2010/11/29

ནུབ་ཕྱོགས་རིང་ལུགས་ལ་རྒོལ་བའི་དེ་གཅེས་སྐྱོང་བ། ཁག་དྲུག་པ།

༦  ཚུལ་མིན་ཡིད་བྱེད་ཉེས་བྱས་སུ་མི་མཐོང་།
ཁ་ནས་ནུབ་ཕྱོགས་རིང་ལུགས་ལ་རྒོལ་བར་བྱེད་ཅིང་དོན་དུ་ནུབ་ཕྱོགས་རིང་ལུགས་དང་དུ་ལེན་པའི་དཔེ་དྲུག་པ་ནིཿ སྤྱིར་བྱང་ཆུབ་སེམས་པའི་དཔའི་ཉམས་ལེན་གྱི་ནང་དུ་ཉོན་མོངས་གྲོགས་སུ་བསྟེན་པ་ཞེས་པ་ཞིག་གསུང་ཚུལ་ཡོད་ཅིང་། དེ་ནི་རང་ཉིད་ཉོན་མོངས་བའི་གཞན་དབང་དུ་བཏང་བ་མིན་པར་ཉོན་མོངས་པ་ལག་ཆར་བཀོལ་བ་ལ་གོ་རྒྱུ་ཡིན། ནུབ་ཕྱོགས་པའི་ལས་དོན་མང་པོ་ཞིག་གི་ནང་དུ་ཉོན་མོངས་གྲོགས་སུ་སྤྲན་ནས་བྱེད་པ་ཡིན། དཔེར་ན་འགྲན་སེམས། ང་རྒྱལ། སྲེད་པ་སོགས་གོང་དུ་སྤེལ་ནས་བྱེད་པ་ཡིན་ཞིང་། དོན་དུ་རང་ཉིད་ཉོན་མོང་བའི་བཀའ་འོག་དང་བླངས་ཀྱི་འཛུལ་ནས་དེའི་ཚད་བཀག་རྣམས་བེད་སྤྱད་ནས་འགྲོ་བ་ཡིན། རང་ཅག་གིས་ཉོན་མོངས་བའི་རིགས་གང་ཞིག་ཡིན་རུང་ལག་ལེན་གྱི་ཐོག་ནས་སྤངས་མི་ཐུབ་ན་ཡང་བཙོག་ཏུ་བལྟ་བ་ཞིག་ཡོད།
ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་ཟེར་བ་ནི་༧གོང་ས་མཆོག་གིས་དཀའ་རྙོག་ཀུན་གྱི་འབྱུང་གཞི་ལྟེ་བ་རང་གཅེས་འཛིན་དང་ཚུལ་མིན་ཡིད་བྱེད་ཀྱི་བློ་འགོག་དགོས་པ་གལ་གནད་ཆེན་པོ་ཡིན་པར་ཆོས་ལུགས་ཚང་མས་མོས་མཐུན་གཅིག་གྱུར་དུ་ཡོད་ལ། ཆོས་ལུགས་རེ་རེས་ཞི་བའི་རང་བཞིན་དང༌། ཚུལ་ལུགས་བཟང་བ། བསླབ་ཁྲིམས་ལྡན་པ། ཤེས་རབ་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན་པའི་ཐར་པའི་གོ་འཕང་ཞིག་ཏུ་བཀྲི་བའི་ལམ་བཟང་སྟོན་གྱི་ཡོད། བསམ་གཞི་འདིའི་ཐོག་ནས་ཆོས་ལུགས་ཡོངས་ཀྱི་སྙིང་དོན་བསླབ་བྱ་གཅིག་གྱུར་ཡིན་པར་ཁོ་བོས་ཡིད་ཆེས་ཡོདཅེས་གསུང་ཡོད་པ་བཞིན་དེ་ནི་ང་ཚོས་འཛེམ་དགོས་པའི་བསམ་བློ་སྡུག་པའི་རིགས་རྣམས་ལ་ཟེར་བ་ཡིན། བློ་འདི་དག་ལ་འཛེམ་པ་ནི་སྔར་བོད་ཀྱི་རིག་གཞུང་ཡིན། འོན་ཀྱང་ད་སྐབས་དེ་དག་གི་ནང་ནས་མང་དག་ཅིག་ལ་གྲོགས་ཀྱི་འདུ་ཤེས་འཛིན་པའི་ནུབ་ཕྱོགས་པའི་ལད་མོ་བྱེད་བཞིན་ཡོད།
འགྲན་བསྡུར་གྱི་རྐང་པར་འབྱར་བ།
བྱ་བ་གང་ཡང་འགྲན་བསྡུར་གྱིས་ཐག་གཅོད་པ་ནི་རང་རེའི་ལེགས་བྱང་མིན། སྔོན་མ་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་སུ་དགེ་བཤེས་ལྷ་རམ་པ་ཨང་དང་པོ་ཟེར་སྲོལ་ཞིག་ཡོད་ཀྱང་དེ་ནི་འགྲན་བསྡུར་ངོ་མ་བྱས་ནས་དེ་ལྟར་བཏག་པ་པ་ཞིག་མིན། འགྲན་བསྡུར་མིང་ཙམ་ཡོད་ཀྱང་འགྲན་སེམས་མེད། འགྲན་སེམས་མིང་ཙམ་ཡོད་ཀྱང་མཐར་ཐུག་མེད། མདོར་ན་འགྲན་བསྡུར་གྱི་ལས་ཀྱི་ཡན་ལག་ཚང་མེད།
ཤེས་ཡོན་གྱི་སྲིད་ཇུས་གསར་བའི་ནང་དུ་འགྲན་བསྡུར་གྱི་རིགས་འགོགས་དགོས་པའི་གསུང་ཚུལ་ཞིག་བྱུང་ཡོད་ཀྱང་། ཉེ་ཆར་སྲིད་ཇུས་དེའི་ཚོད་ལྟའི་ཆེད་ཁོ་ནར་དམིགས་ནས་བཙུག་པའི་དཔེ་སྟོན་སློབ་གྲར་འགྲན་བསྡུར་ཚུགས་གནས་ཚུལ་ཐོན་ཡོད། སྤྱིར་ན་འགྲན་བསྡུར་ཡིན་ན་ཤེས་ཡོན་སྲིད་ཇུས་དང་འགལ་བའི་ཁྱབ་པ་འཇོག་མི་ཐུབ་ཀྱང་དེ་འགལ་བ་དང་མི་འགལ་བའི་ས་མཚམས་ནི་སྤུ་ཉག་ལས་ཕྲ་བས་དེ་ལ་ལྟུང་བས་གོས་པ་ལས་གཡོལ་ཧ་ཅང་དཀའ་། མདོར་ན་འགྲན་བསྡུར་བྱེད་པ་ནི་འགྲན་སེམས་གོང་དུ་སྤེལ་བ་ཡིན་ཞིང་། དེ་དང་ལྷན་དུ་ཕྲག་དོག་དང་རེ་དོགས་གཉིས་ཀ་དྲུད་ཡོང་བ་མ་ཟད། ང་རྒྱལ། ཞེ་སྡང་། འདོད་ཆགས་སོགས་ཀྱང་ཞོར་ལ་སླེབས་ཡོང་། འདི་དག་ལ་ཅི་མི་སྙམ་པར་བྱ་གང་ཡང་འགྲན་བསྡུར་ཁོ་ནས་ཐག་གཅོད་པ་ནི་ནུབ་ཕྱོགས་པའི་ལམ་ལུགས་ཡིན།
ཁོག་དོག་གི་སྐེ་ལ་འཐམ་པ།
བོད་ཀྱི་རིག་གཞུང་གི་རྫོང་འཐུག་ས་དེ་བོད་ཀྱི་དགོན་པ་ཁག་གི་ནང་དུ་ཡོད། དེ་ཡང་བཟང་བ་རིག་པའི་བརྒལ་རྟགས་ཀྱིས་ལམ་ནས་དངོས་པོའི་གནས་ལུགས་གཏན་ལ་འབེབ་པ་དང་། ཉེས་པ་རྨོངས་དད་ཀྱི་རུལ་དྲི་ཡོངས་སུ་འཐུལ་ས་གཉིས་ཀ་དགོན་པ་ཁག་གི་ནང་དུ་ཡོད། ཁྱེད་རང་གདན་ས་ཁག་གི་གྲ་བ་དག་གིས་ཇི་ལྟར་སྤྱི་ཚོགས་འབྲེལ་འདྲིས་བྱེད་སྟངས་ལ་ལན་གཅིག་གཞིགས་དང་མཁྱེན་པ་འདི་ཡོད་དེ། གྲ་པ་རྣམས་ནང་ཕན་ཚུན་རྩེད་མོ་རྩེ་སྟངས་ནི་རྒྱུན་དུ་ཕན་ཚུན་འཚང་འབྲུ་གང་ཐུབ་ལ་གཞོལ་བཞིན་ཡོད། འདིས་མིའི་རང་བཞིན་གྱི་གལ་ཆེའི་ཡོན་ཏན་རང་སྐྱོན་ངོས་ལེན་ཐུབ་པའམ་དངོས་ཡོད་ཁས་ལེན་བྱེད་པ་འམ་ཟོལ་བརྫུ་རྨེག་ནས་རྙིལ་བར་སྐུལ་འདེད་ཤུགས་ཆེ་བྱེད། ཡང་ན་རང་གི་ས་མཚམས་ངོས་འཛིན་ཐུབ་པའི་དགེ་མཚན་ཆེ།
འདི་ཡང་བོད་ཀྱི་རིག་གཞུང་རིན་ཐང་ཅན་ཞིག་ཡིན། འོན་ཀྱང་ད་ལྟ་ཁྱེད་རང་གཞིས་ཆགས་ཀྱི་གྲོང་སྡེ་ཞིག་གི་ནང་དུ་སོང་ནས་མི་སྐྱ་རྣམས་ཕན་ཚུན་སྤྱི་ཚོགས་འབྲེལ་འདྲིས་ཇི་ལྟར་བྱེད་སྟངས་ལ་གཅིག་གཞིགས་དང་མཁྱེན་པ་འདི་ཡོད་དེ། འདིར་གོང་གི་དེ་ལས་ཡོངས་སུ་ལྡོག་སྟེ་གཅིག་གིས་གཅིག་ལ་ཕོགས་ཐུག་འབྱུང་དོགས་ཀྱི་སེམས་པས་མིག་རྡེབ་པ་ཙམ་ལ་ཡང་བསམ་གཞིགས་ཀྱི་འཁོར་ལོ་དགུ་འགྱུར་དུ་འཁོར་དགོས། གྲ་བ་རྣམས་ཀྱིས་ཀུ་རེ་བྱེད་སྟངས་ལྟར་བྱེད་པ་ནི་བློ་ཡུལ་ལ་འཆར་མི་ཐུབ་པ་ཡིན། དེ་ལྟར་སྤྱི་ཚོགས་ཀྱི་ཀུན་སྤྱོད་དེ་གུ་དོག་གི་ལྕགས་སྒྲོག་གིས་ཡོངས་སུ་བསྡམས་ནས་ཡོད།
ཁེངས་དྲེགས་ཀྱི་རྒྱབ་ལ་འབྱར་བ།
མཐོ་ན་མི་དམའ་ན་དགའ་། དམའ་ས་གོང་མའི་གདན་ས་ཡིན། ཞེས་པ་ནི་བོད་མི་རིགས་ཀྱི་རང་ཉིད་གཅུན་ཇི་ལྟར་བྱེད་པའི་མན་ངག་ཡིན། མིའི་སྤྱི་ཚོགས་སུ་གཅིག་བཤད་གཉིས་ཉན་དང་གཞན་རང་ཉན་གྱི་ལམ་སྲོལ་ཞིག་ཡོད། ལམ་སྲོལ་འདི་ཡོད་མེད་ཀྱི་གནད་དོན་ནི་ལས་དཀའ་ཞིག་བྱེད་པའི་སྐབས་སུ་རྒྱུས་ཆེན་པོ་མེད་པའི་ལས་གྲོགས་དག་གི་ནང་དུ་ཡང་ཡང་མཐོང་ཐུབ། བོད་མིའི་རིག་གཞུང་ནང་དུ་མན་ངག་འདིས་དབང་གིས་ལམ་སྲོལ་འདི་དམིགས་བསལ་གྱིས་གསལ་བོར་མཐོང་རྒྱུ་ཡོད། འོན་ཀྱང་ད་སྐབས་གཞན་བཤད་རང་ཉན་གྱི་ལམ་སྲོལ་དེ་རྦད་དེ་ཉམས་བཞིན་འདུག ནམ་ཡང་རང་ཉིད་གཞན་གྱི་མིག་འོག་ན་མཐོང་ཆུང་བྱས་པའི་དོགས་པ་དེས་སྐད་ཆ་ཚིག་གཅིག་བཤད་ཀྱང་རང་ཉིད་ཁྱོད་ལས་ཁྱད་དུ་འཕགས་པའམ་ཁྱོད་ལས་མི་དམན་པ་ཞིག་ཡིན་པར་སྟོན་པའི་འབད་བརྩོན་ཁོ་ན་བྱེད།
ངས་བཤད་འདོད་པ་འདི་ལ་འཚོ་བའི་ནང་དུ་དཔེར་མཚོན་ཧ་ཅང་མང་པོ་མཐོང་རྒྱུ་ཡོད་མོད། ད་སྐབས་མལ་ཁྲིའི་ནང་དུ་འདིའི་དཔེར་མཚོན་འཇོག་རྒྱུ་དྲན་དཀའ་ཡངཿ དཔེར་ན་ས་ག་ཟླ་བའི་ཉིན་མོ་ཞིག་ལ་གང་ཟག་ཀ་བས་ དེ་རིང་ང་ཚོས་ཤ་སྤོང་རྒྱུ་ཐག་བཅད་པ་ཡིན་པའ་། ཞེས་བཤད་ན་གཞན་དེས་  “ལགས་ཡིན།ཞེས་བདེན་རྒྱབ་ཅིག་བྱས་ན་འགྲིག་མོད། དེ་ལྟར་བཤད་ན་རང་ཉིད་གང་ཟག་ཀ་བའི་ཁ་འོག་ཏུ་ཤོར་བའི་ཚོར་སྣང་ཞིག་གིས་དེ་ལྟར་བཤད་མི་བཟོད་པར་། ཉན་མཁན་གྱི་མདུན་དུ་རང་ཉིད་ཀྱང་གྲངས་ཀ་ཞིག་ཏུ་འདྲེན་དགོས་མདོག་སྟོན་ཆེད་ངེས་པར་དུ་ དེ་རིང་ང་ཚོས་ཐག་དེ་བཅད་པ་རེད།ཅེས་སྐད་ཆ་རིང་པོ་དེ་སྐྱར་བཤད་བྱེད་ཀྱི་རེད། དེ་བཞིན་ལས་དོན་ཞིག་སྒྲུབ་པའི་ཐབས་ལམ་འཚོལ་སྐབས་གང་ཟག་ཀ་བས་ཐབས་ལམ་ཞིག་བཙལ་བ་ལ་རང་ཉིད་ཀྱིས་མོས་མཐུན་ཡོད་ན་ཡང་འོ་རེད། དེ་ག་རང་ཡག་ཤོས་འདུགཅེས་སྨྲས་ནས་འཇོག་མི་ཐུབ་པར་གང་ཟག་ཀ་བའི་བཤད་པའི་གཏམ་དེ་སྐྱར་ལྡབ་ཅིག་བྱེད་དགོས་བྱུང་རུང་བྱས་ནས་དེ་ལ་མོས་མཐུན་བྱེད། རྒྱུ་མཚན་ནི་གལ་སྲིད་དེ་ལྟར་མ་བཤད་ན་རང་ཉིད་གང་ཟག་ཀ་བའི་ཁ་འོག་ཤོར་སོང་བར་སྙམ་པའི་ཚོར་སྣང་གིས་མ་བཟོད་པ་རེད།
སྐྱོན་གཞན་འགེབས་ཀྱི་ལག་པར་འཇུས་པ།
ལས་རྒྱུ་འབྲས་དང་། དྲང་མོ་དྲང་བཞག་ཟེར་བ་དེ་ཚོ་ནི་བོད་མི་རིགས་ཀྱི་ངག་ཏུ་མཆི་མ་ལྟར་མོད་པའི་འབོད་ཚིག་དག་རེད། བྱ་བ་ཞིག་ལེགས་འགྲུབ་མ་བྱུང་ན་རང་རང་གི་ནོར་བའི་ཆ་ཁས་ལེན་པ་ནི་དྲང་མོ་དྲང་བཞག་དང་ལས་རྒྱུ་འབྲས་ཀྱི་བླངས་བྱ་གལ་ཆེན་ཞིག་ཡིན། དེའི་ཕྱིར་ དྲང་མོ་བཤད་ན་ངས་ཀྱང་དེ་དང་དེ་མ་བྱུང་བས་དེ་མ་བྱུང་བ་རེད།ཅེས་པའི་ཚིག་འདི་སྔར་བོད་མིའི་ངག་ཏུ་ཡང་ཡང་ཐོས་རྒྱུ་ཡོད། འདི་ཡང་བོད་ཀྱི་རིན་ཐང་མཐོང་བའི་རིག་གཞུང་རིན་ཆེན་ཞིག་རེད།
ང་རང་བསམ་བློ་སྐྱོན་ཅན་དུ་སོང་བ་མིན་ན་ད་སྐབས་འདི་འདྲ་བཤད་མཁན་ཧ་ལམ་མེད་པའམ་ཧ་ཅང་དཀོན་པར་སྣང་། ནུབ་ཕྱོགས་པ་ཚོས་སེམས་སུ་རང་ཉིད་དཀར་འདོན་བྱེད་མ་ཐུབ་པ་ནི་རང་ལ་འཇོན་ཐང་མེད་པར་འཇོག་པ་ཡིན། རང་ཉིད་ལ་ཡོད་པའི་ཁག་འགན་དེ་ཐེར་འདོན་བྱེད་པ་ནི་གཞན་གྱི་ལས་དོན་ཡིན་པས་རང་གིས་རང་ལ་ཐེར་འདོན་བྱེད་པ་ནི་ལྐུག་པའི་ལས་སུ་རྩི། འདི་ནི་གཙོ་བོ་ཁེངས་དྲག་གི་དབང་གིས་རང་སྐྱོན་མི་མདུན་དུ་ངོས་ལེན་བྱེད་པའི་ནུས་པ་ཞན་པས་ཡིན་པར་བསམ། གང་ལྟར་ལས་དོན་ཞིག་འགྲིག་ན་གཞན་ལ་ཁག་དཀྲི་བྱེད་པ་ནི་རྒྱུན་ལྡན་གྱི་བྱ་བ་ཞིག་ལ་བརྩི་བ་ལས་རུང་མི་རུང་གི་རྣམ་བཞག་ལ་བསམ་བློ་ཡེ་ནས་མི་གཏོང་།
ལར་ཞེན་གྱི་པང་དུ་ཉལ་བ།
