2010/08/24

མི་འདོད་ཐོག་བབས-ལས་དབང་གི་འཁང་ར་།

ངག་ནས་འཁྱལ་བའི་ཚིག་སྐམ་འགས།
ཤི་ཟིན་པའི་ཚེ་སྲོག་སླར་གསོ་མི་ཐུབ་ལ།
ཤུལ་ལྷག་པའི་གསོན་པོའི་སེམས་སྡུག་སངས་མི་ཐུབ།
འོན་ཀྱང་དགེ་མཐོང་གིས་ཕན་ཐོགས་ཤིག་མཐོང་བས།
ངས་རམ་འདེགས་ཤིག་བྱས་པ་ཡང་འོས་པར་མཐོང་།
འོན་ཀྱང་ང་ལ་ངུ་བའི་མིག་ཆུ་མེད་དེ།
ངའི་མིག་ལས་མཆི་མ་བསྐམས་ཟིན།
ང་ལ་སྒྲོག་པའི་ངུ་ངག་མེད་དེ།
ང་ངུས་ནས་གྲེ་བ་འགགས་ཟིན་།
ན་ནང་མི་ནག་ཚང་གི་གཅར་རྡུང་དང་གདུག་རྩུབ།
དོ་ཚིགས་ས་ནག་ཡུལ་གྱི་ཡུལ་སྐྱོམ་དང་གཏོར་བཤིག
ད་ཆ་ཡང་ཆུ་ནག་བཞུར་བས་ལ་བཤག་དང་ལུང་བཤག
ད་དུང་རླུང་ནག་དང་མེ་ནག་་་་
གཞན་གང་ཞིག་གིས་མདུན་ན་སྒུག་ཡོད་མེད་སུས་ཤེས།
བོད་གངས་ཅན་གྱི་ལས་དབང་འདི།
སུ་ཞིག་ལ་གཟིགས་འབུལ་ཞུ་འམ།
ན་ནང་བཟི་ཚ་དང་དོ་ཚིགས་ཡུལ་ཤུལ།
ད་ལྟ་འབྲུག་ཆུ། འོ་་་ད་དུང་ལ་དྭགས།
རང་རེའི་ཡུལ་གྲུ་འདིར་མི་འདོད་ཀྱི་ཟོ་ཆུན་སྟར་བ་འདིར་
ངས་ལས་དབང་ལ་འཁང་ར་ཞིག་བྱེད།

2010/08/22

ང་ཚོ་ལ་རང་བཙན་དགོས་ཏེ། རྒྱུ་མཚན་ནི་ང་ཚོ་ནི་སྐྱེ་བོ་ཕལ་བ་ཡིན་པའི་ཕྱིར་རོ།




དབུ་མའི་ལམ་རིང་ལུགས་པའི་སྒྲུབ་བྱ་ཐོག་མ་ནི་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་དེ་མིན།


དབུ་མའི་ལམ་རིང་ལུགས་པ་དབུ་མའི་ལམ་པ་བ་ཟེར་བ་ནི་དབུ་མའི་ལམ་ལ་ཡིད་ཆས་ཡོད་པར་བརྗོད་པའི་གང་ཟག་དག་ལ་གོ་བ་ཡིན། ད་སྐབས་རང་རེའི་སྤྱི་ཚོགས་འདིར་རང་བཙན་ལ་རྒྱབ་སྐྱོར་བྱེད་ན་མི་དེ་ཐ་ཤལ་ཞིག་ཏུ་བརྩི་བའི་ཚོད་དུ་སྣང་། འདི་ནི་ངོ་མ་ཡིད་སྐྱོ་དགོས་པའི་གནད་དོན་ཞིག་རེད། རང་ཉིད་ཀྱིས་རང་དོན་རྗོད་པ་ལ་སྐྱོན་རྗོད་བྱེད་ན་སུས་རང་དོན་རྗོད། རང་རེའི་མི་རིགས་འདི་ད་དུང་རང་ཉིད་དྲན་གཡོག་ཏུ་འགྲོ་རྒྱུར་འཚེར་སྣང་མེད་པ་འདི་ཡ་མཚན་ཆེ།


ཨ་ལ་ཀུ་རེ་ཡིན། ངའི་བསམ་པར་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་མང་དག་ཅིག་རྒྱའི་འོག་ཏུ་འགྲོ་བའི་དུས་ཚོད་ལ་སླེབས་སྐབས་མི་ལོག་མཁན་གྱི་གྲས་སུ་ཡོད་པར་སྣང་བ་ལས། དེ་དག་ངོ་མ་དྲན་གཡོག་ཏུ་འགྲོ་རྒྱུར་འཚེར་སྣང་མེད་པ་ཡིན་ཚོད་མེད། གང་ལགས་ཤེ་ན་དྲན་གཡོག་ཏུ་འགྲོ་བར་འཚེར་སྣང་མེད་མཁན་ངོ་མ་ཡིན་ན་སྐྱོན་དུ་མི་འགྲོ་སྟེ། དེ་དག་ནི་ཆོས་ཀྱི་རླབས་རྒྱུན་རྒྱུད་ལ་འཇག་པའི་གང་ཟག་རང་འགའ་བ་མ་ཡིན་མཁན་དག་ཡིན་དགོས། དེ་མིན་རང་རེ་དཀྱུས་མའི་མི་སུ་ཞིག་གིས་དྲན་གཡོག་བྱེད་འདོད།


ཨ་ལ་ཀུ་རེ་ཡིན། དབུ་མའི་ལམ་རིང་ལུགས་པ་དག་དྲན་གཡོག་ཏུ་འགྲོ་བར་ཁས་བླངས་བ་ཡིན་རྒྱུ་མ་རེད། དབུ་མའི་ལམ་རིང་ལུགས་པ་ལ་འདི་ལ་ཁག་གཉིས་ཡོད། ཚུལ་བཞིན་རྟོགས་པའི་དབུ་མའི་ལམ་པ་བ་དང་། ཚུལ་བཞིན་མ་རྟོགས་པའི་དབུ་མའི་ལམ་པ་བ་གཉིས་ཡོད། གཉིས་པ་ལ་ནི་བཤད་རྒྱུ་གང་ཡང་མེད། ཁོང་དག་གི་རིག་སྟོབས་གཞན་ལས་ཞན་པས་ད་དུང་ཡང་ཕྱིས་ཕྱིན་པ་ཞིག་རྟོགས་མ་ཐུབ་པ་རེད། འདི་ལ་བྱ་ཐབས་གང་ཡང་མི་འདུག འདི་ཡང་དབུ་མའི་ལམ་གྱི་སྐྱོན་ཞིག་ཏུ་བགྲང་ཆོག རྒྱུ་མཚན་ནི་ཁོ་ཚོས་རང་བཙན་ཟེར་བ་ལ་རྒྱབ་སྐྱོར་བྱས་ན་རང་ཉིད་ཀྱི་གང་ཞིག་དང་གང་འདྲ་ཞིག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དེ་གསལ་བོར་ངེས་ཐུབ་ཀྱི་ཡོད། དབུ་མའི་ལམ་འདི་འཚམས་སྦྱོར་བྱས་ནས་བཙན་བྱོལ་སྤྱི་ཚོགས་ཀྱི་མི་རབས་ཀྱི་བར་ཅུང་ཟད་ཆེ་རུ་བཏང་བ་དང་། དུམ་བུ་གཉིས་ལ་བཏང་བ་ཡང་ཡིན།


