོད་རང་ཉིད་ཀྱི་འགྲོ་ལམ་དེ་རྙེད་པའི་ཆེད་དུ་སྐྱབས་འགྲོ་བྱེད་པ་ཡིན་འདུག སྟོན་པ་ནི་ལམ་རྟགས་དང་འདྲ་ཞིང་། ལམ་རྟགས་དེས་ཁྱེད་རང་འགྲོ་བའི་ཁ་ཕྱོགས་དེ་སྟོན་པ་ཡིན་གྱི་དེས་ཁྱོད་འགྲོ་ཡུལ་ལ་ནམ་ཡང་ཁྱེར་མི་འགྲོ་བ་བཞིན་ཡིན་འདུག དཔེར་ན་སྨན་པ་ཞིག་གིས་ཁྱོད་ཀྱི་ནད་ངོས་བཟུང་ནས་སྨན་ཤོག་སྤྲད་ནས་འཇོག་པ་ལས་སྨན་ཟ་མི་ཟ་ནི་ནད་པ་ཁྱོད་ཀྱི་ལག་ཏུ་ཡོད་པ་བཞིན་ཡིན་འདུག
ད་དུང་བཤད་རྒྱུར་། ཉོན་མོངས་ནི་རང་ཉིད་ཀྱིས་གསོག་སྦྱོང་བྱེད་པ་ལས་སུས་སུ་ལ་འགོ་མི་སྲིད་ལ་འདག་ཀྱང་མི་སྲིད། མདོར་ན་ནང་ཆོས་ནི་རང་ཉིད་ཀྱི་ཐར་ལམ་རང་ཉིད་ཀྱིས་འཚོལ་བར་སྐུལ་བའི་བློ་སྟོབས་སྤེལ་བའི་བྱ་འགུལ་ཞིག་དང་། ནང་པ་ནི་རང་ལམ་རང་གིས་འཚོལ་བའི་བློ་སྟོབས་ལྡན་པའི་མི་བདག་རེ་ཡིན་འདུག མདོར་ན་རྟོགས་པ་ལྡན་པའི་གང་ཟག་རྣམས་ཕུད་པའི་ང་དང་ང་ལྟ་བུའི་གང་ཟག་དག་གིས་གཏོ་བཅོས་འདུལ་ཆོག་སོགས་བྱེད་པ་འདི་དག་ནི་ཅང་གི་སར་སོང་མེད་འདུག
གཤམ་དུ་དཔེ་དེབ་དེས་ནང་ནས་རྙེད་པའི་བློ་བསྐྱེད་གསར་བ་གཞན་རེ་ཡང་ཀློག་པ་པོ་ཚོར་འབུལ་འདོད། འདི་དག་ང་རང་ལ་བློ་བསྐྱེད་ཡིན་པ་ལས་ཁྱེད་ཅག་ལ་བློ་བསྐྱེད་ཅིག་ཡིན་པའི་ཁྲོམ་སྒྲག་བྱེད་ཀྱི་མེད་ན་ཡང་། གལ་སྲིད་ང་འདྲ་བའི་གང་ཟག་དག་ལ་ཕན་ཐོགས་རེ་འབྱུང་སྲིད་སྙམ་པ་ཡིན།