འདི་ནི་ཅུང་མགོ་ཉོག་པའི་དོན་ཞིག་ཡིན། རང་གི་རྒྱལ་ཁབ་ལ་ཤ་ཞེན་དགོས་པའི་སྐུལ་སློང་བྱེད་པ་ནི་རྒྱལ་ཁབ་ཅིག་གི་ཆབ་སྲིད་ཀྱི་ལས་དོན་གཙོ་བོར་གྱུར་ཡོད། བསམ་བློ་རྒྱ་ཆེ་ས་ནས་ཞིབ་ཏུ་ཐོངས་དང་ཆོལ་ཁའི་ཞེན་ཁོག་ནི་མ་རུང་སྡུག་ཅག་ཡིན་པ་དང་། བོད་རྒྱལ་ཁབ་ཀྱི་ཞེན་ཁོག་ནི་ལེགས་བྱས་བླ་མེད་ཡིན་པ་གཉིས་ནང་འགལ་ཡིན། འོན་ཀྱང་ད་ལྟ་ང་ཚོས་ཐེ་ཚོམ་ཅི་ཡང་མེད་པར་སྔ་མ་ངན་པ་དང་ཕྱི་མ་བཟང་བར་འཇོག་པ་ཡིན། འདི་ནི་བོད་གངས་ཅན་གྱི་ཁོར་ཁྱིམ་འདི་ཙམ་ལ་བདག་བཟུང་བྱས་པའི་ཁྱབ་ཚད་ཀྱིས་ཕྱི་མ་འདི་འགྲིག་པ་ངོ་མར་གནས་པའང་ཡིན། འདི་ནི་གཙོ་བོ་རང་ཕྱོགས་ལ་ཞེན་པ་དང་གཞན་ཕྱོགས་ལ་སྡང་བའམ་ཡང་ན་གཞན་ཕྱོགས་བཏང་ཡལ་དུ་གཏོང་བའི་ངང་ཚུལ་ཞིག་ཡིན།
རང་རེའི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ན་བསམ་བློ་འདི་ཧ་ཅང་དཀོན་པོར་སྣང་། རང་རེའི་བླ་དཔོན་རྣམས་ཀྱིས་རྒྱ་སོག་མན་གསུམ་ལ་མགོ་ཇི་ལྟར་བཏག་སྟངས་ལ་བལྟས་པ་ཙམ་གྱིས་རང་རེའི་མི་ལ་མི་རིགས་ཀྱི་ཞེན་ཁོག་ཅིག་མེད་པ་ཤེས་ཐུབ། “ལ་རྒྱ་ཞེས་པའི་ཚིག་འདི་དུས་ཕྱིས་སུ་གཞི་ནས་བྱུང་བ་ཡིན་ཞིང་། དེའི་ཚིག་གཞན་ནི་ཞེན་པའམ་ཞེན་ཁོག་ཅེས་པ་འདི་ཡིན་ཞིང་། དེ་ནི་འདོད་པ་དང་སྲེད་པ་བརྣབ་སེམས་སོགས་དང་དོན་གཅིག་པ་རེད། དེའི་ཕྱིར་ཞེན་པ་ནི་རང་རེའི་ཆོས་གཞུང་ན་བསམ་བློ་ལེགས་པ་ཞིག་ཏུ་བགྲང་མེད། དེ་ག་ལ་འདྲེན་ཏེ། རང་ཕྱོགས་ལ་ཞེན་པ་ནི་བཏང་སྙོམས་ཀྱི་བསམ་བློ་འགོག་པའི་རྒྱུ་གཙོ་བོ་ཡིན་པས་ཉི་མ་རེ་ལ་“་་་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག” ཅེས་པ་ལན་འགའ་རེ་འདོན་པའི་མི་རིགས་ཤིག་གིས་རང་རིགས་ལ་ཞེན་པ་བྱེད་པ་དེ་བཟང་བ་ཞིག་ལ་མི་བརྩི་བ་ཤེས་ཐུབ་པ་ཞིག་ཀྱང་རེད།
དེས་ན་ལ་རྒྱ་དང་ཞེན་ཁོག་བྱེད་པ་ནི་བོད་ཀྱི་རིག་གཞུང་ཞིག་ཡིན་མི་འདུག ད་སྐབས་སྐྱེ་བོ་ཀུན་དང་ལྷག་པར་དུ་ཤེས་ཡོན་པ་རུ་རློམ་མཁན་དག་གིས་ཁ་གཅིག་གྲགས་ཀྱིས་ལ་རྒྱ་དང་ཞེན་ཁོག་དགོས་པའི་སྐུལ་མ་བྱེད་པ་ནི་དོན་དུ་རང་ཉིད་ཀྱིས་དུས་རྒྱུན་དུ་ནུབ་ཕྱོགས་པའི་བྱེད་སྟངས་ལ་རྒོལ་བཞིན་པའི་བྱ་བ་དང་ནང་འགལ་དུ་འགྲོ་བཞིན་ཡོད་པ་ཧ་ལམ་ཚོར་གྱི་མེད་པར་སྣང་ངོ་།

2010/11/17

དགེ་འདུན་གྱི་སྡེ་ལ་ཆེ་མཐོང་ཤོར་བའི་རྐྱེན།


ད་སྐབས་བོད་ཕྱི་ནང་ཀུན་དུ་གྲ་པ་ལ་མཐོང་མི་འཇོག་ཚུལ་དང་། དེའི་རྒྱུ་མཚན་ལ་བླ་བརྫུན་གྲ་བརྫུན་མང་བ་སོགས་གྲ་པ་རང་ཉིད་ཀྱིས་མ་འགྲིག་པའི་དབང་གིས་ཡིན་པ། བལྟ་ལོག་ཅན་གྱི་མི་མང་བའི་དབང་གིས་ཡིན་པ། དུས་ངན་སྙིགས་མ་ཤར་ཟིན་པས་ཡིན་པ། མའོ་དང་ནུབ་ཕྱོགས་པའི་ཤུགས་རྐྱེན་ཡིན་ཚུལ་སོགས་རང་རང་གི་སེམས་ལ་གང་མཐུན་པ་རེ་གླེང་བའི་འུར་ཟིང་ཆེ་ཙམ་སྣང་། འོན་ཀྱང་ཁོ་བོའི་བསམ་བློ་གློ་བུར་བ་ཞིག་གིས་འདིའི་གནད་དོན་ལྟེ་བ་ནི་དེ་དག་ཐམས་ཅད་མིན་པར་གཞན་ཞིག་ཡིན་པར་མཐོང་བས་ཀློག་པ་པོ་དག་ལ་བསམ་ཚུལ་དེ་འབུལ་འདོད་བྱུང་། 
རབ་བྱུང་གི་སྡེ་ལ་ཆེ་མཐོང་ཇི་ལྟར་ཐོབ་ཚུལ།
གྲོགས་འཚང་པ་འཚང་པར་སྤྱོད་པའི་རབ་བྱུང་དགེ་འདུན་པ་ནི་ལེགས་པར་ཞུགས་པ། རིགས་པར་ཞུགས་པ། དྲང་པོར་ཞུགས་པ། མཐུན་པར་ཞུགས་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་བ། ཕྱག་བྱ་བའི་འོས་སུ་གྱུར་བ། བསོད་ནམས་ཀྱི་དཔལ་གྱི་ཞིང་། ཞེས་སུ་གསུང་ཞིང་། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་འདི་འདྲ་བའི་རབ་བྱུང་གི་སྡེ་ནི་བོད་གངས་ཅན་གྱི་མི་བུ་དག་སུ་གཅིག་གིས་འབྱོན་དང་མི་འབྱོན་པའི་གནད་དོན་ཞིག་ཏུ་ཡང་བརྩིས་ནས་ཐོག་མར་སད་མི་མི་བདུན་ལ་རབ་ཏུ་བྱུང་བའི་ཚོད་བལྟ་ཡང་བྱས་ཡོད། གནང་ཚུལ་འདིས་ཆོས་རྒྱལ་ཁོང་གི་ཐུགས་སུ་རབ་བྱུང་ལ་བརྩིས་ཐང་ཇི་ཙམ་ཡོད་པ་མཚོན་ཐུབ། དེར་མ་ཟད་མི་རབས་གསུམ་གྱི་རྗེས་སུ་ཡུལ་གྱི་རྒྱལ་པོ་ཁྲི་རལ་བ་ཅན་གྱིས་རང་གི་དབུ་ཡི་རལ་བ་ས་ལ་འཕངས་བ་དེའི་ཐོག་ནས་དགེ་འདུན་པ་འབྱོན་བཅུག་པར་མཛད་པ་སོགས་སྔར་བོད་དུ་རབ་བྱུང་ལ་ཆེ་མཐོང་བསམ་གྱི་མི་ཁྱབ་པ་བྱུང་ཡོད།
རབ་བྱུང་དགེ་འདུན་གྱི་སྡེ་འདི་དཀོན་མཆོག་གསུམ་གྱི་ཡ་གྱལ་དུ་བགྲང་པ་འདིས་དགེ་འདུན་གྱི་སྡེ་ལ་བླ་མེད་ཀྱི་ཆེ་མཐོང་འཇོག་པ་ནི་་བོད་ཙམ་མིན་པར་ནང་པ་ཡོངས་ཀྱི་སྲོལ་ཞིག་ཡིན། ངོ་མ་བཤད་ན་རབ་བྱུང་ཞིག་ཡིན་ན་ཐོག་མར་ནང་པའི་གཞུང་ན་གསུང་པའི་སྐྱབས་འགྲོ་ཡང་དག་རྒྱུད་ལ་སྐྱེས་ཡོད་དགོས་ཤིང་། སུ་ཞིག་གི་རྒྱུད་ལ་སྐྱབས་འགྲོ་ཡང་དག་པ་སྐྱེས་ཡོད་ན་དོན་དངོས་ཀྱི་ཆེ་མཐོང་དང་གུས་ཞབས་དེ་འཐོབ་པ་སྨྲོས་མེད། དེ་ཡང་གསལ་བོར་བཤད་ན་རབ་བྱུང་རྣམས་ནི་འཇིག་རྟེན་གྱི་བདེ་སྐྱིད་ཡོངས་སུ་རྫོགས་པ་ལ་ཆགས་ཞེན་ལྡོག་ནས་རང་གཞན་གང་རུང་གི་ཆེད་དུ་ཐར་བའི་གོ་འཕངས་དོན་དུ་གཉེར་མཁན་ཡིན་དགོས། དེ་འདྲ་བའི་གང་ཟག་རྣམས་ནི་སྡུག་བསྔལ་བདེན་པ་གསལ་བོར་ངོས་ཟིན་པའི་སྒོ་ནས་ཀུན་འབྱུང་སྤངས་པ་ལ་རྩེ་གཅིག་ཏུ་གཞོལ་བའི་སྐྱེས་པོ་ཡིན་དགོས་པས་འཇིག་རྟེན་གྱི་དགའ་སྡུག་སོགས་ཆོས་བརྒྱད་པོ་ལ་རྒྱབ་ཀྱིས་ཕྱོགས་པ་ཡིན་དགོས། དེ་འདྲ་བའི་གང་ཟག་དག་ནི་སོ་སྐྱེས་ཐ་མལ་བའི་དབུས་སུ་རྒྱུ་སྐར་དབུས་ཀྱི་ཟླ་བ་བཞིན་མངོན་པར་འཕགས་པ་ཡིན་པས་གོང་དུ་ཕུལ་བའི་ཆེ་མཐོང་ཡོངས་རྫོགས་རི་བ་ཡིན།
ཆེ་མཐོང་དེ་རིམ་བཞིན་ཉམས་པའི་རྒྱུ་རྐྱེན་ཁག་ཅིག
སྤྱི་ཚོགས་ནང་དུ་གྲ་བའི་ཆེ་མཐོང་ཉམས་པའི་རྒྱུ་རྐྱེན་མང་དུ་ཡོད་ངེས། དུས་ཚོད་ལ་ཁག་དཀྲི་བ། མི་ལ་ཁག་དཀྲི་བ། གྲ་བའི་སྤྱི་ཚོགས་རང་ཉིད་ལ་ཁག་དཀྲི་བ་བཅས་ནི་ཡོངས་གྲགས་ཀྱི་བཤད་ཚུལ་དེ་རེད། དེ་ཡང་དང་པོ་ནི་དེང་སང་ནི་དུས་ངན་སྙིགས་མའི་དུས་ཡིན་པས་འཕགས་པའི་དགེ་འདུན་ལ་སྐུལ་བ་འདེབས་པར་བཤད་པ་རེད། གཉིས་པ་ནི་དེང་དུས་ཀྱི་མི་ནི་དམུ་རྒོད་ཅིང་རང་འདོད་ཆེ་བས་འཕགས་པའི་དགེ་འདུན་གྱི་ཡོན་ཏན་མི་མཐོང་བར་བཤད་པ་རེད། གསུམ་པ་ནི་དེང་སང་གི་གྲ་བའི་ནང་དུ་སྤྱོད་པ་ཐ་ཤལ་བྱེད་མཁན་མང་པོ་ཡོད་པར་བཤད་པ་སོགས་རེད། དེ་དག་ནི་ཡོངས་གྲགས་ཀྱིས་གླེང་ཚུལ་དེ་རེད།
ཆེ་མཐོང་དེ་རིམ་བཞིན་ཉམས་པའི་རྒྱུ་རྐྱེན་དངོས།
ཉེ་ཆར་བདག་གི་བསམ་བློའི་རྒྱུ་ཕྱོགས་ཤིག་གི་དབང་གིས་འདིའི་སྐོར་ལ་གནད་དོན་གསར་བ་ཞིག་རྟོགས་བྱུང་། དེ་ནི་དགེ་འདུན་གྱི་སྡེ་ཡི་ཆེ་མཐོང་ཉམས་པའི་རྒྱུ་རྐྱེན་གཙོ་བོ་ནི་གྲ་ཕྲུག་གསར་ཞུགས་བྱེད་པའི་སྲོལ་འདི་ལས་བྱུང་འདུག་པ་ཤེས་བྱུང་།
ད་སྐབས་འགེངས་ཤོག་ཅིག་འགེངས་སྐབས་འཚོ་ཐབས་ཀྱི་ཐད་དུ་གྲ་བ་ཞེས་འབྲི་བ་རེད། ངས་བསམ་པར་ཐམས་ཅད་འདི་ནས་འཁྱུག་འདུག ངོ་མ་བཤད་ན་གྲ་བ་བྱེད་པ་ནི་འཚོ་ཐབས་ཤིག་མིན། གྲ་བ་བྱེད་པ་འཚོ་ཐབས་སུ་བཞག་པ་འདི་ནས་འགོ་བརྩམས་ནས་དགེ་འདུན་པའི་ཆེ་མཐོང་ཉམས་འགོ་ཚུགས་པ་རེད། ཚོང་པའི་ཚོང་བྱེད་པ་དང་། ཞིང་པས་ཞིང་ལས་བྱེད་པ། ཤན་པས་སེམས་ཅན་གསོད་པ་བཞིན་གྲ་བས་འདོན་པ་སྦྱོང་བའམ་ཆོས་སྦྱོང་བ་དེ་འཚོ་ཐབས་ཙམ་དུ་བཞག་པའི་ཉིན་མོ་དེ་ནས་བཟུང་དགེ་འདུན་གྱི་སྡེའི་ཆེ་མཐོང་ལ་བརྩིས་མེད་བཏང་བ་རེད། ཉིན་མོ་དེ་ནས་བཟུང་དགེ་འདུན་པ་ལ་གང་ཟག་ཕལ་བ་ལས་ཁྱད་དུ་འཕགས་པའི་ཆོས་ཤིག་མེད་པར་གྱུར་བ་རེད།
དེ་ཡང་དགེ་འདུན་གྱི་སྡེ་ནི་གོང་དུ་བཤད་པ་བཞིན་གང་ཟག་ཕལ་བ་ལས་མཆོག་ཏུ་གྱུར་བའི་འོས་ཆོས་མཐའ་དག་དང་ལྡན་དགོས། དེ་ཡང་འཁོར་བ་ལ་ཞེན་པ་ལོག་པ་ཞིག་མེད་རུང་འཁོར་བ་ལ་ཡིད་སྨོན་མི་འཆོར་བ་ཞིག་ངེས་པར་དགོས། དགོན་པ་ཁག་གིས་འོས་ཆོས་དེ་དག་ཡོད་མེད་ལ་ཡེ་ནས་མ་ལྟོས་པར་ཁ་གྲངས་མང་བ་གཙོ་བོར་བཟུང་ནས་གྲ་ཕྲུག་གསར་བཅུག་བྱེད་པ་འདི་ནི་འོས་ཆོས་དེ་དག་དང་མི་ལྡན་པའི་མི་སྡེ་ཞིག་བསགས་པ་ཙམ་རེད། དེ་ཡང་སྡུག་ས་ནས་བཤད་ན་མེད་རུང་ཡོད་མདོག་སྟོན་པའི་ཟོལ་བརྫུ་ཅན་གྱི་མི་ཚོགས་ཤིག་ཆེད་དུ་བསྒྲུབས་པ་རེད། ཡང་གཅིག་བཤད་ན་གྲ་ཕྲུག་གསར་བཅུག་བྱས་པ་འདི་ནས་བཟུང་དགེ་འདུན་གྱི་སྡེ་འདི་འཚོ་བའི་བྱིད་ཐབས་ཙམ་དུ་དངོས་སུ་གྱུར་བ་རེད། གང་ལགས་ཤེ་ན་བྱིས་པ་ལོ་ཆུང་གིས་སྡུག་བདེན་ལ་ཞེན་པ་ལོག་པ་དང་དེ་ལས་ཐར་འདོད་ཀྱི་བློ་སྐྱེས་པ་ཞིག་ཆེས་དཀོན། དེ་ནི་ཁོང་ཅག་ལ་མཚོན་ན་རྟགས་སྒྱུར་བ་ཙམ་དང་འཚོ་ཐབས་སྒྱུར་བ་ཙམ་རེད། དེའི་ཕྱིར་དུས་དེ་ནས་བཟུང་གྲ་བར་འབོད་པ་དག་ལ་གོང་གསལ་འོས་ཆོས་རྣམས་མ་ཚང་བར་གྱུར་བ་རེད།
གྲ་ཕྲུག་དགོན་པར་བཅུག་པ་འདི་བཟང་བྱས་ངན་ལས་སུ་སོང་བ་ཡིན།
སྤྱིར་གྲ་ཕྲུག་གསར་བཅུག་བྱེད་པ་འདི་རང་གི་དཔུང་ཁག་རྒྱས་སུ་བཅུག་ནས་གཞན་གྱི་མགོ་ཟིལ་གྱིས་ནོན་བ། རང་གི་བལྟ་བ་མང་དུ་སྤེལ་བ་དང་། དེས་གཞན་གྱི་ཀླད་པ་བཙོ་སྦྱང་བྱེད་པ་སོགས་ཀྱི་ཆེད་དུ་བྱས་པ་ཧ་ལམ་མིན། གྲ་ཕྲུག་གསར་བཅུག་བྱས་པ་ནིི་སངས་རྒྱས་ཀྱི་བསྟན་པ་འཕེལ་བ། གང་ཟག་རང་ཉིད་ཀྱི་སྡིག་འཕྲོ་ཆོད་པ། བརྒྱུད་ནས་འཛམ་གླིང་མི་མང་དང་སེམས་ཅན་ཡོངས་ལ་ཕན་ཐོགས་སྒྲུབ་པ་སོགས་དམིགས་ཡུལ་བཟང་པོ་མང་པོ་བཟུང་བ་ཡིན། འོན་ཀྱང་གོང་གི་རྒྱུ་མཚན་དག་ལ་གཞིགས་ན་དམིགས་ཡུལ་བཟང་པོ་དེ་རེ་བ་བྱས་པ་ཙམ་ལས་ལག་ལེན་གྱི་ཐོག་ཏུ་དོན་ལ་ཁེལ་བ་ཞིག་བྱུང་མེད། དེ་ལས་ལྡོག་སྟེ་སངས་རྒྱས་ཀྱི་བསྟན་པ་ལ་ངན་སྨྲས་བྱེད་པ་དང་། དེའི་གཟི་བརྗིད་མི་མཐོང་བར་སྐུར་བ་འདེབས་པའི་རྒྱུ་རྐྱེན་དུ་གྱུར་སོང་བ་རེད་སྙམ།