ཨ་ལ་ཀུ་རེ་ཡིན། ངས་དབུ་མའི་ལམ་ལ་སྐྱོན་རྗོད་བྱེད་མི་འདོད། ཁྱོད་ཀྱིས་དབུ་མའི་ལམ་གྱི་གནད་དོན་ཤེས་ཀྱི་མི་འདུག་ཅེས་བརྗོད་ན་ངས་ཁས་ལེན་འདོད་མེད་ཀྱང་། དོན་ངོ་མར་རང་ཉིད་ཀྱིས་དབུ་མའི་ལམ་གྱི་གནད་དོན་ཤེས་ཀྱི་མེད་པ་ཡིན་ཀྱང་མི་སྲིད་མིན། ངས་བཤད་འདོད་པ་ནི་ང་རང་མི་དཀྱུས་མ་ཞིག་ཡིན་པ་དང་། བོད་མི་ནི་ང་དང་ང་འདྲ་བའི་མི་དཀྱུས་མ་འམ་ཕལ་བ་ལས་གྲུབ་པ་ཡིན་པའི་རྒྱུ་མཚན་གྱིས་རང་རེར་དགོས་པ་ནི་(ཉུང་མཐར་ཡང་རྒྱ་ནག་དམངས་གཙོ་ཚན་ལྡན་ཞིག་ཏུ་མ་གྱུར་བར་དུ)་རང་བཙན་ཉིད་ཡིན་ཞེས་རྗོད་འདོད་པ་ཡིིན། འདི་ལ་རང་བློར་དཔག་པའི་རྒྱུ་མཚན་ཡོད། རྒྱུ་མཚན་གཞན་ནི་གཞོན་སྐྱེས་རྣམས་ལ་འདོད་པ་ཡོད་པའི་རང་མི་རིགས་འདི་འཛམ་གླིང་འདིའི་ཐོག་གནས་ཚུལ་གང་ཐད་ནས་མི་རིགས་གཞན་དག་ལ་ཕྲག་པ་མཉམ་བཤིབས་ཀྱི་འགྲོ་བའི་ཐོབ་ཐང་སོགས་རྗོད་མི་དགོས་པའི་རྒྱུ་མཚན་དེ་དག་ཡིན། འདིར་བརྗོད་འདོད་པའི་བདག་གི་རྒྱུ་མཚན་ནི་རང་ཅག་རྒྱ་བོད་གཉིས་ཀ་མི་དཀྱུས་མ་ཤ་སྟག་ཡིན་པ་འདི་ཡིན། ཁྱེད་རྣམས་ཀྱིས་འདི་ཧ་ཅང་ཅོལ་ཆུང་དུ་གཟིགས་ངེས་མོད། དེ་ནི་གུས་རང་གི་ཀླད་པ་དེ་ཙམ་ཡིན་པ་ཁྱེད་ཅག་ལ་བསྟན་པ་ཙམ་ཡིན།


ངའི་བསམ་པར་ཇི་སྲིད་རང་ཅག་རྒྱ་བོད་མི་རིགས་གཉིས་ཀ་གང་ཟག་ཕལ་བ་ཡིན་པ་དེ་སྲིད་དུ་གཅིག་འོག་གཅིག་གནས་ཀྱིས་མཐུན་འབྲེལ་འོ་ཆུ་བཞིན་འདྲེས་པ་ཞིག་ཡོངས་ཐབས་མེད། དེའི་རྒྱུ་མཚན་ནི་རྒྱ་མི་སྡུག་ཅག་ཡིན་པའི་རྐྱེན་གྱིས་མིན་ལ་བོད་མི་སྡུག་ཅག་ཡིན་ཟེར་བ་ཡང་མིན། འཇིག་རྟེན་གྱི་རྐྱེ་བོ་ཕལ་བ་རིགས་མི་མཐུན་པ་གཉིས་ལྷག་པར་དུ་གྲངས་མང་ཉུང་ཤོར་བ་གཉིས་མང་བ་དེའི་འོག་ཏུ་ཉུང་བ་དེ་སྡོད་དགོས་ཚེ་འཁུན་སྒྲའི་རྒྱུན་མ་མི་ཆད། རྒྱ་རིགས་དབང་སྒྱུར་བས་བོད་རིགས་དབང་བསྒྱུརད་བ་ལ་ལྷག་བསམ་རྣམས་དག་གིས་བྱམས་སྐྱོང་ཞིག་བྱེད་མི་ཐུབ་ལ། གལ་སྲིད་ཁ་ཞེ་གཉིས་མེད་ཀྱིས་བྱམས་སྐྱོང་རེ་བྱུང་ཡང་དེ་ཇི་བཞིན་ཚོར་མི་ཐུབ།


དཔེར་ན་བོད་ཀྱི་དུས་དེབ་སྐད་གྲགས་ཅན་ཤར་དུང་རིར་རྩོམ་པ་པོ་དཔའ་བོ་ཞིག་གིས་གསོན་པོ་ཞེས་པའི་སྨྱུག་མིང་འོག་པ་ བྲིས་པ་བཞིན་རེད། ཁོང་གིས་‘ཏིང་ཞའོ་ཕིང་གིས་རྒྱ་ནག་གི་དཔལ་འབྱོར་སྒྱུར་བཅོས་ཀྱི་སྲིད་ཇུས་འདི་རྒྱ་མི་ཚོའི་བདེ་དོན་ཁོག་ལ་གཙོ་བོར་བཅིང་ནས་བཟོས་པ་ལས་རྒྱ་ནག་རྒྱལ་ཁབ་ཀྱི་ཡར་རྒྱས་ལ་དམིགས་པ་ཞིག་མིན་ལ་ལྷག་པར་དུ་གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་ལ་ཁུར་སེམས་ཡེ་ནས་མེད་པར་བཟོས་པར་’གསུངས་ཡོད་ལ། དེ་རྒྱུ་མཚན་ལ་ ‘ཏིང་གིས་བཤད་ན་ “དཔལ་འབྱོར་བཅོས་བསྒྱུར་དེ་སྔོན་ལ་རྒྱ་ནག་མཚོ་མཐའ་ས་ཁུལ་ནས་འགོ་འཛུགས་དགོས་དོན་ནི་མཚོ་མཐའ་ཁུལ་ལ་མཚོ་ལམ་ཡོད་སྟབས་ཚོང་གི་འབྲེལ་ལམ་བྱེད་བདེ་བའི་དབང་གིས་ཡིན་ཟེར་།” འོན་ཀྱང་དེ་ནི་ཉེ་དགའ་ཕྱོགས་ལྷུང་བྱས་པ་ཞིག་རེད། གང་ལགས་ཤེ་ན་མཚོ་མཐའ་ཁུལ་ལ་རྒྱ་མི་ཤ་སྟག་ལས་གྲངས་ཉུང་མི་རིགས་གཅིག་ཀྱང་གནས་སྡོད་བྱེད་ཀྱི་མེད། གལ་སྲིད་ངོ་མ་ཚོང་གི་འབྲེལ་ལམ་ལ་བསམ་པ་ཡིན་ན་དཔལ་འབྱོར་སྟོབས་ཤུགས་ལྡན་པའི་རུ་སུ་དང་ས་འབྲེལ་ཡིན་པ་ཤིན་ཅང་དང་ནང་སོག་ནས་འགོ་མ་བཙུགས་པ་གང་ཡིན། ཡར་རྒྱས་འགྲོ་བཞིན་ཁྱིམ་མཚེས་རྒྱལ་ཁ་རྒྱ་གར་དང་ས་འབྲེལ་ཡིན་པ་བོད་ནས་འགོ་མ་བཙུགས་པ་གང་ཡིན།’ ཞེས་སོགས་བཀོད་ཡོད།