2010/07/11

བོད་ཀྱི་མི་ལ་རྒྱ་གར་གྱི་མིང་།

བོད་ཀྱི་མིང་འདོགས་ཚུལ་ལས་བྱུང་བའི་བསམ་ཚུལ།
མིང་འདོགས་དགོས་པའི་རྒྱུ་མཚན་ནི་འབོད་པའི་ཆེད་དུ་ཡིན། དེ་མིན་དགོས་པ་གང་ཡང་མེད། འོན་ཀྱང་མི་རྣམས་ཀྱིས་མིང་འདོགས་ཚུལ་འདི་ཡང་བེད་སྤྱོད་སྣ་ཚོགས་སུ་བཀོལ་ནས་ད་ནི་མིང་འདོགས་པའི་རིག་པའི་གཞུང་ལུགས་ཤིག་བརྩམས་ཀྱང་ཆོག་པའི་ཚོད་དུ་གྱུར་ཡོད། ད་སྐབས་མིང་ལ་རྟེན་ནས་གང་ཟག་གང་དེའི་གནས་བབས་དང་རིན་ཐང་མཚོན་པར་བྱེད་ཆོག་ལ། མིང་ལ་རྟེན་ནས་མི་རིགས་ཤིག་གི་ངོས་འཛིན་ཡང་མཚོན་ཐུབ་ཀྱི་ཡོད། མིང་ལ་བརྟེན་ནས་ཡང་རྒྱ་བོད་མི་རིགས་ཐ་དད་དུ་སྒྲུབ་ཐུབ་ཀྱི་ཡོད།
འདིར་དོ་སྣང་བྱེད་དགོས་པ་ཞིག་ལ་ང་ཚོའི་ཡུལ་དུ་རྒྱ་གར་ནས་ནང་ཆོས་བླངས་ནས་རང་མི་རིགས་ཀྱི་གནའ་བོའི་རིགས་གཞུང་ལ་བརྩིས་མེད་བཏང་བ་ཙམ་དུ་མ་ཟད། རང་མི་རིགས་ཀྱི་ངོས་འཛིན་མཚོན་པའི་མིའི་མིང་འདོགས་ཚུལ་ཡང་ཕྱི་སྲོལ་ནང་ལེན་བྱས་ཡོད། འདི་ལ་ནོར་འཁྲུལ་གྱི་ཆ་ཇི་ཙམ་འདྲེན། རང་གི་རིག་གཞུང་ཉམས་པ་ལས་མི་རིགས་ཉམས་སོང་ན་དགའ་ཟེར་མཁན་ཚོ་ལ་དྲི་བ་འདི་ཚོར་ལན་གང་ཡང་ཡོད་རྒྱུ་མ་རེད། རྒྱུ་མཚན་ནི་འདི་ཡང་གཞོགས་གཅིག་ནས་བལྟས་ན་མདོག་གཅིག་ཏུ་མཐོང་སྟེ་རང་གི་རིག་གཞུང་རྒྱབ་ཏུ་བསྐྱུར་ནས་གཞན་གྱི་རིག་གཞུང་དང་དུ་བླངས་བ་ཞིག་ཡིན་པས་སོ།
རང་རེས་མིང་གི་ངོ་བོ་བརྗེས་པ་མ་ཟད་མིང་འདོགས་སྟངས་ཡང་རྒྱ་གར་ལ་ལད་མོ་བྱས་འདུག སྐབས་རེ་ལད་མོད་བྱེད་ཁུལ་ལ་བྱེད་མ་ཤེས་པའི་གནས་ཚུལ་དགོད་བྲོ་བ་འགའ་བྱུང་ཡོད་པ་འདྲ། དཔེར་ནཿ བླ་མ་ཞིག་ཡིན་ན་ངེས་པར་དུ་མིང་ལ་ཚེག་དབར་དྲུག་ཡོད་དགོས་པ་དང་། གྲ་པ་སྒྲུབ་སྐབས་མིང་གསར་བའི་མགོ་མཇུག་ལ་བླ་མའི་མཚན་ཟུར་རེ་ཡོད་དགོས་པ་འདི་དག་ཞིབ་ཏུ་བསམ་སྐབས་རྒྱ་གར་གྱི་མིང་འདོགས་ཚུལ་ལ་ལད་མོ་བྱེད་མ་ཤེས་པའི་དགོད་བྲོ་བའི་གནས་ཚུལ་ཞིག་རེད་འདུག རྒྱ་གར་ལ་རང་མིང་ཚིག་གཉིས་ཡོད་པ་དང་། དེའི་རྗེས་སུ་ཁྱིམ་མིང་གཅིག་བཅས་ཚིག་གསུམ་ཡོད་པ་དེ་ནི་རུས་སམ་ཁུངས་ངོམ་ཆེད་དུ་ཡིན། Verma ཚང་གི་ཁྱིམ་ལ་གནའ་མ་སླེབས་སྐབས་སྔར་མོའི་མིང་Rekha Singh ཡིན་ན་དེ་ནས་བཟུང་ Rekha Verma རུ་འགྱུར་ཡིན། དགོངས་པ་མ་འཚོམས། གྲ་པའི་མཚན་ཟུར་ལ་བླ་མའི་མཚན་ཟུར་འཇོག་པ་འདི་ཡང་རིག་པ་འདི་ལས་བྱུང་འདུག་སྙམ། ཁུངས་ཙམ་སྟོན་ཆེད་དུ་ཡིན།