2010/11/08

སྟོབས་ཤུགས་རིག་པ།

སྟོབས་ཤུགས་ཀྱི་རིག་པའི་གཞུང་ལུགས་ཀྱི་ས་བོན།
སྔོན་གླེང་།
ང་ཚོ་དུས་རྒྱུན་བསམ་པའི་འཁྱེར་སོ་མི་འདྲ་བའི་ཕྱོགས་གཉིས་ཀྱི་རང་རང་གི་ཕྱོགས་གླེང་དུས་བལྟ་ཚུལ་མི་མཐུན་པ་མ་ཟད་དེའི་རྒྱབ་ན་རྒྱུ་མཚན་དུ་བཀོད་པའི་འདུ་ཤེས་འཛིན་སྟངས་མི་མཐུན་པ་ཞིག་ཀྱང་མཐོང་རྒྱུ་འདུག དེའི་དབང་གིས་སྣང་ཚུལ་མི་འདྲ་བ་རེ་ཡང་མཐོང་རྒྱུ་འདུག ཐོག་མར་སྣང་ཚུལ་དེ་དག་འཚམས་སྦྱོར་བྱེད་པ་གལ་ཆེན་དུ་གྱུར་ཡོད་པས་འདིར་དཔེར་མཚོན་སྐོར་གཅིག་གིས་ལམ་ནས་སྣང་ཚུལ་དེ་ངོས་སྤྲོད་ཐབས་བྱ་ཡི་ཡིན། སྐྱེ་བོ་འགའ་ཞིག་ཆར་བབས་ན་ཡག་མིན་ལ་བསམ་ཚུལ་མ་མཐུན་པ་བྱུང་བ་རེད།
སྐྱེ་བོ་ཀ་བས་ཆར་བབས་ན་ཡག་སྟེ། ས་གཞི་ཐམས་ཅད་ལྗང་མདོག་ཏུ་འགྱུར་བའི་ཕྱིར་རོ་ཞེས་ཟེར།
སྐྱེ་བོ་ག་བས་ཆར་བབས་ན་ཡག་སྟེ། ས་གཞིའི་འདམ་བག་ཐམས་ཅད་མེད་པར་འགྱུར་འགྲོ་བའི་ཕྱིར་རོ་ཞེས་ཟེར།
སྐྱེ་བོ་ཆ་བས་ཆར་བབས་ན་ཡག་སྟེ། ལམ་ཁ་ཐམས་ཅད་འདམ་བག་མེད་པར་འགྱུར་འགྲོ་བའི་ཕྱིར་རོ་ཞེས་ཟེར།
སྐྱེ་བོ་ཁ་བས་ཆར་མ་བབས་ན་ཡག་སྟེ། ལམ་ཁ་ཐམས་ཅད་འདམ་བག་ཏུ་འགྱུར་བའི་ཕྱིར་རོ་ཞེས་ཟེར་།
སྐྱེ་བོ་ང་བས་ཆར་མ་བབས་ན་ཡག་སྟེ། ས་གཞིར་རྩ་སྐྱེས་དགོས་པ་མེད་པའི་ཕྱིར་རོ་ཞེས་ཟེར།
སྐྱེ་བོ་ཅ་བས་ཆར་མ་བབས་ན་ཡག་སྟེ། ས་གཞི་ལྗང་ཁུ་མིག་གིས་མཐོང་འདོད་མེད་པའི་ཕྱིར་རོ་ཞེས་ཟེར།
འདི་ལྟར་གླེང་གཞི་གཅིག་ལ་ངོས་གཉིས་ལས་མེད་ཀྱང་གླེང་ཚུལ་སྣ་མང་དུ་ཡོད་པས་དོན་མེད་པའི་གླེང་ཚུལ་མི་མཐུན་པ་མང་དུ་འབྱུང་བ་ཞིག་ཡོད་པར་སྣང་། འདིར་སྐྱེས་བོ་ཀ་བ་དང་སྐྱེས་བོ་ཅ་བ་གཉིས་ཀྱི་བལྟ་ཚུལ་ལྡོགས་ཕྱོགས་ཡིན། དེ་ནི་རྒྱུ་མཚན་གཅིག་ཡིན་ཡང་རྒྱུ་མཚན་ལ་འདུ་ཤེས་མི་མཐུན་པའི་དབང་གིས་བལྟ་ཚུལ་ལྡོག་ཕྱོགས་སུ་གྱུར་ཡིན། སྐྱེ་བོ་ཁ་བས་སྐྱེ་བོ་ཅ་བ་ལ་མོས་མཐུན་བྱེད་ཀྱང་རྒྱུ་མཚན་ལྡོག་ཕྱོགས་ཡིན། སྐྱེ་བོ་ག་བ་དང་སྐྱེ་བོ་ཀ་བ་གཉིས་བལྟ་བ་མཐུན་ཞིང་རྒྱུ་མཚན་ཡང་མཐུན་མོད་འགོད་ཚུལ་མི་མཐུན། དགོད་བྲོ་བ་ཞིག་ལ་སྐྱེ་བོ་ཁ་བ་དང་སྐྱེ་བོ་ག་བ་གཉིས་བལྟ་བ་ལྡོག་ཕྱོགས་ཡིན་ཀྱང་རྒྱུ་མཚན་ལྡོག་ཕྱོགས་ལྟར་སྣང་ན་ཡང་དོན་དུ་གཅིག་པ་ཡིན། དེ་བཞིན་སྐྱེ་བོ་ག་བ་དང་ཆ་བ་གཉིས་ནི་རྦད་དེ་ལྡོག་ཕྱོགས་ཡིན་ཀྱང་ཞེ་ཕུགས་མ་འདྲ་ཡིན་པ་ལས་འདི་གཉིས་མོས་འཆམ་ཡོང་རྒྱུ་ཡོད་སྲིད། ད་དུང་འདི་དག་ལ་ཞིབ་འཇུག་མང་དུ་བྱེད་རྒྱུ་ཡོད།
གཙོ་བོ་ཁོས་འདིར་འདི་དག་འགོད་དགོས་པའི་དོན་དག་ནི་རང་རེའི་མི་རྣམས་རང་བཙན་དང་དབུ་མའི་ལམ་སོགས་བལྟ་ཚུལ་མི་མཐུན་པ་ཡོད་པ་དེ་དག་གི་རྒྱུ་མཚན་ལ་གང་ཟག་དང་གང་ཟག་གི་བར་ལ་མི་འདྲ་བ་ཡིན་པ་དེ་གསལ་འདེབས་ཆེད་དུ་ཡིན། འགའ་ཞིག་རང་ཅག་སྟོབས་ཤུགས་མེད་པས་དབུ་མའི་ལམ་འདེམས་པ་བཟང་ཞེས་གསུང་གི་ཡོད་ཅིང་། འགའ་ཞིག་གིས་རང་ཅག་ལ་སྟོབས་ཤུགས་ཡོད་པས་རང་བཙན་འདེམས་པ་བཟང་ཞེས་གསུང་སྲིད་ལ། དེ་བས་འགའ་རེས་རང་ཅག་ལ་སྟོབས་ཤུགས་ཡོད་པས་དབུ་མའི་ལམ་འདེམས་པ་བཟང་གསུང་མཁན་ཀྱང་ཡོད་སྲིད། དེ་ལྟར་བལྟ་ཚུལ་མཐུན་པ་ཙམ་གྱིས་བསམ་ཚུལ་ལམ་དེའི་རྒྱུ་མཚན་མཐུན་པས་མ་ཁྱབ་ལ་བལྟ་ཚུལ་མ་མཐུན་པ་ཙམ་གྱིས་དེའི་རྒྱུ་མཚན་མི་མཐུན་པས་ཀྱང་མི་ཁྱབ། སྐྱེ་བོ་ཁ་བ་དང་སྐྱེ་བོ་ག་བ་གཉིས་ཀྱི་བལྟ་ཚུལ་བཞིན་བལྟ་ཚུལ་མི་མཐུན་པ་རྒྱུ་མཚན་གཅིག་གིས་སྒྲུབ་ན་བྱ་ཐབས་དཀོན་ན་ཡང་། སྐྱེ་བོ་ཆ་བ་དང་སྐྱེ་བོ་ཁ་བ་གཉིས་བཞིན་བལྟ་ཚུལ་མི་མཐུན་པ་དེ་རྒྱུ་མཚན་མི་མཐུན་པ་ལས་འབྱུང་གི་ཡོད་ན་ནམ་ཞིག་རྒྱུ་མཚན་མཐུན་པར་གྲུབ་ཚེ་བལྟ་ཚུལ་མཐུན་པར་གྱུར་བའི་རེ་བ་ཡོད།
འདིར་ལམ་ཁ་ཞིག་འཚོལ་རྒྱུ་ཡོད་པ་ནི་རྒྱུ་མཚན་དང་བལྟ་ཚུལ་གཉིས་ཀ་མི་མཐུན་པའི་རིགས་ནི་དོན་དུ་གླེང་ཕྱོགས་མི་མཐུན་པ་ཙམ་ཡིན་སྲིད་ལས་ཆེ་བས་དེ་དག་ལ་བརྡར་ཤ་བཅད་ནས་གྲོས་གླེང་བྱས་ན་བལྟ་ཚུལ་མཐུན་པར་འགྱུར་བའི་རེ་བ་ཡོད། “དབུ་མའི་ལམ་འདི་བོད་ཀྱི་ལངས་ཕྱོགས་བཟང་ཤོས་ཡིན་ཏེ། རང་བཙན་དགོས་པ་མེད་པའི་ཕྱིར་རོ།”་ཞེས་གསུང་མཁན་དག་ལ་བྱ་ཐབས་ཆེར་མེད། སྟབས་ལེགས་པར་འདི་འདྲ་གསུང་མཁན་མང་པོ་མེད་པའི་རེ་བ་ཆེ། དེས་ན་རང་ཅག་གི་ནང་དུ་ “དབུ་མའི་ལམ་འདི་བོད་ཀྱི་ལངས་ཕྱོགས་ཡང་དག་པ་ཡིན་ཏེ། རང་བཙན་མི་ལོན་པའི་ཕྱིར་རོ།”ཞེས་གསུང་མཁན་ནི་ཧ་ལམ་མང་ཤོས་སུ་སྣང་། དེས་ན་དེ་དག་ལ་ “རང་བཙན་ནི་འཕྲོག་དགོས་པ་ལས་བསླངས་ན་མི་སྟེར་།”ཞེས་བཤད་ན་“དེ་དག་གིས་འཕྲོག་མི་ཐུབ་སྟེ། རང་ཅག་ལ་དེ་འཕྲོག་པའི་སྟོབས་ཤུགས་མེད་པས་སོ།”་ཞེས་རྒྱུ་མཚན་དུ་འགོད། འདི་དག་དང་ལྷན་དུ་གླེང་མོལ་ཞིག་བྱས་ན་གྲུབ་འབྲས་རེ་ཐོན་པའི་རེ་བ་ཡོད་པར་སྙམ། གང་ལགས་ཤེ་ན་འདིར་སྟོབས་ཤུགས་ཡོད་པ་དང་མེད་པར་བལྟ་བའི་ཁྱད་པར་ཤོར་བ་ལས་སྟོབས་ཤུགས་མེད་ན་འཕྲོག་མི་ཐུབ་པའི་ཁྱབ་པ་ཁས་ལེན་པ་གཅིག་མཚུངས་ཡིན། འཕྲོག་པ་ལ་བཙན་གྱིས་འཕྲོག་པ་དང་ཐབས་ཀྱིས་འཕྲོག་པ་གཉིས་ཡོད། རང་བཙན་བསླངས་ན་མི་སྟེར་བ་ཁོ་ཐག་ཡིན་པས་ང་ཚོས་རྒྱ་ལག་ནས་རང་བཙན་འཕྲོག་དགོས་ཀྱང་བཙན་གྱིས་འཕྲོག་མི་ཐུབ་པ་ཡང་བདེན་པ་ཡིན། འོན་ཀྱང་རང་ཅག་ལ་རང་བཙན་ཐབས་ཀྱིས་འཕྲོག་ཐུབ་པའི་སྟོབས་ཤུགས་ཤིག་ཡོད་པར་བདག་གིས་འདོད། གལ་སྲིད་རང་ཅག་ལ་སྟོབས་ཤུགས་དེ་ཡོད་པར་སྒྲུབ་ཐུབ་ན་རང་བཙན་གྱི་ལྟ་ཚུལ་འཛིན་དགོས་པ་དེ་མཐུན་པར་འགྱུར་བ་ཡིན། དེའི་ཕྱིར་ཁོ་བོས་འདིར་རང་ཅག་ལ་སྟོབས་ཤུགས་ཤིག་ཡོད་པར་སྒྲུབ་འདོད་པ་ཡིན།
གལ་སྲིད་རང་ཅག་ལ་སྟོབས་ཤུགས་ཤིག་མེད་ན་དབུ་མའི་ལམ་པ་དག་གིས་ཇི་ལྟར་གསུང་བ་བཞིན་“རང་བཙན་འཕྲོག་དགོས”་ཟེར་བ་ནི་ཁ་སྟོང་ནང་གི་ཚིག་སྟོང་ཞིག་ཡིན་པ་དངོས་བདེན་རེད། གལ་སྲིད་ངོ་མ་རང་ཅག་ལ་སྟོབས་ཤུགས་ཤིག་མེད་ན་རང་བཙན་གྱི་བལྟ་ཚུལ་འཛིན་པ་ནི་ཅི་སྟེ་མ་རུང་ཁོག་བཅུག་གི་སྲིད་དོན་ཞིག་མིན་རུང་། བར་སྣང་སྟོང་པར་ལག་གཉོབ་ཅིག་ཡིན་པ་ནི་སྙོན་དུ་མེད། འདི་ནི་རང་བཙན་དོན་གཉེར་བ་སུས་ཀྱང་ངེས་པར་དུ་ཁས་ལེན་དགོས། དེས་ན་ད་“རང་ཅག་ལ་རྒྱ་ལག་ནས་རང་བཙན་འཕྲོག་པའི་སྟོབས་ཤུགས་ཤིག་ཡོད་དམ།” ཞེས་པའི་དྲི་བ་འདི་ལུས་པ་རེད། བདག་གིས་འདིར་“རང་ཅག་ལ་རང་བཙན་རྒྱ་ལག་ནས་འཕྲོག་པའི་སྟོབས་ཤུགས་དེ་ཡོད་དོ།”་ཞེས་བརྗོད་པའི་དོན་དུ་ཁོ་བོས་རྩོམ་ཐུང་འདི་བལྟ་གྲུབ་གླེང་སློང་གི་ཚུལ་དུ་འབྲི་བ་ལཿ སྟོབས་ཤུགས་ཀྱི་རིག་པའི་གཞུང་ལུགས་ཤིག་འགྲུབ་པའི་ས་བོན་ཙམ་གདབ་ཆེད་དུ་རང་ངོས་ནས་སྟོབས་ཤུགས་ཀྱི་རིག་པ་ཞིག་འཆད་པའི་སྒོ་ནས་རང་གི་གྲུབ་མཐའ་དེ་འགོད་པར་བྱའོ་། དེས་ན་འདི་ལ་སྟོབས་ཤུགས་ཀྱི་ངོས་འཛིན། སྟོབས་ཤུགས་ཀྱི་དབྱེ་བ། ཞར་ལ་བདེན་པའི་སྟོབས་ཤུགས་གུད་བཤད་པ་བཅས་གསུམ་ལསཿ
གཅིག སྟོབས་ཤུགས་ཀྱི་ངོས་འཛིན།
སྟོབས་ཤུགས་ནི་ནུས་པ་ཞིག་རེད། དངོས་ཁམས་རིག་པའི་ནང་དུ་ནུས་ཤུགས་ཟེར་ན་ལས་ཀ་བྱས་པའི་ཚད་ལ་གོ་ཞིང་དེ་ཝཊ་ལ་འཇལ་བ་ཡིན། དེ་ནི་སྐར་ཆ་གཅིག་ལ་ཇོལ་གཅིག་གི་མིང་ཡིན། མདོར་ན་དངོས་པོ་ཞིག་གནས་གཅིག་ནས་གཞན་ལ་སྤོར་ཐུབ་པ་ལ་ཟེར། གཞན་ཡང་སྟོབས་ཤུགས་ཟེར་བ་གཞན་ལ་ཤུགས་རྐྱེན་སྤྲོད་ཐུབ་པ་ལ་གོ་བ་ཡིན། སྐབས་སུ་བབས་བའི་སྟོབས་ཤུགས་ཀྱང་གོ་བ་ཕྱི་མ་འདི་ཡིན་པའི་འདིའི་སྐོར་ཅུང་ཟད་སྤྲོ་བར་བྱེད་པ་ལཿ
སྟོབས་ཤུགས་དང་ཞན་ཆ་འགྲོགས་ནས་ཡོད། སྨན་ཐུན་གཅིག་གིས་ལུས་ཡོངས་ལ་ཁྱབ་པའི་ན་ཚ་འཇོམས་པ་འདི་སྨན་དེའི་སྟོབས་ཤུགས་རེད། སྦྲུལ་གྱི་མཆིལ་མ་མི་ལི་ལི་ཊར་བཅུ་ཡིས་ས་སྟེང་འདི་ན་སྟོབས་ལྡན་དུ་གྲགས་པའི་གླང་ཆེན་ཞིག་ཡུད་ཀྱིས་འཆི་ལམ་དུ་རྫོང་ཐུབ། རྒྱ་མ་སྟོང་ཕྲག་མང་པོ་ཁུར་ཐུབ་པའི་ཁལ་འཁོར་ཞིག་རང་ལུས་ཤོངས་ཙམ་གྱི་གཞུང་ལམ་དུ་ཁ་ལོ་བས་གང་འདོད་དུ་ཁྲིད་ཐུབ། འདི་ནི་ཁལ་འཁོར་དང་མི་གཉིས་སྟོབས་ཤུགས་འགྲན་ནས་མི་ལ་མ་དོ་མིན་པར་ཁལ་འཁོར་གྱི་ཞན་ཆའི་སྣེ་མོ་མིའི་ལག་བཟུང་བས་ཡིན། སྟོབས་ཤུགས་ཟེར་བ་ནི་མདོ་བ་བང་རྩལ་འགྲན་པ་བཞིན་གཅིག་གི་སྔོན་དུ་གཅིག་སླེབས་པའི་འགྲན་རྩོད་དང་འདྲ་བ་ཞིག་མིན། རི་བོང་ལས་རུས་སྦལ་བང་འགྲན་རྒྱལ་བ་དེ་ཡང་སྟོབས་ཤུགས་ཤིག་རེད། རི་བོང་གི་ཞན་ཆ་ལ་རུས་སྦལ་གྱིས་ཏག་ཏག་གནད་དུ་ཕོགས་པ་ཡིན། སྟོབས་ཤུགས་ནི་དངོས་པོ་རྒྱ་མར་བཀྱག་པ་བཞིན་ཕྱོགས་གཅིག་ལས་གཅིག་ལྗིད་པའི་འགྲན་ཟླ་དང་འདྲ་བ་ཞིག་མིན། ཡང་པ་ལ་ཡང་པའི་སྟོབས་ཤུགས་ཡོད་ཅིང་། དེ་ལ་ལྗིད་པའི་སྟོབས་ཤུགས་ཀྱི་མི་དོ་ལ། ལྗིད་པ་ལ་དེ་བཞིན་ཡོད་པས་དེ་ལ་ཡང་བས་མི་དོ།