ཏིང་ཞའོ་ཕིང་གིས་ངོ་མ་ཉེ་དགའ་ཕྱོགས་ལྷུང་བྱས་པ་ཡིན་པ་ཧ་ཅང་སྲིད་ལ། བོད་མི་ཁོང་གིས་དེ་ལྟར་མཐོང་བ་ཙམ་ཡིན་པ་ཡང་སྲིད། གནད་དོན་འདི་དང་འདི་འདྲ་བའི་གནད་དོན་ཆེ་ཕྲ་ཆུང་གསུམ་གཅིག་རྗེས་གཉིས་མཐུད་དུ་འབྱུང་རྒྱུ་ཡིན་ལ། འདི་དང་འདི་ལྟ་བུའི་སེམས་ཁ་མ་གང་བ་ཡང་དེ་བཞིན་ཡོང་ངེས་ཡིན། འདི་འདྲའི་སྐབས་སུ་གཞན་ཕྱོགས་ཀྱིས་མཐོང་སྣང་ལ་བོད་མི་འདི་དག་གིས་འདི་བྱས་ཀྱང་བཟང་བྱས་པར་མི་གོ། དེ་བྱས་ཀྱང་ལོག་པར་གོ། ཕ་གི་བྱས་ཀྱང་བློ་ཚིམས། མདོར་ན་གང་བྱས་ཀྱང་སྡུག་པའི་ཕྱོགས་དེ་མ་གཏོགས་མི་མཐོང་བས་མི་རིགས་ཇི་འདྲའི་ཐ་ཤལ་ཞིག་རེད་ཅེས་བསམ་ནས་ཞེ་ཐག་ཇེ་རིང་དུ་འགྲོ། རང་ཕྱོགས་བོད་མི་ཚོའི་མཐོང་སྣང་ལ་འདི་ཡང་རྒྱ་མི་ཚོའི་ཁེ་ཕན་ཆེད་དུ་རེད། དེ་ཡང་ང་ཚོ་ལ་བརྙས་བཅོས་རེད། ཕ་གི་ཡང་མ་དྲང་བར་བྱས་སོང་། རྒྱ་རིགས་འདི་དག་གིས་ང་ཚོར་བཟང་བ་ཞིག་ནམ་ཡང་མི་བྱེད་སྙམ་ནས་སེམས་ཐག་ཇེ་རིང་དུ་འགྲོ། དེ་ནི་རང་ཅག་གཉིས་སྐྱེ་བོ་ཕལ་བ་ཤ་སྟག་ཡིན་པའི་དབང་གིས་ཡིན། འདི་ལ་ཐབས་ལམ་མེད། དངོས་དོན་འདི་རེད། འཁོན་འཛིན་གྱི་སྣེ་ལ་འཁོན་འཛིན་ལུ་གུ་བརྒྱུད་ནས་སྡོད་རྒྱུ་ཙམ་ཡིན།


༧གོང་ས་མཆོག་སོགས་བྱང་སེམས་རྒྱུད་ལྡན་གྱི་གང་ཟག་དང་ཐུགས་རྒྱ་ཆེ་བའི་སྐྱེ་བོ་འཕགས་པ་དག་གིས་གནད་དོན་འདི་གཟིགས་ཀྱི་མེད་ལ་གཟིགས་རུང་ཅོལ་ཆུང་ཞིག་ཏུ་བརྩིས་ནས་སྣང་མེད་གཏོང་གི་ཡོད། འོན་ཀྱང་ང་ཁྱོད་ལྟ་བུ་སྐྱེ་བོ་ཕལ་བ་རྣམས་ལ་གནད་དོན་འདི་སྣང་མེད་དུ་འཇོག་ཐུབ་པ་ཞིག་ཡེ་ནས་མིན། འཁོར་བའི་སྡུག་བསྔལ་གྱི་བཙེས་པའི་ཉིན་རེ་ཉིན་རེའི་འཚོ་བའི་ནང་དུ་འདི་འདྲ་ནི་ཟེར་ཟུགས་ཀྱི་སྣོན་མ་ཞིག་ཡིན། གལ་སྲིད་ཁས་དྲག་ཞན་ཤོར་བའི་རྒྱ་བོད་ལོགས་སུ་མི་སྡོད་པར་མཉམ་དུ་བསྡད་ན་སྡུག་བསྔལ་འདི་དག་རང་ཉིད་ཀྱིས་ཆེད་དུ་བཟོས་པ་རང་རེད། དེའི་ཕྱིར་ང་རང་ཚོ་ལོགས་སུ་བསྡད་ན་སྡུག་བསྔལ་གཞན་ལས་ཐར་བའི་འགན་ལེན་མེད་ཀྱང་ཆེད་དུ་བཟོས་པའི་དཀའ་སྡུག་འདི་ཡོང་མི་དགོས་པ་འབྱུང་།


ངོ་མ་བཤད་ན་ཁོ་བོས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་མང་དག་གི་སེམས་ཁམས་ལ་བརྟག་སྐབས་འདི་འདྲ་བའི་འཁུན་སྒྲ་དེ་ང་འདྲ་བའི་གང་ཟག་ལས་ལྷག་པར་དུ་ཆེ་བ་ལས་ཆུང་བ་མི་འདུག ནམ་ཞིག་དབུ་མའི་ལམ་གཞིར་བཞག་གི་ལམ་ཁ་དེ་བརྒྱུད་ནས་རང་ཡུལ་དུ་ལོག་ན་ཁོ་ཚོ་འཁུན་སྒྲ་དེ་ཙམ་དུ་མ་ཟད་འུ་དོད་གནམ་ས་འགེངས་མཁན་གྱི་གྲས་ཡིན་པ་ངས་བཤད་ཐུབ་ཀྱི་འདུག འོན་ཀྱང་གནད་དོན་དེ་སུས་སུ་ལ་བཤད། ཁོ་ཚོ་ལ་རང་ཚུགས་ཐུབ་པའི་བསམ་གཞིགས་ཀྱི་སྙིང་སྟོབས་མེད་སྟབས་གཞན་གྱི་རྗེས་སུ་འབྲེང་རྒྱུ་ལས་ཅི་ཡོད། གཅིག་བྱས་ན་ཁོ་ཚོ་ལ་ནོངས་བ་ཅི་ཡོད་དེ། ཁོ་ཚོ་རྗེས་སུ་འབྲེང་ས་དེ་རང་གི་དབུ་ཁྲིད་ཡིན་པ་ནོར་མེད་པས་ཁོ་ཚོ་ལ་ལེ་བདའ་ས་ཡང་ཅི་ཡོད། ཁོ་ཚོ་ལ་དེ་ཙམ་ལས་རེ་བ་མེད་ན་ཅི་བྱེད།