ད་སྐབས་མིང་ལ་དབྱེ་ན་རུས་མིང་དང་ཁྱིམ་མིང་། ཐོབ་མིང་དང་འབོད་མིང་། རང་མིང་། བཏག་མིང་། བཅས་སུ་དབྱེ་རྒྱུ་ཡོད་འདུག
རུས་མིང་གིས་ཁྱིམ་དང་རུས་རྒྱུད་སྟོན་པ་ཡིན། འདི་ལ་དབྱིན་སྐད་དུ་surname ཞེས་འབོད། རང་རེར་རུས་མིང་འབོད་པའི་སྲོལ་ཡོད་ན་ཡང་ནང་ཆོས་དར་ནས་སྲོལ་དེ་ཉམས་དམས་སུ་སོང་ཡོད། འོན་ཀྱང་ལྷག་ཡོད་པ་ནི་བཀྲས་“མཐོང་བསྟན་འཛིན་རྣམ་རྒྱལ”་ཞེས་སོགས་ཡིན་ཞིང་། འདི་ནི་རང་རེའི་སྔར་གྱི་འབོད་སྲོལ་དང་མཐུན་པ་ཡིན། ཡང་ཕྱི་རྒྱལ་ལ་ལད་མོ་བྱས་པའི་རུས་མིང་འབོད་ཚུལ་ནི་“བསྟན་འཛིན་ཆོས་སྒྲོན་རྒྱལ་པོ”་ཞེས་པ་སོགས་ལྟ་བུ་ཡིན་ཞིང་། འདི་ནི་རང་རེའི་སྔར་གྱི་འབོད་སྲོལ་དང་མི་མཐུན་པ་ཡིན།
གཞན་ཡང་རང་རེས་མིང་ཇི་ཙམ་རིང་ན་དེ་ཙམ་གྱིས་གཟི་བརྗིད་དང་རྩ་ཆེ་བར་མཐོང་གི་ཡོད། དེ་ཡང་རྒྱ་གར་བས་ཁྱིམ་དང་། རུས་སོགས་སྟོན་ཆེད་དུ་མིང་རིང་དུ་འགྱུར་བ་ཡིན་ཡང་། རང་རེས་ནི་དེ་ལ་ལད་མོ་བྱེད་ཁུལ་ཡང་གནད་དོན་དེ་མ་ཤེས་པར་རང་འགར་མིང་རིང་དུ་གནར་བ་ཙམ་དུ་ཟད་དོ།
ཐོབ་མིང་དང་འབོད་མིང་ཟེར་བ་ནི་གོ་ས་དང་ཤེས་ཡོན་གྱི་གནས་ཚད་མཚོན་བྱེད་ཀྱི་མིང་དེ་ཡིན། འདི་ལ་དབྱིན་སྐད་དུ་ title ཞེས་འབོད། འདིར་རང་རེས་རྒྱ་གར་ལ་དགོད་བྲོ་བའི་ལད་མོ་གང་བྱས་ཡོད་ཟེར་ནཿ “དཔལ་བཟང་པོ”་ཞེས་པ་འདི་ཡིན། འདིའི་ཐད་ཀྱི་ལད་མོ་བྱེད་སའི་རྒྱ་གར་གྱི་མིང་ཚིག་ནི་ Shri Shrimati ཞེས་པ་འདི་ཡིན་འདུག དབྱིན་ཇི་བས་Mr.དང་། Mrs. ཡང་ན་Ms.ཞེས་བཀོལ། རྒྱ་གར་བས་ནི་Shri Atal Singh Verma ཞེས་པ་ “དཔལ་གོ་ཆ་འགྱུར་མེད་སེང་གེ” ཞེས་པར་འགྱུར་འོས་ཤིང་། འདི་ནི་ཤེས་ཡོན་དང་གོ་ས་སོགས་ཀྱི་ཐོབ་མིང་དམིགས་སུ་མ་བཀར་བར་ཆེ་བརྗོད་ཙམ་གྱི་སྐབས་སུ་འབོད་པ་ཡིན། འོན་ཀྱང་རང་རེས་ “གོ་ཆ་འགྱུར་མེད་སེང་གེ་དཔལ་བཟང་པོ” ཞེས་སུ་འབོད་ཀྱི་ཡོད། “དཔལ”་ཞེས་པ་འབོད་མིང་ཡིན་པས་མིང་གི་མགོར་འཇོག་དགོས་པ་མ་ཤེས་པར་འདུག ད་ “སྐབས་སྐུ” ་ཞབས་འདི་བེད་སྤྱོད་བྱེད་ཀྱི་ཡོད།