མདོར་ན་སྟོབས་ཤུགས་ནི་གནད་དུ་ཁེལ་མ་ཁེལ་ཞིག་ཡིན། སྨིན་མའི་གནད་ལ་ཁེལ་ན་འབྲོང་རྒོད་ཅིག་ཀྱང་མཛུབ་མདེལ་གྱིས་སྒྲིལ་ཐུབ། དེ་ལ་སྟོབས་ཤུགས་ཟེར། ཕ་རོལ་བོའི་ཞན་ཆ་ངོས་ཟིན་པ་ནི་སྟོབས་ཤུགས་ཀུན་གྱི་ནང་ནས་མཆོག་དང་ནུས་པ་ཆེ་ཤོས་སུ་གྱུར་ཡོད། ཕ་རོལ་བོའི་ཞན་ཆ་ངོས་ཟིན་ནས་དེའི་ཐད་དུ་རང་གི་སྟོབས་ཤུགས་ལེགས་པར་བཀོལ་ཐུབ་ན་འཇིག་རྟེན་འདི་ན་རྒྱལ་མི་ཐུབ་པའི་འཐབ་རྩོད་ཅིག་མེད། འཛམ་གླིང་ན་ཁྲེལ་མེད་གླང་སྤྱོད་ཀྱི་སྔོན་ཐོན་དུ་སོང་ལ་མི་ཡི་གྲངས་འབོར་ཀུན་ལས་མང་ཞིང་ད་དུང་སྟོབས་ཤུགས་ཀྱི་གཞི་མང་པོར་འཛམ་གླིང་ན་དོ་ཟླ་མེད་པའི་རྒྱ་ནག་གི་སྟོབས་ཤུགས་དང་རང་ཅག་གི་མི་འབོར་གྱི་སྟོབས་ཤུགས། ཁྲེལ་མེད་ཀྱི་སྟོབས་ཤུགས། རྡུལ་ཕྲན་གྱི་སྟོབས་ཤུགས། དཔལ་འབྱོར་གྱི་སྟོབས་ཤུགས་སོགས་རྒྱ་ནག་གི་སྟོབས་ཤུགས་ཐམས་ཅད་རང་ཅག་གིས་བརྒྱ་ཡི་ཆར་ཡང་འགྲན་མི་བཟོད་ན་ཡང་བོད་ཀྱི་གནད་དོན་འདི་རྒྱ་ནག་གི་ལག་ནས་ཕྱི་ལ་ཤོར་ནས་འཛམ་གླིང་གི་གནད་དོན་ཞིག་ཏུ་གྱུར་ཟིན་པ་རེད། དེ་ནི་བོད་ཀྱིས་རྒྱ་ནག་གི་ཞན་ཆ་ངོས་ཟིན་ཞིང་། དེ་ལ་གཏད་ནས་རང་ཅག་གི་སྟོབས་ཤུགས་གང་ཙམ་བཀོལ་ཐུབ་པའི་དབང་གིས་བྱུང་བ་ཡིན།
ཁྱེད་ཀྱིས་ཕ་བོང་རང་ལུས་ཀྱི་ཕྱེད་ཀ་ཙམ་ཡང་དགུལ་མི་ཐུབ་ན་ཡང་འཇའ་བཀྱག་ནས་རང་ལུས་དང་མཉམ་པ་ཞིག་རང་ལུས་ལས་མཐོ་བའི་དངོས་པོའི་ཐོག་ཏུ་འགྱོགས་ཐུབ། དེ་ནི་ཁྱེད་ཀྱི་ལུས་པོར་ཡོད་པའི་ལྗིད་འགྱོགས་པའི་ནུས་པ་དེ་ཕ་བོང་གི་གདོས་ཚད་ཀྱིས་འཛམ་གླིང་གི་འཐེན་ཤུགས་འབྱར་བའི་ནུས་པ་ལས་རྒྱལ་བ་མིན་ཡང་ཁྱེད་ཀྱིས་དེ་ལ་ཀླད་པའི་སྟོབས་ཤུགས་ཀྱི་ཁ་སྣོན་བྱས་ནས་ཕ་བོང་གི་ལྗིད་ཚད་ལས་རྒྱལ་བ་ཡིན། ཕ་བོང་ལ་དེ་འདྲའི་སྟོབས་ཤུགས་སྣོན་རྒྱུ་མེད་པ་ནི་ཕ་བོང་གི་ཞན་ཆ་རེད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་སོགས་རང་བཙན་རྩོད་ལེན་པ་དག་གིས་ཁ་ནས་རང་བཙན་ཤུགས་ཀྱིས་སྒྲོག་པ་ཙམ་དང་སེམས་ན་རང་བཙན་ལྷན་ནེར་འཆར་བ་ཙམ་གྱིས་གང་ཡང་མི་ཕན། དབུ་མའི་ལམ་པ་བ་འགའ་རེས་རང་བཙན་གྱི་བལྟ་བ་བཟུང་ན་ལས་འགུལ་སྤེལ་དགོས་ཤིང་དེ་མི་ཐུབ་པས་དབུ་མའི་ལམ་བདག་པ་ཡིན་བཤད་མཁན་འདུག དེའི་ཤུགས་ལ་དབུ་མའི་ལམ་པ་བར་བདམ་ན་རང་ཉིད་སོས་དལ་དུ་སྡོད་ས་ཡོད་པ་དང་། རང་བཙན་གྱི་བལྟ་བ་ཁྱེར་ན་རྔོ་ཐོགས་པའི་ལས་འགུལ་སྣ་མང་སྤེལ་དགོས་པ་བསྟན་འདུག སྐུ་ཞབས་ལྷག་པ་ཚེ་རིང་དང་སྐུ་ཞབས་བསྟན་འཛིན་བརྩོན་འགྲུས་ལགས་སོགས་འབུར་དུ་ཐོན་པའི་ལས་འགུལ་སྤེལ་མཁན་རེ་གཉིས་ལས་མེད་པ་ནི་རང་བཙན་དོན་གཉེར་བ་དག་གི་ངོ་ཚ་ཡིན་ལ་ཞན་ཆ་ཡང་ཡིན། ཁྱེད་ཅག་གིས་ལས་འགུལ་ངོ་མ་ཉུང་དྲགས་འདུག
སེང་གེ་དང་རི་བོང་གཉིས་རང་རང་གི་སར་ཚེ་ཡི་འཕེན་པ་མ་རྫོགས་པར་རང་ཁ་རང་གིས་གསོ་བ་དང་སོས་པ་གཅིག་མཚུངས་ཡིན། འདིས་བསྟན་དོན་ཞིག་བསྟན་ཡོད་དེ། སྤྱིར་ན་དེ་གཉིས་ལ་སྟོབས་ཤུགས་སུ་ཆེ་སུ་ཆུང་གི་རྣམ་བཞག་མེད་པ་དེ་འོ། ནམ་ཞིག་སེང་གེས་སུག་གུའི་སྡེར་མོ། ཁ་ཡི་མཆེ་བ། ལུས་ཀྱི་ལྗིད་བཅས་ཐད་ཀར་བཀོལ་ན་རི་བོང་ཕམ་པར་འགྱུར་ཞིང་། ནམ་ཞིག་རི་བོང་གིས་རང་ལུས་ཆུང་བ་དང་རྣམ་རིག་གཞན་བཀོལ་ན་སེང་གེ་ཕམ་པར་འགྱུར་། དེས་ན་དེ་གཉིས་བར་གྱི་རྒྱལ་ཕམ་ནི་རང་རང་གི་ཞན་ཆ་ཕྱིར་མངོན་མ་མངོན་དང་སྟོབས་ཤུགས་གནད་ལ་ཁེལ་མ་ཁེལ་ལ་རག་ལུས་ཡོད། རིགས་འགྲོས་འདི་གཞི་ཐམས་ཅད་ལ་ཁྱབ་པའི་བདེན་དོན་ཞིག་ཡིན་པར་སྙམ། དེས་ན་བོད་དང་རྒྱ་ནག་གི་བར་ལ་ཡང་བདེན་དོན་འདི་གནས་ཡོད་ངེས་རེད་སྙམ།
ང་ཚོར་དབུ་མའི་ལམ་སློང་ན་མ་གཏོགས་རང་བཙན་འཕྲོག་པའི་སྟོབས་ཤུགས་མེད་ཅེས་པ་ནི་དབུ་མའི་ལམ་པ་བའི་སྟོབས་ཤུགས་དང་ཞན་ཆ་གཉིས་ཀ་རེད། སློང་ན་མི་སྟེར་བ་ནི་ཀུན་གྱིས་ཤེས་པའི་མཐོང་ཆོས་དེ་ཡིན་པས་དེས་ན་དབུ་མའི་ལམ་པ་བས་བོད་ཀྱི་རྩ་དོན་མི་འགྲུབ་པར་ཐག་གིས་ཆོད་སོང་སྙམ། དཔེར་ནཿ ང་ཚོ་ལ་ལམ་ཁ་སྤྲང་པོ་ཉམ་ཆུང་དག་གིས་མགོ་ལུས་ཡོངས་རྫོགས་གུས་ཞབས་ཀྱི་ཕྱག་རྒྱ་ལ་བསྒྱུར་ནས་ཇི་ལྟར་བསླངས་ཀྱང་ང་ཚོས་གད་སྙིག་དུ་འདོར་བཞིན་པའི་ལྕག་སྒོར་ཆིག་ལོར་རེ་དང་ཉིས་ལོར་རེ་སྟེར་ན་ལྷ་རབ་ཡིན། མང་ཆེ་བར་“ཕར་རྒྱུགས”་ཅེས་སུན་སྣང་དང་བཅས་ཏེ་ཕར་དཀྲོགས་པ་རེད། འོན་ཀྱང་དེའི་རྗེས་སུ་འགྲུལ་འཁོར་ནང་དུ་སླུ་ཐབས་ལ་མཁས་པའི་མི་ཞིག་བྱུང་ན་སྒོར་བཅུ་ལོར་ནས་བརྒྱ་ལོར་བར་དུ་སྦྱིན་པ་ཡང་སྲིད་པ་རེད། འདི་ནི་ཐབས་ཀྱིས་འཕྲོག་པའི་བྱེད་ཐབས་དེ་ཡིན་ཞིང་། རང་རེ་ལ་འདི་བྱེད་པའི་སྟོབས་ཤུགས་དེ་ཡོད་པར་སྙམ། འགྲུལ་འཁོར་བཅོམ་མཁན་གྱི་ཇག་པ་ཞིག་བྱུང་ན་དངུལ་ཁུག་ཡོངས་རྫོགས་འབུལ་དགོས་ཀྱང་འབུལ་བ་ལོས་ཡིན་སྟེ་རང་སྲོག་ལ་ཐུག་པ་རེད། འདི་ནི་བཙན་གྱིས་འཕྲོག་པའི་ལུགས་ཡིན་པས་ང་ཚོར་འདི་ལྟར་འཕྲོག་པའི་སྟོབས་ཤུགས་འདི་མེད་པ་ནི་བདེན།
ངོ་ཚ་ཁྲེལ་གཞུང་མེད་པ་ནི་རྒྱ་ནག་གི་སྟོབས་ཤུགས་ཤིག་ཡིན་སྲིད་ཀྱང་། དེ་རྒྱལ་སྤྱིའི་མདུན་སར་ཐེར་འདོན་བྱེད་ཐུབ་ན་དེ་རྒྱ་ནག་གི་ཞན་ཆ་ཡང་ཡིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བྱེད་འོས་པ་ནི་རང་གི་ཁ་གཏད་རྒྱ་ནག་གི་ཞན་ཆ་གང་ཡོད་ལ་ཞིབ་འཇུག་ལྷན་ཚོགས་ཆེད་དུ་བཙུགས་ནས་རྒྱ་ནག་གི་ཞན་ཆ་གང་ཡོད་དང་དེ་འབྲེལ་གྱིས་དེ་ལ་ནུས་པ་སྤྲོད་པའི་ལས་འགུལ་གང་ཡོད་ལས་དོན་འཆར་འགོད་བྱེད་དགོེས། ད་དུང་དེར་མ་ཟད་བོད་ནང་དུ་ས་རྒྱུས་ཆུ་རྒྱུས། བོད་ལ་གནས་པའི་བོད་མིའི་འཚོ་བ་དང་སེམས་ཁམས་སོགས། གཞེས་བྱེས་གཉིས་སམ་གཞེས་བཞུགས་བོད་མི་དང་གཞོན་ནུ་ལྷན་ཚོགས་ཀྱི་བར་གྱི་འབྲེལ་ཐག ཕྱིའི་རྒྱལ་ཁབ་སོ་སོའི་ནང་བོད་དོན་ལ་འཛིན་པའི་བལྟ་སྟངས། རང་ཅག་གིས་མ་སྙོབས་སའི་རྒྱལ་ཁག་ལ་ཇི་ལྟར་སྙོབས་ཐབས་སོགས་ཞིབ་འཇུག་བྱེད་རྒྱུ་ཧ་ཅང་མང་། དེ་དག་ལ་ཞིབ་འཇུག་བྱེད་པའི་ཞིབ་འཇུག་ལྷན་ཚོགས་ཆེད་དུ་བཙུགས་ནས་ཞིབ་འཇུག་གི་འབྲས་དོན་བཞིན་ལས་འགུལ་རྔོ་ཐོགས་པ་འཆར་འགོད་བྱེད་དགོས། ཁོ་བོས་གཞེས་བྱེས་གཉིས་ཀྱི་བར་ལ་ཐོ་མ་ཐུག་པའི་སྟོང་ཆ་མང་དུ་ཡོད་པར་མཐོང་། གལ་དེ་ཇེ་ཆུང་དུ་གཏོང་མ་ཐུབ་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་ངོ་མ་ཁ་སྟོང་ནང་གི་ཚིག་སྟོང་དུ་འགྱུར་ཉེན་ཡོད་ལ་ངོ་མ་རང་བཙན་ཁ་ལ་ཁྱེར་ནས་རང་དོན་སྒྲུབ་མཁན་ལ་དངོས་སུ་འགྱུར་ཉེན་ཡོད།
ཞོར་ལ་རང་ཅག་ལ་ཡོད་པའི་བདེན་པ་ངོས་འཛིན་པ།
རང་ཅག་ལ་ཡོད་པའི་བདེན་པ་ནི་བོད་འདི་ལོ་རྒྱུས་ཐོག་རྒྱ་འོག་ཏུ་སྡོད་མྱོང་མེད་པའམ་རྒྱ་བོད་རྒྱལ་ཁབ་གཅིག་མིན་པ། ད་ལྟའི་སྐབས་སུ་བོད་རྒྱ་འོག་ཏུ་སྡོད་མི་ཐུབ་ལ་མ་འོངས་པར་ཡང་དེ་ལྟར་ཐུབ་པའི་སྔ་བལྟས་མེད་པ། བོད་ཀྱིས་རང་གི་ལེགས་བྱང་དང་འདོད་འདུན་རང་གིས་ཁ་ལོ་བསྒྱུར་བའི་འདོད་པ་བྱེད་ཀྱིན་ཡོད་པ། ད་ལྟ་བོད་མི་རྣམས་ལ་སྨྲ་བརྗོད་ཀྱི་རང་དབང་མེད་པ་དང་ཆབ་སྲིད་ཀྱི་རང་དབང་མེད་པ་སོགས་གཟོད་ཐབས་བྲལ་བའི་དཀའ་སྡུག་མྱོང་བཞིན་པ་རྣམས་ནི་རང་ཅག་གི་བདེན་པ་རེད། ད་དུང་བོད་ཀྱི་ཁོར་ཡུག་འདི་བོད་མིའི་ལག་ཏུ་མེད་ན་འཛམ་གླིང་གི་འཚོ་གནས་ལ་ཉེན་ཁ་ཡོད་པ་ཡང་བདེན་དོན་ཞིག་ཡིན།
གཉིས། སྟོབས་ཤུགས་ཀྱི་དབྱེ་བ།
དེ་ལྟར་སྟོབས་ཤུགས་ནི་གནད་དུ་ཁེལ་མ་ཁེལ་ཡིན་ཞིང་། གནད་དུ་ཁེལ་ནས་འབྲས་བུ་འདོན་པ་ལ་བརྒྱུད་ལམ་འགའ་རེ་ཡོད་པར་སྣང་། དེ་དག་ལ་སྟོབས་ཤུགས་ཀྱི་དབྱེ་བ་ཞེས་འབོད། སྟོབས་ཤུགས་ལཿ ༡། སེམས་ཀྱི་སྟོབས་ཤུགས། ༢། ཕོན་གྱི་སྟོབས་ཤུགས། ༣། གཉུགས་མའི་སྟོབས་ཤུགས། ༤། ཆོས་ཉིད་ཀྱི་སྟོབས་ཤུགས། ༥། བདེན་པའི་སྟོབས་ཤུགས་བཅས་རིགས་དྲུག་ཡོད། དང་པོ་ནི་དད་བའི་སྟོབས་ཤུགས་དང་། རྨོངས་བའི་སྟོབས་ཤུགས། རྟོགས་པའི་སྟོབས་ཤུགས། སྤོབས་པའི་སྟོབས་ཤུགས་སོགས་ལ་གོ གཉིས་པ་ནི་མཚོན་ཆའི་སྟོབས་ཤུགས། དཔལ་འབྱོར་གྱི་སྟོབས་ཤུགས་སོགས་ལ་གོ གསུམ་པ་ནི་ཨུ་ཚུགས་ཀྱི་སྟོབས་ཤུགས་ལ་གོ བཞི་བ་ནི་ཞི་བ། ཆེ་བ། འཇམ་པ། ཡིད་དུ་འོང་བ། རྣོ་བ་སོགས་ཀྱི་སྟོབས་ཤུགས་ལ་གོ ལྔ་བ་ནི་དངོས་ཡོད་དང་མཐུན་པའི་སྟོབས་ཤུགས་ལ་གོ
༡། དང་པོ་སེམས་ཀྱི་སྟོབས་ཤུགས།