འགའ་ཞིག་གིས་རང་བཙན་རྩོད་མི་འོས་པའི་རྒྱུ་མཚན་ལ་སྔར་རང་བཙན་ཡིན་པ་སྒྲུབ་ཐུབ་མིན་ལ་འཇོག་གི་འདུག ངའི་བསམ་པར་གནད་དོན་ནི་སྔར་གྱི་གནད་དོན་མིན་པར་ད་ལྟ་དགོས་སམ་མི་དགོས་དང་། མ་འོངས་པར་དགོས་སམ་མི་དགོས་ཀྱི་གནད་དོན་རེད། ལས་དོན་ཚང་མ་སྔར་གྱི་གནད་དོན་གཞི་འཇོག་དགོས་ན་གསར་བ་ཞིག་ཡོང་ཐབས་མེད། སྔར་རྒྱལ་ཁབ་མིན་པར་གསར་དུ་འཛུགས་མ་ཆོག་ན་རྒྱལ་ཁབ་གསར་བ་ཡོང་ཐབས་མེད། སྐྱེ་བོ་སུ་ལ་ཡང་རང་གི་ཕ་མའི་ཁྱིམ་ལ་སྡོད་འདོད་ཡོད་ན་སྡོད་ཆོག་ལ་རང་གི་ཁྱིམ་གཞིས་ལོགས་སུ་འཛུགས་འདོད་ན་དེ་ཡང་ལོས་ཆོག གནད་དོན་ངོ་མ་འདི་རེད། རང་གི་ཁྱིམ་གཞིས་ལོགས་སུ་འཛུགས་དགོས་པའི་རྒྱུ་མཚན་གང་ཞིག་བཤད་རུང་ཆོག ཕ་མས་རང་ལ་བྱམས་སྐྱོང་མ་བྱས་པ་འམ་དབྱེ་ཁྱད་ཕྱེས་པ་རྒྱུ་མཚན་དུ་བྱས་ནས་ཁྱིམ་གཞིས་ལོགས་སུ་འཛུགས་ཆོག་ལ། ཕ་མས་དེ་ལྟར་བྱས་པར་མཐོང་བ་རྒྱུ་མཚན་དུ་བྱས་ནས་རང་གི་ཁྱིམ་གཞིས་ལོགས་འཛུགས་ཀྱང་ཆོག རྒྱུ་མཚན་ནི་ཁྱིམ་འདིར་བསྡད་ན་རང་དབང་དང་བདེ་སྐྱིད་མེད་པ་དེ་རེད།


ཡ་མཚན་པ་ཞིག་ལ། ཡང་འགའ་རེས་ཁྱོད་ཀྱིས་རང་བཙན་གྱི་བལྟ་བ་འཁྱེར་མི་འོས་ཏེ། ཁྱོད་ཀྱིས་བོད་ཀྱི་དོན་དུ་ལས་དོན་གང་ཡང་བྱེད་ཀྱི་མེད་པས་སོ་ཞེས་ཟེར། འདིའི་འབྲུ་དོན་ནི་རང་ཉིད་ཀྱིས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་དོན་དེ་རང་ཉིད་ཀྱིས་བོད་དོན་དུ་གང་ཡང་བྱེད་མི་དགོས་པའི་དབང་གིས་ཡིན་ཞེས་པ་འདི་འབྱུང་། ལས་འགུལ་མ་སྤེལ་བར་དབུ་མའི་ལམ་འཛིན་ཆོག་ན་ལས་འགུལ་མ་སྤེལ་བར་རང་བཙན་གྱི་བལྟ་བ་འཛིན་ལོས་ཆོག


ཁ་ཁོག་མཚུངས་བའི་རང་རིགས་མང་དག་ཅིག་ཅིག་གིས་དབུ་མའི་ལམ་འདི་འཐོབ་མགྱོགས་པ་ཟབ་མོ་བསྔགས་ལམ་ལྟ་བུ་དང་། རང་བཙན་གྱི་ལམ་འདི་གུལ་བ་རྒྱས་པ་མདོའི་ལམ་བཞིན་ཡིན་པས་ནས་ཁོ་ཅག་གིས་དབུ་མའི་ལམ་ལ་བྱེད་ཀྱི་ཡོད་ཟེར། རྒྱ་ནག་དམངས་གཙོ་ཚད་ལྡན་ཞིག་མ་ཆགས་པར་དུ་དབུ་མའི་ལམ་དང་རང་བཙན་གཉིས་ལ་རིང་ཐུང་ཏིལ་ཙམ་མེད། ཡང་ན་ད་ལྟའི་ཆར་དེ་གཉིས་ལ་རིང་ཐུང་ཏིལ་འབྲུ་ཙམ་མི་གསལ། ད་དུང་རང་ཅག་གིས་འཇོན་ན་རང་བཙན་འདི་འཐོབ་སླ་བ་ཡང་ཡིན། དབུ་མའི་ལམ་ནི་བསླངས་ནས་སྤྲོད་དགོས་པ་རེད། རང་བཙན་ནི་འཕྲོག་དགོས་པ་རེད། ཇག་པ་དག་གིས་གཞན་གྱི་རྒྱུ་ནོར་མི་སློང་བར་འཕྲོག་གི་ཡོད། འདི་རང་ལ་འཇོན་ཐང་ཡོད་ན་སློང་བ་ལས་འཕྲོག་པ་ལས་སླ་བ་ཡོད་པའི་གཏན་ཚིགས་ཀྱི་རང་བཞིན་དེ་ལ་གཏུགས་ཡོད། དྲང་མོར་བཤད་ན་རང་ཅག་ལ་དེ་འདྲའི་འཇོན་སྟངས་ཤིག་ཡོད་མེད་ཐེ་ཚོམ་ཡིན་མོད། ན་ནང་བོད་རྒྱ་ཞི་མོལ་ཐེངས་བརྒྱད་པའི་ཡིག་ཆར་རྒྱ་ནག་གིས་སྤྲད་པའི་བརྡ་ལན་དེ་ལ་དཔྱད་པ་ཞིག་གནོངས་དང་དབུ་མའི་ལམ་དང་རང་བཙན་གཉིས་ཐག་ཉེ་རིང་མེད་པ་འམ་ཡང་ན་ད་དུང་ཉེ་རིང་གསལ་ཁ་མེད་པ་དེ་གསལ་བོར་རྟོགས་དགོས་ཚོད་རེད།


ཨ ལ་ཀུ་རེ་ཡིན། དབུ་མའི་ལམ་པ་བ་དག་གིས་གནད་དོན་འདི་འདྲ་ཞིག་ཀྱང་མ་གཟིགས་ཡིན་ག་ལ་སྲིད། འོན་ཀྱང་གོང་དུ་ཚུལ་བཞིན་རྟོགས་པའི་དབུ་མའི་ལམ་པ་བའི་སྐོར་དེ་སྐབས་འདིར་བཤད་འདོད་པ་གཙོ་བོ་དེ་ཡིན། འདི་ལ་ཡང་རང་རིགས་འགའ་ཡོད། མདོར་བསྡུས་ན་དབུ་མའི་ལམ་པ་འདི་དག་གི་སྒྲུབ་བྱ་ཨང་རིམ་དང་པོ་དེ་བོད་རྒྱལ་ཁབ་ཀྱི་བདེ་དོན་མ་རེད། འགའ་ཞིག་བསྒྲུབ་བྱ་དང་པོ་ནི་འཛམ་གླིང་བདེ་དོན་ཡིན་པ་དང་འགའ་རེའི་སྒྲུབ་བྱ་དང་པོ་ནི་རང་དོན་དང་གོ་ས་རེད།


རིགས་འདི་ནང་ནས་དང་པོ་༧གོང་མཆོག་མཆོག་ནི་འཛམ་གླིང་གི་ཉི་མ་རེད། ཁོང་གི་བསྒྲུབ་བྱང་ཨང་དང་པོ་ནི་བོད་དོན་མིན་པར་‘འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་བྱ་རྒྱུ་དེ་ཡིན།’ བོད་དོན་ནི་ཁོང་གི་བསྒྲུབ་བྱ་ཨང་གསུམ་པ་དེ་རེད། ༧ཁོང་ལ་བསྒྲུབ་གཙོ་བོ་གསུམ་ཡོད་ཅིང་། དེ་དག་ཁོང་གི་དྲ་ཚིགས་ལས་ཕབས་བཤུ་བྱས་གསམ་གསལ་འདི་ཡིནཿ