རང་མིང་ནི་གང་ཟག་རང་ཉིད་ལ་དམིགས་སུ་བཀར་ནས་སྤྲད་པའི་མིང་ཚིག་དེ་རེད། འདི་ལ་དབྱིན་སྐད་དུ་ given name ཞེས་ཟེར། རང་རེས་སྔར་གྱི་མིང་འདོག་ཚུལ་ནི་ ཨི་ཤོ་ལེགས། ཐི་ཤོ་ལེགས། ཟ་ནམ་ཟིན་ལྡེ་སོགས་ལྟ་བུ་ཡིན་མོད་། ད་སྐབས་ནི་ཧ་ལམ་བསྟན་འཛིན། ཚེ་རིང་། དོན་འགྲུབ་སོགས་ལས་སྔར་གྱི་མིང་འདོགས་ཚུལ་གཅིག་ཀྱང་ལྷག་མེད། དེར་མ་ཟད་ད་ལྟ་བལྟ་སྐབས་ད་ལྟའི་མིང་འདི་དག་མང་ཆེ་བ་རྒྱ་གར་གྱི་མིང་ཡིན་འདུག འཆི་མེད་ནི Amar རེད། དོན་འགྲུབ་ནི་Sidharth རེད། དབྱང་ཕྱུག་ནི་Shiv རེད། ནམ་མཁའ་ནི་Akaash རེད། ལྷ་མོ་ནི་Devi རེད། ཆོས་སྐྱོང་ནི་Dharampal རེད། རིན་ཆེན་ནི་Ratna རེད། འཚམས་ནི་Sima འམ་ Rekha རེད། ཚེ་རིང་ནི་ རྣམ་རྒྱལ་ནི་Vijay རེད། ཟླ་བ་ནི་Chandra རེད། ཉི་མ་ནི་Ravi འམ་ Suraj རེད། སེང་གེ་ནི་Singh རེད། བཀྲ་ཤིས་ནི Shubu རེད། འགྱུར་མེད་ནི་ Atal རེད། འཇམ་དབྱངས་ནི་Manju རེད། རྒྱལ་བོ་ནི Raj རེད། བཟང་པོ་ནི་Bhadra རེད། སྦྱིན་པ་ནི་Dutt རེད། སྒྲོལ་མ་ནི་Tara རེད། ད་དུང་དབྱངས་ཆེན། ཚངས་པ། དབང་ཕྱུག་སོགས་ནི་བཤད་ཅི་དགོས། ཨོ་ད་ལྟ་བློ་ཐོག་ན་མི་དྲན་ལས་ཞིབ་འཇུག་ཅིག་བྱས་ན་ད་དུང་ཇི་ཙམ་འདྲེན་མེད་དམ།
བཏག་མིང་ཞེས་པ་ནི་ཁོ་བོས་ད་སྐབས་མིང་འདོགས་ཞེས་པ་འདི་ལ་བསམ་པ་ཡིན། འདི་ལ་དབྱིན་སྐད་དུ་ nick name ཞེས་འབོད། རང་རེས་མིང་འདོགས་ཞེས་པ་དམའ་འབེབས་ཤིག་ཏུ་མཐོང་གི་ཡོད་མོད། དབྱིན་ཇི་བས་དེ་ལྟར་དུ་མཐོང་གི་མེད། འདི་རང་ཉིད་སྒྱུ་རྩལ་གྱིས་ལམ་ནས་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་ཐུབ་པའི་མིང་ཁྱད་པར་བ་ཞིག་ཏུ་བརྩི་བ་ཡིན། འདི་སྐོར་ལ་དམིགས་བསལ་བཤད་དགོས་པ་གལ་ཆེན་གང་ཡང་མེད།

བཀླགས་མང་ཤོས།

ཟིན་བྲིས་བཀླགས་གྲངས་ཁྱོན་སྡོམ།

དཔར་རིས་འགྲེམ་སྟོན།

དཔར་རིས་འགྲེམ་སྟོན།
ངའི་བུ་མོ་སློབ་གྲའི་རྩེད་མོའི་ཉིན་མོ་ཨང་གཉིས་པ་ཐོབ།

ང་རང་གི་སྐོར།

My photo
I am a Tibetan, and a teacher. I have a dream that we have a unified Tibetan language. I see there is a way for this. རེ་བ་འདི་འགྲུབ་མི་སྲིད་པ་ཞིག་མིན་ལ། འདིའི་ལམ་སྣེ་གུས་པའི་ལག་ཏུ་ཡོད། དེ་ནི་ཁོ་བོས་བྲིས་པའི་(སྒྲ་སྒྲུབ་རིག་པ)ཡི་ནང་དུ་གསལ་ཡོད།