སེམས་ཀྱི་སྟོབས་ཤུགས་ནི་ཆེས་ཡོངས་གྲགས་ཤིག་ཡིན་པས་འདིར་དམིགས་ཀྱིས་འགྲེལ་དགོས་པ་ཅང་མེད། འོན་ཀྱང་མ་རིགས་རྨོངས་པ་ཡང་སྟོབས་ཤུགས་ཤིག་ཏུ་ཁོ་བོས་བགྲང་ཡོད། དེ་ནི་དཔེར་ན་རྒྱ་ནག་གིས་རང་གི་སྐད་ཡིག་སྲུང་སྐྱོབ་ཀྱི་ཚད་འཛམ་གླིང་ན་ཨང་དང་པོ་ཡིན་ཚོད། དེ་ནི་རྒྱ་ནག་མི་མང་གིས་དབྱིན་ཡིག་སོགས་ཕྱིའི་ཡིག་རིགས་མ་ཤེས་པའི་བཀའ་དྲིན་ལ་བརྟེན་པ་ཡིན། བཟོ་ཚོང་ཚོགས་པ་ཆེན་པོ་དག་གིས་རང་རང་གི་ཐོན་རྫས་རྣམས་འཛམ་གླིང་གི་སྐད་ཡིག་སྣ་ཚོགས་ཀྱི་ནང་དུ་ཁྱབ་བསྒྲགས་བྱེད་པའི་འགྲོ་གྲོན་ལ་འཛེམས་པ་མེད་པར་བྱེད། དེ་ནི་འཛམ་གླིང་གི་མི་རྣམས་སྐད་ཡིག་གཅིག་གྱུར་ལ་རྨོངས་བས་དབང་གིས་མཐུན་རྐྱེན་དེ་རག་གི་ཡོད། སྐད་རིགས་མི་གཅིག་པའི་མི་གཉིས་ཀྱིས་བར་ན་ཡང་སྣང་ཚུལ་འདི་མཐོང་རྒྱུ་ཡོད། ཁ་དཔེརཿ མ་རིག་མ་ཤེས་མ་གོ་གསུམ། །འཇིག་རྟེན་ཁམས་ཀྱི་གཙང་གསུམ་ཡིན། ། ཞེས་པའི་སྡོམ་ཚིག་འདི་ཡང་རྨོངས་པའི་སྟོབས་ཤུགས་ཀྱི་ཡོན་ཏན་བརྗོད་པའི་ངག་ཅིག་རེད། རྒྱ་གར་གྱི་གློང་བརྙན་སོགས་སུ་མང་དུ་མཐོང་རྒྱུ་ཡོད་པ་བཞིན་མི་བསད་པའི་དོན་རྐྱེན་ཞིག་བྱུང་ན་ཉེན་རྟོགས་པས་གཡས་གཡོན་གྱི་མི་ལ་སྐད་ཆ་དྲིས་ཚེ་མི་ཐམས་ཅད་ཀྱིས་(མཐོང་དོན་རྐྱེན་དེ་དངོས་སུ་མིག་གིས་མཐོང་ཡང)་མ་མཐོང་མ་ཤེས་ཞེས་གཟུ་བོར་འོང་མཁན་དཀོན། དེ་ནི་གལ་སྲིད་ཁོ་ཚོས་ཤེས་མདོག་བསྟན་ན་དེའི་མཇུག་ཏུ་འདྲི་བརྩད་ཀྱི་མཇུག་ཏུ་འདྲི་བརྩད་འོང་ནས་སུན་པོ་བཟོ་བའི་རྐྱེན་དུ་འགྱུར་བ་དེ་ཤེས་ཀྱི་ཡོད་ཅིང་དེ་ལས་གཡོལ་ཆེད་དུ་མི་རྣམས་ཀྱིས་མ་མཐོང་མ་གོ་ཞེས་སྨྲ་བ་རེད། འདི་ནི་དཀའ་ངལ་དེ་འདྲ་ལས་གཡོལ་ཆེད་དུ་རྨོངས་བའི་སྟོབས་ཤུགས་ལས་ལྷག་པ་མེད་པ་ཤེས་ནས་རྨོངས་བའི་སྟོབས་ཤུགས་ལ་སྐྱབས་བཅོལ་བ་རེད། རྨོངས་བའི་སྟོབས་ཤུགས་འདི་སྲིད་དོན་པ་ཚོར་ཧ་ཅང་མཁོ་བའི་ལག་ཆ་ཞིག་ཀྱང་ཡིན། ད་བར་དུ་བྱུང་བའི་བཀའ་བསྟན་བཅོས་ཀྱི་འགྲེལ་ཡང་འགྲེལ་དེ་སྙེད་ཅིག་བརྩམས་ཡོད་པ་འདི་མཐའ་དག་རྨོངས་བའི་སྟོབས་ཤུགས་ཀྱིས་ཤུགས་རྐྱེན་འོག་བྱུང་བ་ཡིན། མཐའ་མ་རྨོངས་པའི་སྟོབས་ཤུགས་ལ་བརྟེན་ནས་མཁས་པ་བྱུང་བར་ཡང་བཤད་ཆོག
༢། ཕོན་གྱི་སྟོབས་ཤུགས།
ཕོན་གྱི་སྟོབས་ཤུགས་ཟེར་བ་ནི་གྲངས་མང་བའི་སྟོབས་ཤུགས་ཤིག་ལ་གོ དངོས་པོ་གང་ཡིན་ཡང་གྲངས་ཀ་མང་བ་དེ་རང་བཞིན་གྱིས་སྟོབས་ཤུགས་ཤིག་ཏུ་གྱུར་ཡོད། འདི་ལ་མཚོན་ཆའི་སྟོབས་ཤུགས། དཔལ་འབྱོར་གྱི་སྟོབས་ཤུགས། མི་འབོར་གྱི་སྟོབས་ཤུགས། མང་བའི་སྟོབས་ཤུགས་སོགས་ཡོད། འདི་དག་ལས་སྔ་མ་རྣམས་ལ་འགྲེལ་དགོས་པ་མེད་ཅིང་། ཕྱི་མ་འདི་ཅུང་ཇེ་གསལ་དུ་གཏོང་དགོས་སྲིད་པས་ཞུ་རྒྱུར། སྤྱིར་མང་བའི་སྟོབས་ཤུགས་ཟེར་བ་ཕོན་གྱི་སྟོབས་ཤུགས་དེ་ཁོ་ན་དང་དོན་གཅིག་ཏུ་འཇོག་ལོས་ཆོག་སྙམ། འོན་ཀྱང་ཕོན་གྱི་སྟོབས་ཤུགས་ཟེར་བ་སྟོབས་ཤུགས་འདི་དག་གི་སྤྱི་མིང་ལ་བཞག་པ་ཡིན་ཞིང་། མང་བའི་སྟོབས་ཤུགས་ཟེར་བ་ནི་གྲངས་མང་བ་ཙམ་གྱིས་སྟོབས་ཤུགས་ཤིག་འགྲུབ་ཀྱི་ཡོད་པ་དེ་གུད་དུ་སྟོན་ཆེད་དུ་ཟུར་དུ་བཞག་པ་ཡིན། དེ་ཡང་འབྲུ་ཡི་ཕོན་བསགས་པས་རྒྱ་ཁ་ནོན། གཤེར་ཁུའི་ཕོན་བསགས་པས་སྣོད་ལས་ཕྱིར་ལུད། ཆུ་ཡི་ཕོན་བསགས་པས་ཆུ་ལོག་འབྱུང་། འོད་ཀྱི་ཕོན་བསགས་པས་མུན་པ་སེལ། ད་དུང་ཤུགས་ཀྱི་ཕོན་བསགས་པས་དངོས་པོ་འགྱོགས། བང་རྩལ་གྱི་ཕོན་བསགས་པས་སྔོན་དུ་སླེབས། བསམ་གཞིགས་ཀྱི་ཕོན་བསགས་པས་བལྟ་གྲུབ་འགྲུབ། འདི་ལ་སོགས་པ་ཆེས་མང་པོ་གཅིག་དང་གཉིས་ཀྱི་སྐབས་སུ་ནུས་པ་ཅི་ཡང་མེད་ཅིང་། དེ་ཉིད་གྲངས་ཀ་བསྡོངས་པ་ཙམ་གྱིས་ནུས་པ་ཆེན་པོ་ལྡན་པའི་སྟོབས་ཤུགས་སུ་འགྲུབ་གྱི་ཡོད།
མི་བརྒྱ་ལྷན་གཅིག་ཏུ་གདན་ལ་གནས་ཡོད་ན་དེའི་ནང་ནས་མི་གཅིག་ཡར་ལངས་རྒྱུར་འཚེར་སྣང་ཞིག་འབྱུང་གིན་ཡོད། དེ་ནི་ཡར་མ་ལང་བའི་བཀའ་བཀོད་མེད་ཀྱང་གཞན་རྣམས་ལྷིང་འཇགས་སེར་གནས་ཡོད་པ་དེ་ཙམ་གྱིས་གནོན་ཤུགས་ཤིག་འགྲུབ་ཀྱི་ཡོད་པ་དེའི་དབང་གིས་ཡིན། ཁྱོད་རང་ཕྱི་ལོགས་སུ་སོང་ན་རོགས་པ་མང་པོ་དང་ལྷན་དུ་སོང་ན་བློ་བདེ་བག་ཕེབས་ཤིག་ཡོང་བ་དེ་ཡང་མང་བའི་སྟོབས་ཤུགས་ཀྱི་ཆ་ཤས་ཤིག་རེད།
༣། གཉུགས་མའི་སྟོབས་ཤུགས།
གཉུགས་མའི་སྟོབས་ཤུགས་ཟེར་བ་ནི་བྱ་བ་ཞིག་གཉུགས་བསྲིང་ནས་བྱེད་པ་གྲུབ་འབྲས་ཤིག་ཐོན་རྒྱུ་ཡོད་པ་ལ་ཟེར་། བརྫུན་ཚར་བརྒྱར་བསྒྲགས་ན་བདེན་པར་འགྱུར་བ་ཟེར་བའི་བཤད་སྲོལ་ཞིག་ཡོད་དེ་འདི་ལ་གཞིར་བྱས་པ་ཡིན། གྷན་དི་ཡིས་མཚམས་སྦྱོར་བྱས་པའི་བདེན་པའི་ཨུ་ཚུགས་ཞེས་པ་ཡང་འདིའི་བྱེ་བྲག་ཅིག་རེད། བྱ་བ་ཡག་སྡུག་གང་ཡིན་ཡང་རྒྱུན་བསྲིང་ནས་སྒྲུབ་ན་འབྲས་བུ་མི་ཐོན་པ་མི་སྲིད། སངས་རྒྱས་ཀྱི་གོ་འཕང་ཡང་སྟོབས་ཤུགས་འདི་སྤྱད་ནས་འཐོབ་ཀྱི་ཡོད་པ་དང་། ཡ་ཧུ་ད་བས་ཀྱང་སྟོབས་ཤུགས་འདི་སྤྱད་ནས་མི་ལོ་ཉིས་སྟོང་གི་ཁ་འཐོར་གྱི་འཚོ་བ་བསྐྱེལ་མཐར་རང་ས་རང་ལ་རག་པ་བྱུང་ཡོད།
ལས་དོན་མ་འགྲུབ་པའི་རིགས་ཐམས་ཅད་ལས་རྒྱུན་སྐྱོང་མ་ཐུབ་པ་ཁོ་ནས་འབྱུང་གི་ཡོད། འཇར་མན་གྱིས་འཛམ་གླིང་དབང་སྒྱུར་བྱེད་མ་ཐུབ་པ། མའོས་རིག་གནས་རྙིང་པ་རྩ་མེད་བྱེད་མ་ཐུབ་པ། སློབ་མ་བཀྲ་ཤིས་མཐོ་རིམ་སློབ་གྲྭར་འགྲོ་མ་ཐུབ་པ། ཨ་མ་ལྷ་མོས་ཞིང་ཁར་ཆུ་རྒྱག་མ་ཐུབ་པར་འབྲས་བུ་མ་ཐོན་པ་སོགས་ཐམས་ཅད་ཨུ་ཚུགས་ཀྱིས་མ་འདང་བ་ཤ་སྟག་གིས་བྱུང་བ་ཡིན།
༤། ཆོས་ཉིད་ཀྱི་སྟོབས་ཤུགས།
ཆོས་ཉིད་ཀྱི་སྟོབས་ཤུགས་ཟེར་བ་ནི་དངོས་པོ་གང་ཞིག་གི་རང་ཐོག་ཏུ་ཡོད་པའི་རང་བཞིན་གྱི་ནུས་པ་དེ་ལ་གོ་བ་ཡིན། དཔེར་ན་གཟུགས་བོང་ཆེ་བ་འདི་སྟོབས་ཤུགས་ཤིག་ཡིན་ཞིང་། ཆུང་བ་ལ་དེའི་སྟོབས་ཤུགས་ཡོད། མེ་ཏོག་ཡིད་དུ་འོང་བ་དེ་ཡང་སྟོབས་ཤུགས་ཤིག་ཡིན། དུད་འགྲོའི་འཛམ་གླིང་ཆེན་མོའིི་ནང་དུ་འདིའི་དཔེར་མཚོན་ངོ་མཚར་བ་མང་དུ་མཐོང་རྒྱུ་ཡོད། ད་དུང་འཇམ་པའི་སྟོབས་ཤུགས། ཚ་བའི་སྟོབས་ཤུགས། མགྱོགས་པའི་སྟོབས་ཤུགས། མཁྲེགས་པའི་སྟོབས་ཤུགས། བརྟན་པའི་སྟོབས་ཤུགས་སོགས་མང་།
འདིའི་ནང་དུ་རང་ཅག་ལ་མཁོ་བའི་སྟོབས་ཤུགས་ནི་ཆིག་སྒྲིལ་གྱི་སྟོབས་ཤུགས་དང་བདེན་པའི་སྟོབས་ཤུགས་སོགས་ཡིན། ཆིག་སྒྲིལ་གྱི་སྟོབས་ཤུགས་ནི་མཁྲེགས་པའི་སྟོབས་ཤུགས་དང་རིགས་མཚུངས་བ་ཡིན། འདི་ལ་གོང་བུའི་སྟོབས་ཤུགས་ཀྱང་ཟེར་།
༥། བདེན་པའི་སྟོབས་ཤུགས།
འདི་ནི་ཆོས་ཉིད་ཀྱི་སྟོབས་ཤུགས་ཀྱི་ནང་དུ་འདུ་བ་ཡིན། རང་ཅག་གིས་ང་ཚོ་ལ་བདེན་པའི་སྟོབས་ཤུགས་ཡོད་སོགས་མང་དུ་སྒྲོག་ན་ཡང་ཁ་ཙམ་ལས་ཞིབ་ཕྲ་བའི་སྒོ་ནས་ངེས་ཤེས་ཅི་ཡང་མ་རྙེད་པར་བཤད་མཁན་མང་དུ་སྣང་། དེ་དག་ལ་རང་ཅག་ལ་ཡོད་པའི་བདེན་པའི་སྟོབས་ཤུགས་ཟེར་བ་ངེས་ཤེས་ལེགས་པོ་རྙེད་ཆེད་དུ་གསལ་འདེབས་ཀྱི་ཆེད་དུ་འདི་ཞིབ་པར་བཤད་རྒྱུ་ཡིན། འདི་ནི་གཉུགས་མའི་བདེན་པ་དང་ཤུགས་ཀྱིས་འབྲེལ་ཡོད་དེ། བདེན་དང་ལུང་པ་ཕུ་ཐག་རིང་། བརྫུན་དང་ཨ་བྲ་རྔ་མ་ཐུང་། ཞེས་བཤད་པ་བཞིན་ནོ། གལ་སྲིད་ང་ཚོ་ལ་ཡོད་པའི་བདེན་པ་དེ་བློས་མ་བཏང་བར་མུ་མཐུད་ནས་བདེན་པ་བརྡར་ན་དེ་ལ་འབྲས་བུ་མེད་པ་མི་སྲིད་དེ། དེ་ལྟར་མིན་ན་རྒྱུ་འབྲས་སླུ་བའི་ཆོས་སུ་འགྱུར་བའི་ཕྱིར་རོ།
ང་ཚོ་འཇིག་རྟེན་མི་ཡི་ལུགས་སུ་བྱས་ན་བདེན་པ་ནི་རང་ངོས་གྲུབ་ཡོད་པས་རང་མཚན་པ་ཡིན་པ་ལས་རྟོག་པས་བཏག་པ་ཙམ་མམ་བློས་ཕར་བཞག་པ་ཞིག་མིན། གང་ཞིག་བདེན་པ་ཡིན་ན་གཞན་དང་ལྷན་དུ་བདེན་པ་རྡར་རྒྱུ་ཡོད་པ་ཞིག་ཡིན་དགོས། དེ་མེད་ན་བདེན་པར་མི་བརྩི། དེ་སྐྱར་དུ་བཤད་ན་ང་ཚོས་གང་ཞིག་བདེན་པ་ཡིན་ཞེས་བཤད་ན་དེ་གང་ཟག་གཉིས་པ་སྟེ། བཤད་ས་ཡི་གང་ཟག་ལ་དེ་ལྟར་གྲུབ་དགོས། གང་ཟག་གཉིས་པས་ཁས་མ་བླངས་ན་གང་ཟག་གསུམ་པ་དཔང་དུ་བཞག་ནས་བདེན་དཔང་བྱེད་ཐུབ་པ་ཞིག་ཡིན་དགོས། དེའི་ཕྱིར་དམའ་མཐར་ཡང་་གང་ཟག་དང་པོ་དང་གསུམ་པ་གཉིས་ཀྱི་ངོར་བདེན་པར་གྲུབ་པ་འམ་དེ་གཉིས་ཀྱི་ངོར་མཐུན་སྣང་དུ་གྲུབ་པ་ཞིག་ཡིན་དགོས། དེ་མིན་བདེན་པར་སྒྲུབ་མི་ཐུབ།
དོན་དེ་གཞི་ལ་སྦྱར་ན། ད་ལྟ་ང་ཚོ་བོད་མི་ཚོས་མྱོང་བཞིན་པའི་དཀའ་ངལ་དེ་དག་དང་། བོད་ཀྱི་འདས་པའི་ལོ་རྒྱུས་བོད་རྒྱ་འོག་ཏུ་སོང་མྱོང་མེད་པ། རྒྱ་གུང་ཕྲན་གཞུང་གིས་མི་བདེན་བརྫུན་སྒྲིག་གནམ་ས་གཡོ་བ་ལྟར་བྱེད་བཞིན་པ་སོགས་གོང་དུ་བགྲང་བའི་བདེན་པའི་དོན་དག་ཐམས་ཅད་རྒྱལ་སྤྱིའི་སྤྱི་ཚོགས་སུ་གསལ་ལྷང་ངེར་བཟོ་ཐུབ་པ་ཞིག་དགོས། དེ་མིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བདེན་རྒྱབ་མི་བྱེད་ལ། དེ་མ་བྱས་ན་ང་ཚོེར་བདེན་པའི་དོན་སྙིང་ཇིི་ཙམ་ལྡན་རུང་བདག་སྤྲོད་བྱེད་མཁན་མེད་པས་གྲུབ་འབྲས་འདོན་མི་གཏུབ། དེ་ནི་གོང་དུ་བདེན་པ་ལ་སྲོག་དབུགས་མ་སྤྲད་པ་ཡིན།
དོན་དེ་དག་འཛམ་གླིང་མི་མང་གི་མདུན་དུ་གསལ་བོར་འཇོག་ཐུབ་ན་འཛམ་གླིང་མི་མང་ཇི་ལྟར་ཉེ་དགའ་ཕྱོགས་ལྷུང་ཆེ་རུང་། ཇི་ལྟར་མུན་འཐོམ་ཡིན་རུང་། ཇི་ལྟར་རང་དོན་ཆེ་རུང་། ཇི་ལྟར་རྒྱ་ནག་ལ་འཇིགས་རུང་བདེན་པའི་ཕྱོགས་སུ་འཛུམ་ཞིག་ལས་མི་ཐུབ་རུང་སྟོན་ངེས་རེད། ཅུང་ཟད་མཁོས་དང་ནུས་པ་ཡོད་མཁན་ཞིག་ཡིན་ན་དེ་རང་གི་སྟོབས་ཤུགས་སྤྱད་ནས་རྒྱ་ནག་ལ་རྒོལ་ཐབས་བྱེད། ང་ཚོས་ཁོ་ཚོ་ལ་ཇི་ཙམ་འདི་འདྲའི་ལག་རྣོ་ངར་ལྡན་པ་ཞིག་མཁོ་སྤྲོད་བྱེད་ཐུབ་ན་ཙམ་གྱིས་ཁོ་ཚོས་རྒྱ་རྒོལ་གྱི་ནུས་མཐུ་ཆེ་རུ་འགྲོ་བ་ཡིན། རྒྱ་ནག་ལ་རྒོལ་བ་ནི་རང་ཅག་གི་རོགས་རམ་དུ་གྱུར་ཡོད།