“དང་པོ། ཁོང་ཉིད་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། འགྲོ་བ་མིའི་རྒྱུད་ཀྱི་བཟང་སྤྱོད་གོང་མཐོར་སྤེལ་ཐབས་བྱ་རྒྱུ་དེ་ཡིན་ཞིང༌། དེ་ནི་མི་སྒེར་དང༌། ཁྱིམ་ཚང༌། སྤྱི་ཚོགས་བཅས་སུ་བདེ་སྐྱེད་འབྱུང་བའི་གཞི་རྩ་ཡིན་པར་བཞེད །


གཉིས་པ། ཁོང་ཉིད་ཆོས་པ་ཞིག་ཡིན་པའི་ཆ་ནས། ཆོས་ལུགས་ཕན་ཚུན་བར་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ་དེ་ཡིན་ཞིང༌། ཆོས་ལུགས་འདྲ་མིན་ལ་ལྟ་བ་དང་གྲུབ་མཐའ་འདྲ་མིན་ཡོད་ཀྱང༌། བྱམས་པ་དང༌། བརྩེ་བ། བཟོད་སྒོམ། ཆོག་ཤེས། ཚུལ་ཁྲིམས་བཅས་ཀྱི་བསླབ་བྱ་ཉམས་སུ་ལེན་པར་ཆོས་ལུགས་ཚང་མ་གཅིག་མཚུངས་ཡིན་པ་མ་ཟད། མི་ཚེ་བདེ་སྐྱེད་ཀྱི་ལམ་དུ་འཁྲིད་པའི་ནུས་པའང་གཅིག་མཚུངས་ཡིན་པར་བཞེད།


གསུམ་པ། ཁོང་ཉིད་བོད་མི་ཞིག་ཡིན་པ་དང་ཏཱ་ལའི་བླ་མའི་མཚན་གནས་ཡོད་པ། ལྷག་པར་དུ་བོད་ཕྱི་ནང་དུ་ཡོད་པའི་བོད་མི་སེར་སྐྱ་ཡོངས་ཀྱིས་ཡིད་ཆེས་བློ་གཏད་ཆེན་པོ་བྱེད་བཞིན་ཡོད་པའི་ཆ་ནས། བོད་ཀྱི་རྩ་དོན་ལ་ཐུགས་ཁུར་དང༌། བཙན་འོག་ལ་གནས་པའི་བོད་མི་ཚོའི་རང་དབང་གི་མགྲིན་ཚབ་པ་ཞིག་གནང་རྒྱུ་དེའང་ཁོང་གི་འགན་ཁུར་ཡིན་པར་བཞེད།”


ལམ་ལུགས་འདིའི་རྒྱབ་ཀྱི་སྐུལ་ཤུགས་ཆེ་བ་གཞན་ཞིག་ནི་བཙན་བྱོལ་བོད་གཞུང་བཀའ་བློན་ཁྲི་བ་ཟམ་གདོང་བློ་བཟང་བསྟན་འཛིན་མཆོག་རེད། ཁོང་གི་བསྒྲུབ་བ་ཨང་དང་པོ་ནི་ནང་ཆོས་འདི་འཛམ་གླིང་འདིར་གནས་ཐབས་དེ་དང་བལྟ་གྲུབ་དང་རིག་པའི་ལམ་ནས་ཡང་དག་མིན་རིགས་ལམ་གྱིས་སྒྲུབ་རྒྱུ་དེ་རེད། ཁོང་གིས་“བོད་ཀྱི་ནང་ཆོས་འདི་ས་སྟེང་འདིའི་ཐོག་གནས་ཐུབ་ཙམ་བྱུང་ན་བོད་མི་རིགས་དང་བོད་རྒྱལ་ཁབ་ཅེས་པ་ཞིག་མ་གནས་ཀྱང་ཆོག”ཅེས་ལན་གཅིག་མ་ཡིན་པར་གསུངས་ཡོད། དེས་བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་བྱུས་དོན་དེ་ཁོང་གི་བསྒྲུབ་བྱ་དང་པོ་མིན་པ་མ་ཟད་ཁོང་གི་བསྒྲུབ་བྱའི་ཐོའི་ནང་དུ་ཡོད་མེད་ཀྱང་ཐེ་ཚོམ་རེད།


རྒྱ་ནག་གི་རྩ་ཁྲིམས་ལ་དངོས་སུ་ཤོག་བུ་དཀར་བོའི་སྟེང་དུ་ཡི་གེ་ནག་པོ་ཕབས་བཞག་པ་རྣམས་ལག་ལེན་དུ་བབས་སྐབས་དེ་ལྟར་ཡོང་ཐུབ་ཀྱི་མེད་པར་རང་ཅག་ལ་དཀའ་སྡུག་འདི་མྱོང་བཞིན་ཡོད་ན་བལྟ་གྲུབ་དང་རིགས་ལམ་ཙམ་གྱིས་ལག་ལེན་དུ་དངོས་ཡོད་འཚོ་བའི་དཀའ་ངལ་སེལ་མི་ཐུབ་པ་ཁོང་གིས་མཁྱེན་ངེས་ཀྱང་། བལྟ་གྲུབ་དེ་ལ་ཁོང་ཤི་འཐམ་རོ་འཐམ་གནངས་ཀྱི་ཡོད། དེས་ན་གངས་ཅན་བོད་ཀྱི་བདེ་དོན་དེ་ཁོང་གི་བསྒྲུབ་གཉིས་པ་མིན་པ་ཡང་ཤེས་ཐུབ།


དབུ་མའི་ལམ་པ་བ་རེ་ཟུང་བོད་ནང་ནང་དུ་ཡང་རེ་ཡོད་པ་འདྲ། དེ་དག་གི་བསྒྲུབ་བྱ་དང་པོ་ནི་༧གོང་ས་མཆོག་གི་བཀའ་ལ་བརྩི་སྲུང་ཞུ་རྒྱུ་དེ་ལས་བོད་གངས་ཅན་གྱི་ཆབ་སྲིད་ཀྱི་ལས་དོན་དེ་མིན། མ་གཞི་དེ་དག་གིས་དེ་ལྟར་གནང་བ་དེ་ཤུགས་སུ་བོད་བསྟན་སྲིད་ཀྱི་དོན་དུ་དམིགས་པ་ཞིག་ཡིན་ཤས་ཆེ་ན་ཡང་ཐད་ཀར་སྒྲུབ་རྒྱུ་ནི་དེ་རེད་མེད།


གཞན་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་འགའ་ཞིག་ལ་ནི་རིན་ཐང་ཞིག་ག་ལ་ཡོད་དེ། ཁོ་བ་ཅག་གི་བསྒྲུབ་བྱ་ཨང་དང་པོ་རང་ཉིད་ཀྱི་ཐོབ་གོ་ས་དང་སྙན་གྲགས་ཙམ་རེད། དེ་དག་གིས་དབུ་མའི་ལམ་འདི་སྤྱི་ཚོགས་ནང་རང་ཉིད་ཀྱི་དྲེག་པ་བྱབ་པའི་དྲི་གཙང་ཞིག་ཏུ་མཐོང་གི་ཡོད། དེ་དག་གིས་དབུ་མའི་ལམ་འདི་རང་ཉིད་༧གོང་ས་མཆོག་གི་བཀའ་གསུངས་ཅི་སྒྲུབ་བྱེད་མཁན་ཞིག་ཏུ་སྒྲུབ་བྱེད་ལ་བཀོལ། དེ་དག་གིས་མང་ཚོགས་ཀྱི་ལག་ནས་འོས་ཤོག་གི་གྲངས་འབོར་ཞིག་རག་ཐབས་ལ་བཀོལ་གྱི་ཡོད། ཁོ་ཅག་གིས་འདས་པའི་ལོ་འགའི་ནང་ས་གནས་གང་སར་དབུ་མའི་ལམ་གྱི་ལས་འགུལ་ཚོགས་པ་སོགས་བོད་རིགས་ནང་ཁུལ་དབྱེན་དཀྲུག་གི་ལས་ཀ་ཡང་མི་མང་ཙམ་བྱས་སོང་།