བདེན་དོན་ནི་འཚོལ་དགོས།
ང་ཚོའི་སྟོབས་ཤུགས་ནི་བདེན་པ་ཡིན། ང་ཚོ་འཇིགས་མི་དགོས་ཏེ་ང་ཚོའི་རྒྱབ་ཏུ་བདེན་པ་ཡོད་པས་སོ། སོགས་ནི་རང་ཅག་གི་ངག་ན་ཡང་ཡང་གྲག་པའི་བརྗོད་ཚིག་ཅིག་རེད། རིགས་པས་དཔྱད་ཡུལ་དུ་བྱས་ན་གཏམ་ཚོམ་འདི་ཧ་ཅང་བདེན་པ་འང་ཡིིན། འོན་ཀྱང་ལྡན་མིན་འདུ་བྱེད་དུ་གྱུར་བའི་བདེན་པ་འདིས་སྒྱིད་ལུག་གི་རང་ཅག་རྣམས་ཀྱིས་རེ་བ་བཞིན་གྱི་དངོས་གྲུབ་ཅིག་མི་སྩོལ་ལ། རང་རེས་རེ་བ་བཞིན་གྱི་བརྫུ་འཕྲུལ་ཡང་མི་སྟོན།
སྲོག་མེད་གཟུགས་མེད་ཀྱི་བདེན་པའི་དངོས་པོ་འདིས་རང་འགར་ཁྱེད་ཀྱི་འདོད་པ་བརྩད་ནས་སྟེར་མི་འོང་ལ་བརྫུན་དོན་ལ་འཐབ་མོ་བཀྱེས་ནས་མགོ་བོ་ཡང་མི་ནོན། གཡས་ནས་འོད་ཟེར་འཆར་བ་ན་ཕུང་པོའི་གཡོན་དུ་གྲིབ་གཟུགས་འགྲུབ་པ་ནི་བདེན་པ་ཡིན། ཅི་སྟེ་འོད་ཟེར་མ་སྤྲད་ན་གྲིབ་གཟུགས་འགྲུབ་མི་ཐུབ། ཐབ་ལ་ཆུ་འཁྱག་བཞག་ན་ཁོལ་རྒྱུ་ཡིན་པ་བདེན་པ་ཡིན་ཡང་། མེ་མ་བཏང་ན་ཆུ་ཁོལ་མི་ཐུབ། གནས་ལུགས་ཡོད་ན་བཤད་དགོས། མ་བཤད་ནི་མི་ཤེས། བདེན་པ་ཡོད་ན་འཚོལ་དགོས། མ་བཙལ་ན་མི་རྙེད། ཁྱེད་ཀྱི་གཡོན་ཕྱོགས་སུ་གྲིབ་གཟུགས་ཡོད་པ་བདེན་པ་ཡིན་ལ་དེ་བདེན་པར་སྒྲུབ་པ་ལ་ཁྱེད་ཀྱིས་གཡས་ཕྱོགས་ནས་འོད་ཟེར་འཕྲོ་རུ་འཇུག་དགོས། དེ་ནི་ཁྱེད་ཀྱི་གཡོན་ཕྱོགས་ན་གྲིབ་གཟུགས་ཡོད་པའི་བདེན་པ་འཚོལ་བའི་ཐབས་ཡིན་པ་དང་། བཙལ་ན་བདེན་པ་རྙེད་རྒྱུ་ཡོད་པའི་བདེན་དཔང་ཡང་ཡིན།
ཞར་བྱུང་རང་ཅག་ལ་བབ་པའི་བདེན་དོན་འཚོལ་སྟངས།
སྤྱིར་ན་ང་ནི་ལས་ཞོར་རྩོམ་འབྲི་བ་ཞིག་ཏུ་འབོད་ཆོག་མོད་གཞོན་ནུ་ལྷན་ཚོགས་ལྟ་བུ་ཆེད་དུ་གཉེར་ནས་ཆབ་སྲིད་ཀྱི་ལས་དོན་ལ་གཞོལ་མཁན་མིན་པའི་དབང་གིས་རང་ཅག་གིས་རྩ་དོན་སྒྲུབ་ཆེད་དུ་འཆར་འགོད་འདི་དང་འདི་དགོས་པའི་རིགས་ད་ལྟ་དེ་ཙམ་བཤད་རྒྱུ་མེད། འོན་ཀྱང་བོད་མི་ཞིག་ཡིན་པའི་ཆ་ནས་བསམ་བློ་རེ་གཏོང་མྱོང་བ་ལས་བྱུང་འཆར་སྒོ་རེ་ཟུང་བྱུང་བ་རང་བཙན་དོན་གཉེར་བ་འམ་རྩ་དོན་སྒྲུབ་མཁན་རྣམས་ལ་བདེན་པ་རྡར་བའི་སྣེ་ཁ་ཇེ་མང་དུ་གཏོང་ཆེད་ཞལ་འདེབས་སུ་འབུལ་རྒྱུ་ཡིན། ང་ཚོིའི་མི་རིགས་འདི་རྒྱ་མིའི་ལག་འོག་ནས་སྡོད་འདོད་མེད་པ་དེ་བདེན་པར་ཡིན། བདེན་པ་དེ་མངོན་ཆེད་དུ་བོད་ནང་དུ་རྒྱལ་ཚོགས་ཀྱི་བལྟ་རྟོགས་འོག་བསམ་ཚུལ་བསྡུ་དགོས་པའི་ཨུ་ཚུགས་བྱེད་དགོས། འདིའི་ཆེད་དུ་ལས་འགུལ་གང་སྤེལ་རུང་རྒྱལ་སྤྱི་རྒྱལ་ནང་གང་གི་ཁྲིམས་ལ་ཡང་འགལ་མེད་པས་རྒྱབ་སྐྱོར་ཕྱིར་ལྡོག་བྱེད་མི་ཐུབ། གཙོ་བོ་ལས་འགུལ་ཤུགས་ཆེ་དགོས།
རྒྱའི་འོག་ཏུ་བོད་མི་རྣམས་ཉིན་རེ་བཞིན་དཀའ་སྡུག་གནར་གཅོད་ཀྱི་འོག་ལ་གནས་བཞིན་པ་ནི་བདེན་དོན་ཡིན། བདེན་པ་དེ་ཕྱིར་མངོན་ཆེད་དུ་དེང་རབས་འཕྲུལ་རིག་གི་བེད་སྤྱོད་སྔར་ལས་ཇེ་མང་བེད་སྤྱད་ནས་གནད་ཚུལ་དངོས་རྗེན་འཛམ་གླིང་མི་མང་གི་མདུན་དུ་འཇོག་ཐབས་བྱེད་དགོས། འདི་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ང་ཚོར་རོགས་རམ་བྱེད་པའི་ལག་ཆ་རྣོ་ཤོས་དེ་རེད། ང་ཚོ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རོགས་རམ་མི་བྱེད་པའི་འཁང་ར་བྱེད་མཁན་མང་ཡང་། དོན་དུ་ཁོང་ཚོ་ལ་རོགས་པ་བྱེད་པའི་ལག་ཆ་རྣོ་བོ་ཞིག་མ་རག་པའི་རྐྱེན་གྱིས་ཀྱང་ཡིན།
ལོ་རྒྱུས་ཀྱི་ཐོག་ཏུ་བོད་རྒྱ་འོག་ཏུ་ནམ་ཡང་བསྡད་མྱོང་མེད་པ་འམ་བོད་དང་རྒྱ་གཉིས་རྒྱལ་ཁབ་གཅིག་ཏུ་ནམ་ཡང་གནས་མེད་པ་འམ་བོད་མི་ནི་ནམ་ཡང་རྒྱ་མིར་གྱུར་མྱོང་མེད་པ་འདི་བདེན་དོན་ཡིན། བདེན་པ་འདི་ཤེས་མཁན་གྱི་རྒྱལ་ཁབ་ད་ངུང་ཉུང་བའི་ཚད་དུ་ཡོད། འབད་བརྩོན་ཡོད་དགུ་རྩལ་དཀྲུགས་ཀྱིས་བདེན་དོན་འདི་འཛམ་གླིང་མི་མང་རེ་རེའི་སེམས་སུ་འཇོག་ཐུབ་པ་བྱེད་དགོས། འདི་ནི་ང་ཚོའི་བདེན་པའི་ས་བོན་འབུས་པའི་ཞིང་ས་དེ་ཡིན་པས་ཕུག་རྒྱང་རིང་པོའི་ཐོག་ཧ་ཅང་གལ་ཆེ།
ད་ལྟ་འཛམ་གླིང་ཐོག་རྒྱ་ནག་སྲིད་གཞུང་ནི་སྐྱག་བརྫུན་གྱིས་འཚོ་བའི་སྲིད་གཞུང་ཆེ་ཤོས་དེ་ཡིན་པ་འདི་བདེན་དོན་ཡིན། བདེན་དོན་འདི་འཛམ་གླིང་མི་མང་གི་མདུན་སར་བསྟན་ནས་རྒྱ་ནག་སྲིད་གཞུང་གི་བརྫུན་འབག་དེ་དུམ་བུར་བརྩབ་ཧྲལ་གཏོང་དགོས། འདི་ནི་ང་ཚོའི་བདེན་པ་ལ་ནུས་པ་སྦྱིན་པའི་ཡོད་བྱད་ཧ་ཅང་གལ་ཆེན་ཞིག་ཡིན། འདི་དང་འདི་ལ་སོགས་པའི་བདེན་པའི་དོན་རྣམས་བརྡར་ན་ང་ཚོ་ལ་ཡོད་པའི་སྟོབས་ཤུགས་ཞི་མི་ལི་ལི་ལས་སེང་སྟག་ངར་མར་འགྱུར་བ་དང་། ས་འབུ་དམར་ནུར་ལས་གཡུ་འབྲུག་སྔོན་མོའི་གཟུགས་སུ་འགྱུར་། ང་ཚོའི་བདེན་པའི་འབོད་སྒྲ་དེ་ཞི་མིའི་མེའུ་སྒྲ་ལས་སེང་གེའི་ངར་སྐད་དུ་འགྱུར་བ་དང་། སྦྲང་མའི་བུང་སྐད་ལས་གཡུ་འབྲུག་གི་གད་རྒྱང་དུ་འགྱུར་།
ད་ལྟ་འདིའི་དཔེར་མཚོན་ཡག་ཤོག་ནི་ཉེ་ཆར་གྱི་བོད་ནང་གི་སློབ་མའི་འོས་ལངས་དེ་རེད། མཚོ་སྔོན་ཞིང་ཆེན་ནང་དུ་བོད་རིགས་སློབ་མ་ཚོས་བོད་ཀྱི་སྐད་ཡིག་གི་ཆེད་དུ་སྐད་འབོད་ཁྲོམ་སྐོར་བྱས་པ་འདིས་བདེན་དོན་ཞིག་གསར་དུ་མངོན་པར་བྱས་པ་རེད། གནས་ཚུལ་འདི་བདུན་ཕྲག་འགའ་ཞིག་གི་སྔོན་དུ་སུའི་ཀྱང་བློ་ལ་འཁོར་ཡོད་མདོག་མི་ཆེ་ན་ཡང་ད་སྐབས་སུས་ཀྱང་སྐད་གསེངས་མཐོན་པོའི་སྒྲོག་རིན་ཡོད་པའི་དོན་དག་ཅིག་ཏུ་གྱུར་ཟིན་ཡོད། གནད་དོན་འདི་ལྟར་བཟོ་དགོས། འདི་ནི་བདེན་པ་ཇི་ལྟར་འཚོལ་སྟངས་དེ་རེད། བདེན་པ་འདི་ལྟར་འཚོལ་དགོས་པ་ལས་བདེན་པ་འཚོལ་བའི་ཐབས་ལམ་འདི་རེད་ཅེས་སྔར་ནས་གྲ་བསྒྲིགས་བྱས་པའི་ལམ་སྟོན་ཐུན་དྲུག་བླ་མའི་རྣལ་འབྱོར་ལྟ་བུ་ཞིག་ཡེ་ནས་མེད། གོམ་པ་སྤོ་བཞིན་སྤོ་བཞིན་ལམ་ཁ་བཟོ་དགོས། དབུ་མའི་ལམ་པ་བ་ཚོས་རང་བཙན་དོན་གཉེར་བ་ལ་རང་བཙན་ཇི་ལྟར་རྩོད་པའི་ཐབས་ལམ་བཤད་རྒྱུ་མེད་པའི་སྐྱོན་རྗོད་བྱེད་ན་ཡང་དེ་ནི་དངོས་ཡོད་དང་མི་འཚམས་པའི་བཀའ་མོལ་ཞིག་རེད། རང་བཙན་རྩོད་སྟངས་ཡང་འདི་འདྲ་རེད། ད་ལྟ་བར་དུ་རང་བཙན་རག་པའི་རྒྱལ་ཁབ་ཡོད་དོ་ཅོག་གིས་རང་བཙན་དགོས་པ་དེ་དམིགས་ཡུལ་དུ་བཟུང་ནས་ཕྱིན་པ་ལས་སྔར་ནས་འཆར་འགོད་གྲ་བསྒྲིགས་ལེགས་པར་བྱས་པའི་ཐབས་ལམ་ཞིག་བརྒྱུད་ནས་བླངས་བ་གཅིག་ཀྱང་མེད། དེ་ལྟར་ཡོང་ཡང་མི་སྲིད།
བདེན་པ་ནི་སྒྲུབ་དགོས།
སངས་རྒྱས་ཀྱི་ཆོས་གཞུང་ན་གསུང་བ་བཞིན་བདེན་པ་ནི་ཕྱི་རོལ་དོན་གྱིས་གྲུབ་པ་ཞིག་མིན། ཁྱེད་ཀྱིས་འབད་བརྩོན་ལ་བལྟོས་ནས་གྲུབ་ཡོད། ཁྱེད་ཀྱི་གཡོན་ཕྱོགས་ན་གྲིབ་གཟུགས་ཤིག་ཡོད་པ་སྒྲུབ་འདོད་ན་ཁྱེད་ཀྱིས་གཡས་ཕྱོགས་ནས་འོད་ཟེར་འགྲུབ་པའི་བྱེད་སྒོ་རྣམས་ངེས་པར་བྱེད་དགོས། དེ་མིན་ཁྱེད་ཀྱི་གཡོན་ཕྱོགས་ན་གྲིབ་གཟུགས་ཤིག་ཆགས་མི་ཐུབ། བདེན་པ་ནི་རང་ལག་ན་ཡོད། འདི་བདེན་པ་མིན་པས་ང་ཚོས་རྩོད་མི་རུང་ཟེར་བ་ཞིག་ནམ་ཡང་མེད། ང་ཚོས་བདེན་པ་སྒྲུབ་དགོས། ཀུན་སྤྱོད་ཀྱི་ཆ་ནས་འོས་མི་འོས་ཤིག་ལས་གང་ཡང་བདེན་པར་སྒྲུབ་མི་ཐུབ་པ་མེད། མཁས་པས་བཤད་ན་ཅི་ཡང་བདེན། ཞེས་པའི་བཤད་སྲོལ་ཞིག་མེད་དམ། དེས་ནི་གནད་དོན་འདི་སྟོན་པ་ཡིན། འདིར་བདེན་ཞེས་པ་ནི་བདེན་པ་རང་ལ་གོ་རྒྱུ་ལས་གནས་སྐབས་དེར་ཉན་མཁན་འགའ་ཞིག་མགོ་སྐོར་གཏོང་བའི་བསླུ་ཐབས་ཤིག་ལ་གོ་རྒྱུ་མིན།
གོང་དུ་བཤད་པའི་བདེན་པ་དག་ནི་ད་བར་དུ་ང་ཚོས་བཙལ་ནས་བསྒྲུབས་ཟིན་པའི་བདེན་པ་འགའ་ཞིག་ཡིན་ཞིང་། ད་དུང་གླེང་མ་མྱོང་བ་འམ་ཅུང་ཟད་ལས་གླེང་མ་མྱོང་བའི་བདེན་པ་མང་པོ་ཡོད་ངེས་པ་དེ་དག་བཙལ་ནས་རྙེད་པར་བྱེད་དགོས། འདི་ལ་ཁོ་བོས་བདེན་དོན་སྒྲུབ་པ་ཞེས་འབོད་པ་ཡིན། ད་ལྟ་བདེན་དོན་གང་ཞིག་བསྒྲུབ་དགོས་པ་ནི་འདིར་ངས་བཤད་མི་ཐུབ་སྟེ། དོ་ཁུར་ཅན་རྣམས་ཀྱིས་རིག་རྩལ་ལས་བདེན་དོན་གསར་བ་དེ་དང་དེ་འཚོལ་དགོས་ཤིང་དེ་བསྒྲུབ་དགོས་པའི་ཕྱིར་རོ།
བདེན་དོན་སྒྲུབ་པ་ལ་གནད་དོན་གསུམ་ཚང་དགོས། དེ་དག་ནི་རང་ངོས་ན་ཆིག་སྒྲིལ་ཡོད་པ། གང་ཟག་གཉིས་པར་ར་སྤྲོད་ཐུབ་པ། གང་ཟག་གསུམ་པས་བདེན་དཔང་བྱེད་ཐུབ་པ་བཅས་ཡིན། དེ་ཡང་དཔེ་ཡ་ཧུ་ད་བ་དང་ཕ་ལིསི་ཐན་གཉིས་ལ་སྦྱར་ནས་ཞུ། ཕ་ལིསི་ཐན་པ་རྣམས་ཀྱིས་༢༠༠༠་ཙམ་གྱི་གོང་དུ་ཡ་ཧུ་ད་བའི་ལུང་པར་བཙན་འཛུལ་བྱས་ནས་ཡ་ཧུ་ད་བ་རྣམས་གནས་ནས་སྤྱུགས། དེ་ནས་བཟུང་མི་ལོ་དེ་སྙེད་ཀྱི་རིང་ལ་ཡ་ཧུ་ད་བའི་ས་ཨིསི་རེལ་ཞེས་པའི་ལུང་པ་དེ་ཁོང་ཚོར་དབང་བར་གྱུར་ནས་ས་ཆ་དེ་རང་བདག་ཏུ་གྱུར་ནས་མི་ལོ་དེ་སྙེད་ཅིག་ཕྱིན། མི་ལོ་༢༠༠༠་གི་རྗེས་སུ་ཡ་ཧུ་ད་བ་རྣམས་ཀྱིས་རང་ས་མི་ལག་ནས་ཚུར་ཕྲོགས་སྐྱར་དུ་རང་ས་རང་ལག་ཏུ་ལོན་པར་གྱུར་། ས་དེ་ན་མི་ལོ་༢༠༠༠་སྟོང་ཙམ་གྱི་རིང་ལ་ས་སྐྱེས་རྡོ་སྐྱེས་སུ་གྱུར་ནས་སྡོད་པའི་ཕ་ལིསི་ཐན་པ་རྣམས་ཡ་ཧུ་ད་བའི་མངའ་འོག་ཏུ་བཅུག་ཅིང་སྡོད་འདོད་ཡོད་ན་སྡོད་དུ་བཅུག་པ་ལས་གཞན་རྣམས་མཐར་སྤྲོད་བཏང་བ་རེད། དེ་ལྟར་མི་ལོ་༢༠༠༠་གི་ཡར་སྔོན་གྱི་གྱོད་དོན་ཞིག་སླར་ཡང་ལངས། ཕ་ལིསི་ཐན་པ་རྣམས་ཀྱིས་མི་ལོ་༢༠༠༠་གི་ཡར་སྔོན་ནས་ཡ་ཧུ་ད་བ་ཁྱེད་ཚོས་ས་ཆ་འདི་ལ་བདག་པོ་མེད་པར་སྐྱུར་ནས་སོང་ཞིང་དེ་ནས་བཟུང་ཁོང་ཚོ་བསྡད་པ་ཡིན་པས་ས་ཆ་འདི་ཁོང་ཚོར་དབང་བའི་གྱོད་བཙུག་པ་དང་། ཡ་ཧུ་ད་བ་རྣམས་ཀྱིས་མི་ལོ་༢༠༠༠་གི་ཡར་སྔོན་དུ་ཁྱེད་ཚོས་ཁོང་ཚོ་རང་སར་སྡོད་དུ་མ་བཅུག་པར་སྤྱུགས་ནས་ས་ཆ་འཕྲོག་བྱས་པ་ལས་ང་ཚོས་ས་ཆ་བདག་མེད་བསྐྱུར་བ་མིན་ལ། ད་ཆ་ང་ཚོས་རང་ས་རང་བདག་བྱས་པ་ཡིན་པས་ཁྱོད་ཚོ་གང་ནས་ཡོང་བ་ཡིན་རུང་དེར་ཕྱིར་ལོག་དགོས་ཞེས་གྱོད་བཙུག་པ་རེད།
འདིར་ཕ་ལིསི་ཐན་པས་བདེན་དོན་ཞིག་བསྒྲུབས་ཡོད་པ་དེ་ངས་འཆད་པར་འདོད་པའི་དཔེར་མཚོན་ཡིན། དེ་ནི་ཕ་ལིསི་ཐན་པ་མི་ལོ་༢༠༠༠་ཙམ་གྱི་རིང་ལ་ས་གནས་དེར་ས་སྐྱེས་རྡོ་སྐྱེས་ཀྱིས་འཚོ་བ་ཡིན་པས་ཁོང་ཚོ་གང་དུ་ཡང་འགྲོ་དགོས་དོན་མེད་ལ་ཁོང་ཚོར་ཨིསི་རེལ་གྱི་ས་ཆ་ཡོངས་རྫོགས་ཕྱིར་མ་རག་རུང་ད་ལྟ་ཁོང་ཚོ་འདུས་སྡོད་བྱེད་སའི་ནུབ་རྒྱུད་དང་རྒ་ཟ་ས་ཁུལ་དུ་ཁོ་རང་ཚོར་རང་བཙན་བྱས་ནས་སྡོད་དགོས་པས་ཡ་ཧུ་ད་བས་ས་ཆ་དེ་ཁོ་ཚོར་རྩིས་སྤྲོད་དགོས་པ་དེ་སྐབས་འདིའི་བདེན་དོན་ཞེས་པ་དེ་རེད། ཡ་སར་ཨ་ར་ཕད་ཞེས་པས་ཕ་ལིསི་ཐན་བཅིང་འགྲོལ་དམག་དཔུང་བཙུགས་ནས་འབོད་སྒྲ་དེ་གོང་བུ་གཅིག་སྒྲིལ་གྱིས་ནུས་པས་བསྒྲགས་པས་ཁ་ཐད་ཡ་ཧུ་ད་བས་གསལ་བོར་གོ་ཡོད་ལ། ཟུར་ནས་ཉན་མཁན་ནུབ་ཕྱོགས་པས་ཀྱང་གོ་ཡོད། དེའི་ཕྱིར་ཡ་ཧུ་ད་བ་དང་ནུབ་ཕྱོགས་པ་གཉིས་ཀས་ས་གནས་དེ་ཕ་ལིསི་ཐན་པ་ཚོར་རང་བཙན་བྱེད་ས་སྤྲོད་རྒྱུའི་མོས་མཐུན་བསྟན་ཟིན། དེ་ནི་བདེན་དོན་དེ་གྲུབ་པའི་མཚན་མ་རེད། འོན་ཀྱང་ལོ་འགའ་ཞིག་གི་གོང་དུ་ཡ་སར་ཨ་ར་ཕད་སྐུ་བཤེགས་པ་དང་ཕ་ལིསི་ཐན་པ་ནང་ཁུལ་མ་འཆམ་པར་ཤོག་ཁག་གཉིས་སུ་གྱེས། དེའི་དབང་གིས་སྔར་གྱི་ཆིལ་སྒྲིལ་དེ་ཞིག དེའི་དབང་གིས་སྡར་བསྒྲུབས་ཟིན་པའི་བདེན་པ་དེའི་ཕུང་པོ་ཇེ་ཆུང་དུ་སོང་ནས་ཡ་ཧུ་ད་བས་སྔར་ཚིག་ཐོག་ལ་གནས་མ་གནས་ཀྱི་སོ་འཚམས་སུ་སླེབས་ཡོད།
གོང་གི་དཔེར་མཚོན་འདི་ལས་ང་ཚོར་བསླབ་བྱ་ཧ་ཅང་གལ་ཆེན་ཞིག་ལེན་རྒྱུ་ཡོད་པ་ནི་ང་ཚོས་དབུ་མའི་ལམ་དང་རང་བཙན་གྱི་བལྟ་བས་ཆབ་སྲིད་ཀྱི་ལངས་ཕྱོགས་མ་མཐུན་པས་ནང་ཁུལ་མ་འཆམ་ན་བདེན་པ་སྒྲུབ་པར་དགོས་པའི་ཆིག་སྒྲིལ་གྱི་ནུས་པ་དེ་ནུབ་སོང་བ་ཡིན་པས་བདེན་དོན་བསྒྲུབ་མི་ཐུབ་པ་དེ་རེད། བདེན་པའི་འབོད་སྒྲ་གོང་བུ་གཅིག་ཏུ་གནས་ཡོད་ན་ཕྱོགས་གསུམ་ཁའི་རྣ་བར་གསལ་བོར་གྲགས་ཐུབ་པ་ཡིན་ལ། དེ་མེད་ན་གང་ཟག་གཉིས་པས་ཉན་འདོད་མེད་པས་གོ་བར་ཁས་ལེན་མི་འདོད་ལ། གང་ཟག་གསུམ་པས་ནི་ཉན་ཀྱང་གོ་མི་ཐུབ། ཕ་ལིསི་ཐན་པ་ཆིག་སྒྲིལ་ཡོད་པའི་སྐབས་སུ་གང་ཟག་གཉིས་པ་ཡ་ཧུ་ད་བས་ཉན་འདོད་མེད་ཀྱང་། འབོད་སྒྲ་དེ་གང་ཟག་དང་པོ་ཕ་ལིསི་ཐན་པ་རང་ཉིད་དང་གང་ཟག་གསུམ་པ་ནུབ་ཕྱོགས་པའི་རྣ་བར་གསལ་བོར་གོ་ཡི་ཡོད་སྟབས་ཡ་ཧུ་ད་བས་གོ་གི་མི་འདུག་ཅེས་ལབ་ས་མེད་པར་གྱུར་བ་རེད། གང་ལགས་ཤེ་ན་དེ་དུས་ཕ་ལིསི་ཐན་གྱི་འབོད་སྒྲ་དེ་ཆིག་སྒྲིལ་དུ་ཡོད།
དབུ་མའི་ལམ་འདི་བྱུང་བ་ནས་བཟུང་ང་ཚོའི་འབོད་སྒྲ་དེ་དུམ་བུ་གཉིས་སུ་བཏང་ཡོད་སྟབས་གང་ཟག་གསུམ་པས་ང་ཚོའི་འབོད་སྒྲ་གང་ཡིན་ཐག་གིས་མི་ཆོད། གང་ཟག་གཉིས་པ་རྒྱ་ནག་གིས་གོ་སྐབས་དེ་བཟུང་ནས་ང་ཚོ་ལ་འབོད་སྒྲ་ཞིག་ནམ་ཡང་ཡོད་མ་མྱོང་ལ། ད་དུང་ཡང་མི་འདུག་ཅེས་བཤད་ངེས་ལ་དེ་ལྟར་བཤད་བཞིན་པ་འང་རེད། དེ་ལྟར་ང་ཚོ་ལ་སྔར་ནས་གྲུབ་ཟིན་པའམ་ཧ་ལམ་བསྒྲུབས་ལ་ཉེ་བའི་བདེན་དོན་ཞིག་ཡོད་པ་ནི་བོད་མི་རྣམས་རྒྱའི་བཀའ་འོག་ཏུ་སྡོད་འདོད་མེད་པ་དེ་ཡིན། བོད་ཤོར་ནས་དབུ་མའི་ལམ་བྱུང་བར་དུ་ང་ཚོར་འབོད་སྒྲ་གཅིག་ཡོད་པ་ནི་བོད་རང་བཙན་རེད། རང་བཙན་དང་རང་སྲིད་རང་སྐྱོང་གང་བཤད་རུང་མདོར་བསྡུས་ན་བོད་མི་རྣམས་རྒྱའི་བཀའ་འོག་ཏུ་སྡོད་འདོད་མེད་པ་དེ་རེད། ཡིན་ན་ཡང་དབུ་མའི་ལམ་འདི་བྱུང་ཞིང་། དེ་ལ་ཁོར་ཡུག་བསྐྲུན་པའི་གནས་སྟངས་འདི་དག་གི་འོག་ནས་ང་ཚོའི་སྔར་ནས་འགྲུབ་བཞིན་པའི་བདེན་དོན་དོན་དེ་འབོར་ཉེན་ཧ་ཅང་ཆེ་བའི་ཉེན་ཁའི་གནས་སུ་ལྷུང་ཡོད་དོ།
བདེན་དོན་ནི་སྒྲོག་དགོས།
བདེན་དོན་ནི་གང་ཟག་གསུམ་ཀའི་ངོས་ལ་གྲུབ་དགོས་པ་ཞིག་ཡིན། གལ་སྲིད་ངས་བདེན་དོན་ཞིག་རྙེད་ཡོད་རུང་དེ་ཁྱོད་ལ་མ་བཤད་ན་བདེན་དོན་དེའི་སྲོག་དབུགས་མ་ཐོགས་པ་ཡིན། འུ་གཉིས་ཀྱིས་བདེན་དོན་དེ་ངོས་ཟིན་ཀྱང་དེ་ཁོང་ལ་མ་བསྒྲགས་ན་བདེན་དོན་དེ་འཚར་ལོངས་མ་བྱུང་བ་ཡིན།
གལ་སྲིད་ཁྱེད་ལ་བདེན་པའི་རྩ་བ་ཡོད་ན་ཁྱེད་ཀྱིས་དེ་ཕྱིར་སྒྲོག་དགོས། དེ་མིན་བདེན་པ་དེ་བཀོལ་ནས་ལས་དོན་སྒྲུབ་དགོས་ན་ཅི་ཡང་སྒྲུབ་མི་ཐུབ། དེང་སང་ཡང་རབས་ལས་མ་རབས་མགོ་འཕང་མཐོ། བདེན་པ་ལས་བརྫུན་པ་དབང་ཤུགས་ཆེ། ད་དུས་ངན་སྙིག་མའི་སྐབས་འདིར་བདེན་པར་ཆ་འཇོག་སུས་བྱེད། ཅེས་སྨྲ་མཁན་ནི་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བའི་ཚོད་དུ་སྣང་། དེ་དག་གིས་གནས་ལུགས་ཤིག་མ་ཤེས་པ་ནི་བདེན་དོན་ནི་སྒྲོག་དགོས་པ་དེ་ཡིན། མ་བསྒྲགས་མ་བཤད་མ་ངེས་པར་བདེན་དོན་གྱིས་གང་ཡང་བྱེད་མི་འོང་། རྒྱུ་མཚན་ནི་བདེན་དོན་ནི་ལྡན་མིན་འདུ་བྱེད་ཀྱི་དངོས་པོ་ཞིག་ཡིན་པས་སོ། ཁྱེད་ཀྱིས་ནམ་ཞིག་ངའི་གཡོན་ཕྱོགས་ན་གྲིབ་གཟུགས་ཡོད་པའི་དམ་བཅའ་མ་བྱས་པར་དུ་དེ་ལ་སུས་ཀྱང་དོ་སྣང་མི་བྱེད་ལ་དེས་ལ་སུས་ཀྱང་གདོང་ལེན་ཡང་མི་བྱེད། ཡང་ཆུ་ཚོད་༢༤་ཡི་རིང་ལ་ཁྱེད་ཀྱི་གཡས་ཕྱོགས་ནས་འོད་ཟེར་བཀྱེས་བསྡད་རུང་བཀྱེས་པ་དེའི་དམིགས་དོན་གྲིབ་གཟུགས་ངོས་སྤྲོད་ཆེད་དུ་ཡིན་པ་མ་བཤད་ན་ཁྱེད་ཀྱི་གཡོན་ན་གྲིབ་གཟུགས་ཡོད་པའི་ཀླན་ཀ་ཧ་ལམ་མི་ལངས།
བདེན་པའི་སྲོག་དབུགས་གསོ་དགོས། དེ་མ་གསོས་ན་བདེན་པའི་ནུས་པ་ཆུང་དུ་འགྲོ། བདེན་བརྫུན་གྱི་ཡང་ལྗིད་ཅེས་པ་ཡང་འདི་ལྟར་འཆོར་བ་ཡིན། ད་ལྟ་བོད་ལ་ཡོད་པའི་བདེན་པ་རྣམས་རྒྱ་མའི་བརྫུན་གྱི་ཁ་བར་ནས་ཉམ་ཆུང་བའི་སྐབས་ཡིན། འདི་མུར་ལུས་ན་རང་རེའི་བདེན་པའི་ནུས་པ་དེ་ནད་གྱིས་མནར་བའི་ལུས་པོ་བཞིན་ཇེ་ཆུང་དང་། རྒྱའི་བརྫུན་གྱི་ནུས་པའི་མགོ་འཕང་ཇེ་མཐོར་སོང་ནས་མཐར་རང་རེའི་བདེན་པ་འཆི་ཉེན་ཆེ། ལོ་འགའ་ཞིག་གི་སྔོན་དུ་༧གོང་ས་མཆོག་གིས་“ད་ནས་བཟུང་ལོ་༡༥་བར་དུ་འདི་མུར་ལུས་ན་བོད་མི་རིགས་རྩ་མེད་འགྲོ་བའི་ཉེན་ཁ་ཡོད”་པར་གསུང་པ་ཡང་གནད་དོན་འདི་ལ་དགོངས་པ་བཞེས་པ་ཡིན་རྒྱུ་རེད། བོད་ཀྱི་་བདེན་པ་དེ་བརྡར་ཞིང་བསྒྲགས་ན་བདེན་པ་ལ་སྲོག་དབུགས་འཕེལ་རྒྱུ་རེད། ང་ཚོས་རང་ལ་ཡོད་པའི་བདེན་པ་ཇི་ལྟར་འོས་པ་བཞིན་བརྡར་ཐུབ་ན་ལོ་༡༥་མི་དགོས་༥༠་ལ་ལུས་ཀྱང་ཧ་ལས་རྒྱུ་མེད་པ་དང་། ད་དུང་རྒྱའི་བརྫུན་གྱི་ཁ་གནོན་དུ་ཡང་འགྲོ་བ་ཡིན།
བདེན་པའི་སྲོག་དབུགས་ནི་བསྒྲགས་པ་ལས་རྒྱས། ཇི་ལྟར་ལུས་ཀྱི་ཤ་གནད་སྒྲིམ་པ་ལས་འཕེལ་བ་བཞིན་དང་། འགྲུལ་འཁོར་གྱི་གློག་སྨན་འགྲུལ་འཁོར་ཇི་ཙམ་སོང་ན་དེ་ཙམ་གསོག་པ་བཞིན་རེད། སངས་རྒྱས་ཤཱཀྱ་ཐུབ་པས་ཁོང་གིས་གསར་དུ་རྙེད་པའི་བདེན་དོན་དེ་བདུན་ཕྲག་གཅིག་གི་རིང་ལ་སུས་ཀྱང་གོ་བར་མི་འགྱུར་དགོངས་ནས་མ་བསྒྲགས་པར་གྲགས་ཤིང་། གལ་སྲིད་ཁོང་གིས་མ་བསྒྲགས་པར་མུ་མཐུད་དེ་བཞུགས་ཡོད་ན་ད་ཚོད་ང་ཚོའི་ལས་ཉོན་གྱི་འཆིང་བ་སྒྲོལ་བྱེད་ཀྱི་བདེན་པ་བཞི་དང་བདེན་པ་གཉིས་པོ་འདི་དག་གཞི་གྲུབ་ན་མེད། ཁོང་གིས་བདེན་པ་གཉིས་བཞིའི་རྣམ་བཞག་དེ་གསར་གཏོད་དམ་གསར་སྒྲུབ་གནང་བ་དང་། དེ་འཇིག་རྟེན་ཏུ་གསར་བསྒྲགས་གནང་བ་ལ་བརྟེན་ནས་ད་ལྟ་བདེན་པ་འདི་དག་རྒྱུ་སྐར་དབུས་ཀྱི་ཟླ་བ་བཞིན་ལྷང་ངེར་འབུད་པ་དེ་བྱུང་བ་རེད། འདི་ནི་བདེན་པ་སྒྲུབ་དགོས་པ་དང་། གྲུབ་པ་སྒྲོག་དགོས་པ་གཉིས་ཀྱི་དཔེར་མཚོན་ཡག་ཤོས་སུ་མཐོང་།
རང་ཅག་གི་དོན་ལ་སྦྱར་ནས་བཤད་ནཿ བོད་མི་རིགས་ཀྱི་མངོན་འདོད་དེ་གོ་ལ་ཧྲིལ་བོར་ཁྱབ་ཐུབ་པའི་ཚོད་དུ་སྒྲོག་དགོས། དེ་བསྒྲགས་ན་འཛམ་གླིང་མི་མང་གི་བློ་ལ་‘ཨོ་འདི་ན་ཡང་བདེན་དོན་ཞིག་ཡོད’་པར་རྟོགས་ཐུབ། བདེན་པ་དེ་ངེས་སོང་ན་བདེན་པ་དེ་རྡོག་རོལ་གཏོང་མི་ཐུབ་པ་དེ་བདེན་པའི་དོན་སྙིང་ཡིན།
བདེན་པའི་དོན་སྙིང་།