ད་དུང་དེ་དག་གིས་དབུ་མའི་ལམ་དང་༧སྐྱབས་མགོན་རིན་པོ་ངོ་བོ་གཅིག་ཡིན་པས་དབུ་མའི་ལམ་ཁས་མ་བླངས་ན་༧རྒྱལ་བ་རིན་པོ་ཆེ་ཁས་མ་བླངས་བ་ཡིན་པ། དབུ་མའི་ལམ་གྱིས་རྒྱ་ནག་ལ་ལན་རྒྱག་ཡ་མེད་པར་བཟོས། དབུ་མའི་ལམ་གྱིས་འཛམ་གླིང་གི་རྒྱལ་ཁབ་ཐམས་ཅད་ཀྱི་བོད་དོན་ལ་རྒྱབ་སྐྱོར་རག་གི་ཡོད་པ། མཐའ་ན་དབུ་མའི་ལམ་གྱིས་སྐྱབས་བཅོལ་གཞུང་དང་གཞིས་ཆགས་ཁག་འདི་འཛུགས་ཐུབ་པ་བྱུང་སོགས་ཁོངས་མེད་གཏམ་གླེང་མང་དུ་བྱས་སོང་།


དེ་དག་ལས་དང་པོ་ནི་བླུན་པོ་དག་གི་བཤད་སྲོལ་ཡིན་ཞིང་། ༧རྒྱལ་བ་རིན་པོ་ཆེ་ནི་འཛམ་གླིང་གི་ཉི་མ། དགེ་ལུགས་པའི་བསྟན་པའི་བདག་པོ། འཛམ་གླིང་ཞི་བདེའི་དེད་དཔོན། ཚན་རིག་པ་དང་ཆོས་པའི་གཞི་མཐུན། བོད་མི་རིགས་ཀྱི་སྤོབས་པ་དང་སེམས་ཀྱི་དབུ་ཁྲིད་བཅས་ཡིན་པ་དང་། དབུ་མའི་ལམ་ནི་ཁོང་གི་བརྒྱ་ཕྲག་མང་པོའི་གསུང་གི་ནང་ནས་བོད་དོན་བདེན་མཐའ་གསལ་བའི་ཐབས་ལམ་གསུངས་དུམ་བུ་ཞིག་རེད། ཁྱོད་དང་ཁྱོད་ཀྱི་སྐད་ཆ་ལོགས་སུ་འབྱེད་རྒྱུ་ཡོད་ན་༧ཁོང་དང་༧ཁོང་གི་བཀའ་གསུང་ཡང་ལོགས་སུ་ཅིའི་ཕྱིར་མེད།


རྒྱ་ནག་གིས་ལན་རྒྱག་འདོད་མེད་པ་ལ་དབུ་མའི་ལམ་གྱིས་རྒྱག་མ་ཐུབ་པར་བཟོས་པའི་ལན་དེ་གང་ཡིན། རང་རེས་སྤྲད་པའི་<བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར>་ཞེས་པ་འདི་ལན་བཏབ་པའི་ལུས་དང་རྣམ་འགྱུར་། ངག་བཅས་ཀྱི་ལན་རྣམས་ལ་གཅིག་གཟིགས་དང་རྒྱ་ནག་གིས་ལན་འདེབས་འདོད་མེད་པ་གསལ་བོར་མཐོང་ཡོང་བ་ལས་མ་ཐེབས་པའི་རྩ་བ་ཞིག་གང་དུ་མི་མཐོང་།


དབུ་མའི་ལམ་གྱིས་འཛམ་གླིང་གི་རྒྱལ་ཁབ་ཁག་ནས་བོད་དོན་ལ་རྒྱབ་སྐྱོར་གྱི་འབོད་སྒྲ་ཇེ་ཆེར་སོང་བ་བདེན་ན་ཡང་། དབུ་མའི་ལམ་འདིས་བོད་དོན་རྒྱབ་སྐྱོར་འདི་གོང་ཇེ་ཆུང་དུ་བཏང་ཡོད། ད་ནི་བོད་དོན་ལ་རྒྱབ་སྐྱོར་བྱེད་པར་ཚིག་འགའ་ཞིག་གིས་ཆོག་སོང་བ་རེད། འདི་བེད་སྤྱད་ནས་ཨ་རི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོ་སོ་ལེན་ཆོག་ལ་འདི་བེད་སྤྱད་ནས་རྒྱ་ནག་ལ་སྡིག་ར་དང་སྤྲེ་ལད་གཉིས་ཀ་བྱེད་ཆོག ལྷག་བསམ་རྣམ་དག་གི་རྒྱབ་སྐྱོར་ནི་སྔོན་མ་ཨ་རིས་བོད་ཀྱི་འཇབ་དམག་ལ་རྒྱབ་སྐྱོར་བྱས་ཇི་བཞིན་དགོས་ལ། དབུ་མའི་ལམ་འདིས་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་(མཐའ་གཅིག་ཏུ་དྲག་པོའི་རྒྱབ་སྐྱོར་ཡིན་མི་དགོས)འདི་འདྲ་ནི་བྱེད་ཡུལ་ཡང་མེད་པར་བཟོས་པ་རེད།


བོད་ཀྱི་རང་བཙན་ལ་འཛམ་གླིང་འདིར་ཁ་ཡི་སྐྱོར་གནས་སྐབས་མེད་པ་བདེན་ན་ཡང་། དོན་གྱི་རྒྱབ་སྐྱོར་མི་བྱེད་མཁན་གྱི་རྒྱལ་ཁབ་གཅིག་ཀྱང་དཀོན་པའི་ཚོད་ཡིན། རྒྱབ་སྐྱོར་བྱེད་པའི་ཆ་རྐྱེན་རང་ཅག་གིས་སྐྲུན་དགོས། འདིའི་རྒྱུ་མཚན་གསལ་བོར་བཤད་མི་འོས་ཀྱང་ཟུར་གཅིག་ཤུགས་ཀྱིས་འཕང་ན་འཛམ་གླིང་འདིར་རང་རྒྱལ་གཞན་ཕམ་མི་འདོད་མཁན་ཞིག་དང་། དེ་མ་བྱུང་རུང་རང་ལ་ཐོ་འཚམས་མཁན་གཅིག་ཀྱང་མེད་ན་མི་དགའ་མཁན་ཅང་ཡོད་དམ་ཞེས་འདྲིའོ།


ཨ་ལ་ཀུ་རེ་ཡིན། ང་རང་བོད་ཀྱི་སྤྱི་ཚོགས་ཀྱི་བསམ་བློའི་འཁྱེར་སོ་དང་རིང་དུ་འགྲོ་བཞིན་ཡོད་པ་ཡིན་སྲིད་ལ། རང་གིས་གང་བཤད་པ་དག་ཐལ་ཆ་ཆེ་དྲགས་པ་ཡང་སྲིད། རང་བཙན་ནི་ངོ་མ་ཟམ་གདོང་རིན་པོ་ཆེས་གསུངས་པ་བཞིན་ཀླད་པ་རྙིང་པའི་བལྟ་བ་ཞིག་ཡིན་ཀྱང་སྲིད། ངས་བཤད་རྒྱུ་མདོར་བསྡུས་ན་དུས་མ་རན་གོང་ལ་མགོ་བཏགས་ན་ཅོལ་ཆུང་གི་བྱ་བ་མིན་ནམ།


ཁྱེད་ཚོར་རང་བཙན་ཅིའི་ཕྱིར་མི་དགོས།

ཉེ་ཆར་དུས་བབས་ཀྱི་ཟིན་བྲིས་ཐོག་བློ་གྲོས་བརྟན་པ་ཞེས་པ་ཞིག་གིས་རང་གི་བསམ་ཚུལ་ཞིག་བཀོད་འདུག བསམ་ཚུལ་དེ་གང་ཟག་ཅིག་སྒེར་གྱི་བསམ་ཚུལ་ཙམ་ཡིན་ན་འགྲིག་པ་ཡིན་མོད། དེ་དང་ལྷན་དུ་བོད་གངས་ཅན་གྱི་རྩ་དོན་ལ་གནོད་འཚེ་ཞིག་ཀྱང་དྲངས་ཡོང་གི་འདུག་པས་འདིར་དྲ་གྲོགས་གང་མང་ཞིག་གིས་དགོངས་ཚུལ་གསུངས་རྒྱུ་གལ་ཆེན་དུ་མཐོང་ཞིང་དུས་བབས་ཀྱི་བསམ་ཚུལ་ཐོག་ཏུ་མཆན་རྣམས་དུས་ཐོག་ཏུ་འཁོད་ཀྱི་མེད་སྟབས་དྲ་གྲོགས་རྣམས་ལ་དགོངས་ཚུལ་གསུངས་སྟབས་བདེ་ཕྱིར་འདིར་བྲིས་པ་ཡིན། ངའི་ཟིན་བྲིས་ལ་ཕེབས་མཁན་ཚང་མས་འདིའི་ཐོག་དགོངས་ཚུལ་གསུང་བའི་བགྲོ་གླེང་ལ་ཞུགས་པར་ཞུ།
འདིར་ཕྱོགས་བསྡུས་བྱས་ན་གནད་དོན་ཆེན་པོ་གསུམ་ཡོད་པར་སྣང་།
གཅིག ད་ལྟ་དང་འབྱུང་འགྱུར་གྱི་རྒྱ་ཆེའི་བོད་མི་རིགས་ཀྱི་མདུན་ལམ་ལ་ཐེལ་ཙེ་རྒྱག་པའི་དབང་ཆ་ང་ཚོར་ཡོད་དམ། ད་ལྟའི་རྒྱ་གར་འོག་གི་ཀ་ཤི་སྨིར་གྱི་གནས་སྟངས་སོགས་ལ་གཟིགས་རོགས།
གཉིས། དབུ་མའི་ལམ་འདི་ཐག་ཉེར་རག་པའི་རེ་བ་ཆེ་བ་དང་རང་བཙན་འདི་རྒྱང་རིང་གི་སྟོང་བསམ་ཞིག་ཡིན་པའི་རྒྱུ་མཚན་གང་ཡོད། སྐུ་ཚབ་ཐེངས་བརྒྱད་པས་སྤྲད་པའི་ཡིག་ཆ་ལ་རྒྱས་ལན་སྤྲད་པ་སོགས་ལ་གཟིགས་རོགས།
གསུམ། རྒྱ་བོད་རྩ་ཁྲིམས་གཅིག་གི་འོག་ཏུ་བསྡད་ན་རྒྱ་བོད་བར་གྱི་དཀའ་ངལ་སེལ་བའམ་རྒྱས་བོད་ལ་མུ་མཐུད་ནས་ཐུབ་ཚོད་མི་གཏོང་བའི་འགན་ལེན་ཇི་ལྟར་བྱ། འདིའི་འཕྲོས་པའི་དྲི་བ་ནི་འུ་ཅག་གི་ལག་ཏུ་རྒྱའི་རྩ་ཁྲིམས་ལ་འགྱུར་བ་གཏོང་བའི་དབང་ཆ་ཇི་ཙམ་རག་ངེས་རེད། ད་ལྟའི་རྒྱ་ནག་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྱུར་བཅོས་བྱེད་པའི་རྒྱུད་རིམ་ལ་གཟིགས་རོགས།
དྲི་བ་འམ་གནད་དོན་གལ་ཆེན་པོ་གསུམ་འདིའི་ཐོག་ལ་ཕན་ཚུན་བསམ་གཞིགས་ཀྱིས་ཀླད་པ་དཀྲུགས་རོགས་ཞེས་དྲ་གྲོགས་རྣམས་པར་ཞུ་རྒྱུ་ཡིན།


ང་ཚོས་དབུ་མའི་ལམ་པ་བ་དང་རང་བཙན་པ་ཡག་སྡུག་གི་སྐོར་ཡེ་ནས་མི་གླེང་། ད་ལྟའི་སྐབས་འདིར་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་ལ་འདི་གཉིས་ལས་གང་བཟང་པ་དེ་གོང་གི་དྲི་བ་འདི་གསུམ་གྱི་ཐོག་ནས་དགོངས་ཚུལ་གསུང་རོགས་ཞུ་རྒྱུ་ཡིན།
ཡ་ད་དྲ་གྲོགས་རྣམས་དང་། ལྷག་པར་བློ་བརྟན་སོགས་ལྗགས་ལན་དང་ལྷན་མགྱོགས་པོར་ཕེབས་ཤོག ཕེབས་མ་ཐུབ་ན་ཁྱེད་ཅག་ལ་བལྟ་ཚུལ་གཞན་ཞིག་མ་བཟུང་ཐབས་མེད་དུ་འགྱུར་སྲིད།
བོད་རང་བཙན་དང་དབུ་མའི་ལམ་གཉིས་ལས་དབུ་མའི་ལམ་འདི་མགྱོགས་པོར་རག་སྲིད་པ་དང་རང་བཙན་འདི་རག་མི་སྲིད་པའི་རྒྱུ་མཚན་ཁུངས་དག་འགོད་རོགས་ཞུས་ཀྱང་ད་བར་དུ་ཅང་མི་འདུག་པས་རྒྱུ་མཚན་མེད་པ་འདྲ། རྒྱུ་མཙན་མེད་ན་དབུ་མའི་ལམ་ཞེས་མིའི་མིག་ལམ་དུ་མཛེས་མཛེས་བྱེད་པ་ལས་བོད་ནང་གི་གཞིས་ལུས་སྤུན་ཟླ་འབུམ་ཕྲག་མང་པོས་སེམས་པ་གསོད་པ་འདི་ཉེན་ཚབ་ཆེ།
ད་དུང་ཁམས་ཕྲུག་འཇིགས་མེད་ཞུ་བ་ཞིག་གིས་“ཐུགས་རྗེ་ཆེ་ཞུ། སྙིང་ནད་སངས་བ་ཞིག་གསུངས་འདུག”ཅེས་མི་ལོ་ལྔ་བཅུ་ང་གཅིག་གི་རིང་ལ་བཙན་གནོན་བྱེད་མཁན་དེ་རྒྱ་ནག་པོའི་སྲིད་གཞུང་འདི་མིན་པར་ངེད་ཅག་གངས་ཅན་པའི་ལས་དབང་ལ་སེམས་རྩ་དཀར་བའི་སྐད་ཆ་ཐད་ཀར་བཤད་མཁན་དག་ཡིན་པ་ལྟར་བྱེད་པ་འདིར་ཡ་མཚན་སྐྱེས་བྱུང་།
ད་དུང་དྲ་ངོས་སུ་ཐོན་པའི་བློ་གྲོས་ཕྱོགས་གཏོགས་རྣམས་ཀྱིས་ རྡུང་གི་ཡིན་མདོག། གསོད་ཀྱི་ཡིན་མདོག། ཚོད་བཟུང་ན་དགའ་སོགས་ཀྱི་སྡིག་ར་དང་། ད་དུང་བཤད་བབས་མང་དག་ཅིག་ལ་བལྟས་ན་ཁྱེད་ཅག་གི་གནས་ཚད་དེ་མཐོང་འོང་བ་ཞིག་རེད། འོན་ཀྱང་ཁྱེད་ཅག་ལ་རྒྱུ་མཚན་དང་བདེན་པ་ཡོད་ན་ངེས་པར་དུ་བཤད་རྒྱུ་དགོས་པ་ལས་དེ་མིན་སྤྱི་ཚོགས་ཀྱི་གླེང་སྟེགས་འདི་འདྲ་ཞིག་སྤྱད་ནས་མི་སེམས་གསོད་མི་ཉན། ལྷག་པར་དུ་གཞིས་ལུས་མི་མང་གི་སེམས་པ་གསོད་མི་ཉན། ཁོང་ཚོའི་རེའི་མིག་འབུར་འདི་ཕྱོགས་སུ་བལྟས་ནས་ཡོད་པ་མཁྱེན་གྱི་ཡོད་ཚོད་རེད།


ཁྱེད་ཅག་གིས་རང་བཙན་མི་དགོས་གསུང་དགོས་པའི་རྒྱུ་མཚན་ཡོད་ན་ངེས་པར་དུ་འདྲེན་རོགས། ད་དུང་ནི་དུས་ཚོད་མང་པོ་སྒུག་གི་མིན། རྩོད་པ་འདི་མི་སོ་སོའི་བལྟ་ཚུལ་མ་མཐུན་ཙམ་གྱི་ཁྱད་པར་ཡིན་པའི་རེ་བ་ངས་བྱེད་ཀྱི་ཡོད། བལྟ་ཚུལ་མི་མཐུན་པ་ལ་སྦྱང་བཤད་བྱས་ནས་གོ་བརྡ་འཕྲོད་རྒྱུ་ཡོད་དོ།

2010/08/08

བུ་མོ་ཚེ་རིང་མཚོ་རང་གི་ཁང་ཚན་གྱི་སྙན་ཚིག་གྱེར་འགྲན་གྱི་སྐབས་སུ་མདོ་འཛིན་པ་བྱེད་སྐབས།
བུ་མོ་ཚེ་རིང་མཚོ་རང་གི་ཁང་ཚན་གྱི་སྙན་ཚིག་གྱེར་འགྲན་གྱི་སྐབས་སུ་མདོ་འཛིན་པ་བྱེད་སྐབས།

2010/08/02

བུ་བསྟན་འཛིན་ནམ་མཁའ་།

བཟང་ངན་གོ་འབྱེད།

དྲ་གྲོགས་རྣམས་པ་དེ་རིང་ངས་ཁྱེད་ཅག་ལ་ཕྱག་ལས་ཞིག་སྐུལ་གྱི་ཡིན། དེ་ག་ཡིན་ཞེ་ནཿ ང་ཚོ་འཛིན་གྲྭ་གཉིས་པའི་བོད་ཡིག་སློབ་དེབ་ནང་དུ་སྒྲུང་ཞིག་ཡོད་པ་དེ་ལ་དབྱེ་ཞིབ་ཅིག་གནང་རོགས། སྒྲུང་དེ་གཤམ་དུ་འགོད་རྒྱུ་ཡིནཿ
སྔོན་སློབ་གྲྭའི་དགེ་རྒན་ཞིག་གིས་སློབ་ཕྲུག་ཚོར་རིག་རྩལ་བརྟག་དཔྱད་ཅིག་བྱས་པ་རེད། སློབ་ཕྲུག་རྣམས་ལ་ར་མགོ་ཚེར་མའམ་ཟེར་མ་ར་མགོ་སྒྲུག་བཅུག་སྟེ། སུ་ལ་མང་བ་བྱུང་ན་རྔན་པ་སྟེར་རྒྱུའི་ཁས་ལེན་བྱས། ཕྱོགས་ཐམས་ཅད་ལ་ཚེར་མ་ཡོད་ཙང་དེ་སྒྲུག་རྒྱུ་ལས་སླ་བོ་མེད། ཧ་ཅང་རིག་རྩལ་ཆེ་བའི་ཕྲུ་གུ་གཅིག་མ་གཏོགས་གཞན་ཚང་མས་ཧུར་ཐག་བྱས་ནས་བསྒྲུགས། འོན་ཀྱང་ལག་པས་རེ་རེ་བྱས་ནས་སྒྲུག་དགོས་ཙང་མང་པོ་བསགས་ཐུབ་མེད། རིག་རྩལ་ཆེ་བའི་ཕྲུག་གུ་དེས་ཉིན་གང་དལ་བོར་བསྡད། ཚང་མས་ལོག་རྩིས་བྱེད་སྐབས་ཁོས་རང་གི་གོས་ཕུད་དེ་ཐད་དུ་ཡར་མར་དྲུད་ནས་རྒྱུགས་པས་ཚེར་མ་ཐམས་ཅད་གྱོན་གོས་ལ་འབྱར་བ་རེད། སྐབས་དེར་ཕྲུ་གུ་ཚང་མའི་སེམས་ལ་ལས་ཀ་གངའདྲ་ཞིག་བྱས་ཀྱང་སྡུག་རུས་རྐྱང་པ་མ་ཡིན་པར་ལས་ཇུས་ཀྱང་དགོས་པ་གལ་ཆེ་བ་འདུག་བསམ་མོ།
གོང་གི་སྒྲུང་འདིས་དམིགས་ཡུལ་ནི་བརྩོན་འགྲུས་གཅིག་བ་མ་ཡིན་པར་ཤེས་རབ་ཀྱང་དགོས་པ་འདོམས་ཆེད་དུ་ཡིན་ངེས། འོན་ཀྱང་ཁོ་བོའི་འཆར་སྒོར་སྒྲུང་འདིས་སྒྱིད་ལུག ང་རྒྱལ། ཁེངས་དྲག གཡོ་ཇུས། སོགས་ཀྱང་སྤེལ་གྱིན་པའི་ཚོར་སྣང་ཞིག་བྱུང་། ཁྱེད་རྣམས་ཀྱིས་སྒྲུང་འདི་ལས་འབྱུང་སྲིད་པའི་ཤུགས་རྐྱེན་ལ་ཡང་ལྗིད་ཅིག་འདེགས་རོགས་ཞུ།

བཀླགས་མང་ཤོས།

ཟིན་བྲིས་བཀླགས་གྲངས་ཁྱོན་སྡོམ།

དཔར་རིས་འགྲེམ་སྟོན།

དཔར་རིས་འགྲེམ་སྟོན།
ངའི་བུ་མོ་སློབ་གྲའི་རྩེད་མོའི་ཉིན་མོ་ཨང་གཉིས་པ་ཐོབ།

ང་རང་གི་སྐོར།

My photo
I am a Tibetan, and a teacher. I have a dream that we have a unified Tibetan language. I see there is a way for this. རེ་བ་འདི་འགྲུབ་མི་སྲིད་པ་ཞིག་མིན་ལ། འདིའི་ལམ་སྣེ་གུས་པའི་ལག་ཏུ་ཡོད། དེ་ནི་ཁོ་བོས་བྲིས་པའི་(སྒྲ་སྒྲུབ་རིག་པ)ཡི་ནང་དུ་གསལ་ཡོད།