བདེན་པ་དང་བརྫུན་པ་གང་ཡིན་རུང་རང་གི་མི་མཐུན་ཕྱོགས་འཇོམས་པའི་ནུས་པ་གཅིག་མཚུངས་སུ་ཡོད། འོན་ཀྱང་གཞི་གྲུབ་ཀྱི་ཆོས་རྣམས་བདེན་པ་ལ་གཞི་བཅས་ནས་གནས་ཡོད་པས་ནམ་ཡིན་ཡང་ང་ཚོ་གོམ་པ་གཅིག་གིས་བདེན་པའི་ཕྱོགས་སུ་ཐག་ཉེ་བ་ཡིན། དེའི་དབང་གིས་བདེན་བརྫུན་གྱི་སྟོབས་ཤུགས་རང་ངོས་ནས་འདྲ་རུང་ང་ཚོར་འབྲས་བུ་བའི་སྐབས་སུ་བདེན་པའི་སྟོབས་ཤུགས་དེ་རྒྱལ་བ་ཡིན། བདེན་པ་རྒྱ་མ་བརྒྱ་དང་བརྫུན་པ་རྒྱ་མ་བརྒྱ་གཉིས་ནམ་ཡང་ལྗིད་མི་འདྲ་བ་ཡིན། དེའི་རྒྱུ་མཚན་ནི་ང་ཚོའི་ཕྱོགས་སུ་བདེན་པའི་རྒྱ་མ་གནོན་པའི་བདེན་པ་གོམ་པ་གང་བོ་དེ་ཡོད་པས་ནམ་ཡིན་ཡང་དེ་ཁ་སྣོན་བྱེད་རྒྱུ་ཡོད་པས་ཡིན། བརྫུན་པ་རྒྱལ་བའི་སྐབས་མེད་པ་མིན་ཡང་དེ་ནི་བདེན་བརྫུན་གྱི་ཡང་ལྗིད་ཧ་ཅང་ཆེན་པོ་ཤོར་ཟིན་པའི་སྐབས་ཁོ་ན་ཡིིན།
འདིར་ཁོ་བོས་བདེན་པའི་དོན་སྙིང་ཟེར་བ་ནི་གལ་སྲིད་མི་ཞིག་གིས་བདེན་པར་རྒྱབ་སྐྱོར་མི་བྱེད་ན་དེས་བརྒྱུད་ནས་རང་ཉིད་ཀྱི་འཚོ་གནས་སམ་རང་ཉིད་ཀྱི་རྟག་བརྟན་ལ་གནོད་པ་འབྱུང་རྒྱུ་ཡིན་པ་དེ་ལ་དམིགས་ནས་བཤད་པ་ཡིན། དེ་ཡང་གསལ་བོར་བཤད་ན་མཚན་ཉིད་རིག་པའི་ནང་རིགས་འདྲས་ཕོངས་བ་ཞེས་པ་ཞིག་ཡོད་་པ་ལ་ཟེར་བ་ཡིན། དཔེར་ནཿ མི་ཞིག་གིས་ཉི་མ་རེ་ལ་ལྟོ་དུས་གསུམ་དགོས་པའི་བདེན་པ་ལ་རྒྱབ་སྐྱོར་མི་བྱེད་པར་ལྟོ་དུས་གཅིག་ལས་དགོས་པ་མེད་ཟེར་ན། ཕྱིས་སུ་རང་གི་ཁྱིམ་གྱི་མི་ཞིག་ལ་ལྟོ་དུས་གཅིག་གིས་མ་འགྲིག་པ་བྱུང་སྐབས་སྔར་རང་གིས་ཁས་བླངས་བའི་དོན་དེས་ལན་གྱིས་ལྡོན་པར་མི་ནུས་པའི་ཐལ་འགྱུར་ཞིག་འགྲུབ་པ་ལྟ་བུ་རེད།
དཔེར་མཚོན་འདི་ཅུང་གསལ་བོར་མ་བྱུང་ན་གཞན་ཞིག་གསན་པར་ཞུ། རྒྱ་ནག་རྒྱལ་ཁབ་ཀྱིས་པཀིསི་ཐཱན་ལ་དངོས་ཤུགས་བརྒྱུད་གསུམ་ནས་གྲོགས་ཀྱི་རྣམ་པ་སྟོན་གྱི་ཡོད་ཀྱང་། དེ་ལ་དགོས་པའི་རྒྱ་གར་གྱི་མངའ་འོག་ཏུ་ཡོད་པའི་ཀཤི་མིར་གྱི་སྐོར་ལ་ཐེ་གཏོགས་ནམ་ཡང་བྱེད་ཀྱི་མེད། གང་ལགས་ཤེ་ན་རྒྱ་ནག་གིས་བོད་ཀྱི་གནད་དོན་དེ་རྒྱ་ནག་ནང་སྲིད་ཀྱི་གནད་དོན་ཡིན་པས་དེ་ལ་སུ་གཅིག་གིས་ཐེ་བྱུས་བྱེད་མི་ཆོག་ཅེས་ཡང་ཡང་བཤད་ཀྱི་ཡོད་པས་གལ་སྲིད་རྒྱ་ནག་རང་གིས་ཀཤི་མིར་གྱི་སྐོར་ལ་བྱུས་གཏོགས་བྱས་ན་རྒྱ་གར་གྱིས་བོད་ཀྱི་ཐོག་ལ་ཐེ་གཏོགས་བྱས་པར་གང་ཡང་བརྗོད་རྒྱུ་མེད་པར་འགྱུར་བས་ཡིན།
ཡང་སྐྱར་དཔེ་གཞན་ཞིག་འཇོག་ནཿ འཇིག་རྟེན་འགྲོ་བ་མི་རྣམས་རང་ལ་ཁེ་བཟང་ཞིག་མི་འདོད་པ་མེད། དེ་ནི་རང་ལ་གཞན་ལས་ལྷག་པའི་དམིགས་བསལ་ཞིག་མི་འདོད་པ་མེད་པ་ལ་གོ་རྒྱུ་ཡིན། དེ་ནི་གཞན་ལ་གྱོང་ཞིག་བྱུང་བའི་དོན་ཡིན། འོན་ཀྱང་འགྲོ་བ་མི་ཐམས་ཅད་ཐོབ་ཐང་འདྲ་མཉམ་ཡིན་པ་དེ་བདེན་པ་དོན་རེད། གལ་སྲིད་དེ་ཁས་མ་བླངས་བར་རང་ལ་རྒྱུ་མཚན་ཞིག་དྲངས་ནས་དམིགས་བསལ་ཞིག་དགོས་པར་བཤད་ན་གཞན་ལ་ཡང་དེ་འདྲ་ཞིག་ཁས་ལེན་དགོས་པར་འགྱུར་བས་མཐར་རང་ལ་གྱོང་ཞིག་འབྱུང་རྒྱུ་ཡིན་པ་རེད། དེས་ཕྱིར་འགྲོ་བ་མི་ཐམས་ཅད་དམིགས་བསལ་སུ་ལ་ཡང་མེད་པར་ཐོབ་ཐང་འདྲ་མཉམ་ཡིན་པར་ཁས་ལེན་དགོས་བྱུང་བ་ཡིན།
དེས་ཕྱིར་བདེན་པ་ཡིན་ན་དེ་ལ་མིག་བཙུམ་ཕྱིར་ལྡོག་བྱེད་པ་དང་། བཙན་ཚུགས་ཀྱིས་རྡོག་རོལ་བྱེད་པ་བསམ་ཡོད་ཅིག་ཡིན་ན་མི་སྲིད་པ་དང་། བསམ་མེད་ཅིག་ཡིན་ན་མི་གཏུབ་པ་དང་། སྨྱོན་པ་ཞིག་ཡིན་རུང་ཐེ་ཚོམ་སྐྱེ་བ་ཞིག་ཡིན། གང་ཡིན་ཞེ་ན་དེའི་རྗེས་སུ་སྣེ་མོ་གཅིག་རང་ཉིད་ལ་ཚུར་ཟུག་ནས་བསྡད་ཡོད་པས་སོ། འདི་ལ་ཁོ་བོས་བདེན་པའི་དོན་སྙིང་ཞེས་འབོད་པ་ཡིན།
བདེན་པའི་འབྲས་བུ།
འབྲས་བུ་ཐམས་ཅད་བདེན་པ་ལས་འབྱུང་བ་ཡིན། འབྲས་བུ་བྱུང་བ་ནི་རྒྱུ་བདེན་པ་ཡིན་པའི་རྟགས་རེད། འདི་ལ་འབྲས་རྟགས་ཡང་དག་ཀྱང་ཟེར་། བདེན་པ་ལ་རྒྱབ་སྐྱོར་བྱེད་པ་ཡང་བདེན་པའི་འབྲས་བུ་ཡིན། དེ་མིན་བདེན་པ་ཞེས་པ་འདི་ཟ་ནི་མི་ལོ། འཐུང་ནི་མི་ལོ། གྱོན་ནི་མི་ལོ་བས་ཅི་བྱེད། འོན་ཀྱང་ང་ཚོས་བདེན་པ་འདི་ཟ་བ་ཡིན་ཞིང་། ང་ཚོས་བདེན་པ་འདི་འཐུང་བ་ཡིན་ལ་ང་ཚོས་བདེན་པ་འདི་གྱོན་པ་ཡིན་པས་མདོར་ན་ང་ཚོ་བདེན་པ་འདིས་འཚོ་བ་ཡིན། དུ་ལྡན་ལ་ལ་དུ་བ་ཡོད་པ་དེ་མེ་ཡོད་པའི་བདེན་པའི་རྒྱབ་སྐྱོར་རེད། མེ་མེད་ན་དུ་བ་ཡོང་ལུགས་མེད། ང་ཚོས་གནས་ལུགས་འདི་ལ་གཞི་བཅོལ་ནས་རྒྱབ་བདེན་པ་བཅོལ་བ་རེད། ལག་བདེན་པ་ལ་འཐམས་པ་རེད། ཁ་བདེན་པ་ལ་ཕྱོགས་པ་རེད། དཔུང་བདེན་པ་ཡིས་བཅུག་པ་རེད།
དུ་བ་མཐོང་བའི་རྒྱབ་སྐྱོར་གྱིས་དེ་ན་མེ་ཡོད་པར་རིགས་པས་བསྒྲུབས་པ་རེད། དུ་བ་མ་མཐོང་ན་མེ་ཡོད་པའི་བདེན་པ་དེ་རིགས་པས་སྒྲུབ་མི་ཐུབ། བདེན་པའི་འབྲས་བུ་མཐོང་བའི་རྒྱབ་སྐྱོར་གྱིས་བདེན་པ་ཡོད་པར་བསྒྲུབས་པ་རེད། བདེན་པའི་འབྲས་བུ་འམ་བདེན་པའི་སྒྲུབ་བྱེད་སྣ་ཚོགས་འཛམ་གླིང་མི་མང་གིས་མ་མཐོང་ན་བདེན་པ་ཡོད་པར་འཛམ་གླིང་མི་མང་གིས་ཤེས་མི་ཐུབ། ང་ཚོས་གནས་ལུགས་འདི་ལ་གཞི་བཅོལ་ནས་བདེན་དོན་འཛམ་གླིང་ལ་སྒྲོག་པ་རེད། རྒྱ་ནག་ལ་གྱོད་བཙུགས་པ་རེད། རྒྱལ་ཚོགས་དཔང་དུ་བོས་པ་རེད། དེ་དག་ནི་ང་ཚོས་བྱེད་འོས་པའི་བྱ་བ་དེ་རེད།
འོན་ཀྱང་མི་འདྲ་ས་ཞིག་ཡོད། དེ་ནི་དུ་ལྡན་ལ་ལ་མེ་ཡོད་པ་དེ་སྲོག་མེད་ཅིག་གནས་དེར་ཡོད་པའི་བདེན་པ་ཙམ་ལས་གཞན་མེད་པས་དུ་བ་བྱུང་བ་དེ་མེ་ལ་རྒྱབ་སྐྱོར་ཡོང་ཆེད་སོགས་ཀྱི་དགོས་པ་གང་ཡང་མེད། བོད་ཀྱི་བདེན་དོན་སྒྲོག་པ་དེ་འཛམ་གླིང་མི་མང་གིས་བོད་བདེན་པ་ལ་དོན་ལ་རྒྱབ་སྐྱོར་བྱེད་ཆེད་དུ་ཡིན། བདེན་པ་ལ་རྒྱབ་སྐྱོར་བྱེད་པ་ཡང་བདེན་པའི་འབྲས་བུ་ཡིན་པས་བོད་དོན་ལ་རྒྱབ་སྐྱོར་བྱེད་པ་ནི་རྒྱུ་འབྲས་མི་བསླུ་བའི་ཆོས་ཅན་ཡིན། དེ་ནི་བདེན་པའི་དོན་སྙིང་ཡང་ཡིན།
ཡང་ཞུ་དགོས་པ་ཞིག་ལ། བདེན་པ་ཡིན་ན་ནམ་ཡང་བློ་བདེ་བར་སྡོད་ཆོག་ཀྱང་མིན། མན་ཇུའི་མི་རིགས་ལ་གཟིགས་དང་། ཁོང་ཚོར་གཞན་ལས་ལོགས་སུ་དང་འབུར་ཐོན་པའི་རྒྱལ་ཁབ་རྒྱ་ནག་ལས་གུད་དུ་ཡོད་པ་དང་དགོས་པ་སྔར་བདེན་པ་ཡིན་མོད། ཁོང་ཚོས་བདེན་པ་དེ་བདག་སྤྲོད་མ་བྱས་སྟབས་ད་ཆ་སླར་གཙོ་བའི་གནས་སུ་བསྡད་མེད། རང་ཅག་གི་བདེན་པ་ཡང་འདི་ལྟར་འགྱུར་ཉེན་ཡོད་པས་བཟབ་དགོས། བདེན་པ་ཡོད་ན་བདེན་པ་དེའི་སྟོབས་ཤུགས་སྤེལ་དགོས་ཤིང་། གལ་སྲིད་དུས་ཚོད་མ་སྨིན་པའི་དབང་གིས་སྤེལ་མ་ཐུབ་རུང་དེ་མི་མཉམ་པར་ཉར་ཐུབ་དགོས། གལ་སྲིད་བདེན་པ་སྐྱོང་ཐུབ་ན། ནམ་ཞིག་སྟོབས་འཕེལ་ནས་བརྫུན་ལས་རྒྱལ་ངེས་ཡིན། མདོར་ན་བདེན་པའི་ས་བོན་ལ་ཆུ་དྲོད་ཀྱིས་ཡང་ཡང་བྲན་དགོས། དེ་མིན་བདེན་པ་སྣུམ་ཟད་ཀྱི་མར་མེ་བཞིན་ཡལ་འགྲོ་འོ་།

2010/11/05

ནུབ་ཕྱོགས་རིང་ལུགས་ལ་རྒོལ་བའི་དེ་གཅེས་སྐྱོང་བ། ཁག་ལྔ་བ།

༥། ཡ་རབས་ཁྱིམ་འཛིན་གྱི་སྲོལ་ཉམས་པ།
ཁ་ནས་ནུབ་ཕྱོགས་རིང་ལུགས་ལ་རྒོལ་བར་བྱེད་ཅིང་དོན་དུ་ནུབ་ཕྱོགས་རིང་ལུགས་དང་དུ་ལེན་པའི་དཔེ་ལྔ་བ་ནིཿ ཁྱིམ་གཞིས་ཤིག་རྒྱུན་འཛིན་པ་ལ་མཉམ་བཟུང་ཁྱིམ་ཚང་གི་ལམ་ལུགས་དང་། བཟའ་གསུམ་གྱི་ལམ་ལུགས་གཉིས་ཡོད། བཟའ་གསུམ་ནི་བུ་མོ་སྤུན་ལ་དམག་པ་གཅིག་གིས་འཐུས་པར་བྱས་པ་འམ་བུ་སྤུན་ལ་གནའ་མ་གཅིག་གིས་འཐུས་པར་བྱས་ལ་གོ་བ་དང་། མཉམ་བཟུང་ཁྱིམ་ཚང་ནི་ཁྱིམ་ཚང་གཅིག་གི་བུ་སྤུན་རྣམས་གནའ་མ་ལོགས་ཁ་ཡིན་རུང་ཁྱིམ་གཞིས་ལོགས་སུ་མི་འཛུགས་པ་འམ་བུ་མོ་སྤུན་རྣམས་མག་པོ་ལོགས་ཁ་ཡིན་རུང་ཁྱིམ་གཅིག་ཏུ་སྡོད་པ་ལ་གོ་བ་ཡིན། དེ་མ་ཡིན་པ་ནི་བུ་གཅིག་ཁྱིམ་གཅིག་གི་ལམ་སྲོལ་དེ་ཡིན། དེ་ནི་ཁྱིམ་གཞིས་འཛིན་པ་མིན་པར་ཁྱིམ་གཞིས་བཙུག་པ་ཡིན།
ལམ་ལུགས་འདི་དག་ནི་ཁྱིམ་ཚང་གི་མཚན་མཐོང་དང་། རྒྱུ་རྫས། སྲོལ་རྒྱུན་སོགས་མི་ཉམས་པའི་ཆེད་དུ་ཡིན། རྒྱ་གར་ན་མཉམ་བཟུང་ཁྱིམ་ཚང་གི་ལུགས་སྲོལ་འདི་ད་དུང་མ་མཉམ་པར་གནས་ཡོད། ལུགས་སྲོལ་འདི་རང་རེ་ལ་མེད་པ་ཞིག་ཡེ་ནས་མིན། སྤྱིར་བཏང་བོད་ལ་ཁྱིམ་ཞིག་ཏུ་བུ་སྤུན་འགའ་རེ་ཡོད་ན་རེ་ཟུང་འཆང་ས་རྒྱབ་ནས་ཁྱིམ་མགོ་རང་བཙན་དུ་འཛུག་པའི་ལུགས་སྲོལ་ཡོད་ཀྱང་བུ་སྤུན་རྣམས་ཁྱིམ་གཅིག་ཏུ་མཉམ་བཟུང་ཁྱིམ་ཚང་བྱས་ནས་སྡོད་པའི་ལུགས་སྲོལ་ཡང་ཡོད།
བཟའ་གསུམ་གྱི་ལུགས་སྲོལ་དེ་རྒྱ་གར་གྱི་ལྷ་སྒྲུང་དུ་ཡོད་པས་སྔར་རྒྱ་གར་ལ་ཡོད་སྲིད་མོད་ད་སྐབས་རྒྱ་གར་ལ་མི་འདུག འོན་ཀྱང་བོད་ལ་ད་དུང་མ་མཉམ་པར་རེ་ཟུང་གནས་ཡོད། ད་སྐབས་བསམ་བློ་དེང་རབས་ཅན་དུ་རློམ་པ་དང་། ཡང་ན་སློབ་གྲྭ་འགྲིམ་ཟིན་པའི་མི་ཡིན་པས་བསམ་བློའི་གོ་རྟོགས་སད་ཡོད་མདོག་གིས་བཟའ་གསུམ་གྱི་ལུགས་སྲོལ་འདི་རྗེས་ལུས་ཀྱི་རྣམ་པ་ཞིག་ཏུ་བརྩི་མཁན་ཇེ་མང་དུ་འགྲོ་བཞིན་འདུག
བཟའ་གསུམ་གྱི་ལུགས་སྲོལ་འདི་ནི་རང་འགའ་བ་ཞིག་རེད་མི་འདུག འདི་ནི་དཀྱེལ་ཡངས་པའི་བསམ་བློ་དང་། བཟོད་བསྲན་ཐུབ་པའི་ཤེས་པ། བསྟུན་མཁས་ཀྱི་བསམ་ཤེས། རྒྱ་ཆེ་ས་ནས་བསམ་བློ་གཏོང་བའི་ནུས་པ་སོགས་ལྡན་པའི་བུ་སྤུན་ཞིག་མིན་ན་རང་འགའ་བ་ཞིག་གིས་འཇོན་པ་ཞིག་མིན། འདི་ནི་རིན་ཐང་ཅན་གྱི་ལུགས་སྲོལ་གཞན་ལ་ངོམ་ཆོག་པ་ཞིག་རེད་འདུག
ད་སྐབས་བཟའ་གསུམ་གྱི་ལུགས་སྲོལ་ནི་རྗེས་ལུས་ཀྱི་རྟགས་མཚན་ཞིག་ཏུ་མཐོང་མཁན་མང་དུ་འགྲོ་བཞིན་པ་འདི་ཡང་ནུབ་ཕྱོགས་པའི་ལུགས་སྲོལ་དང་དུ་བླངས་བ་ཡིན་ཞིང་། མདོར་ན་འདི་ནི་གཞན་མིན་པར་ཧ་ཅང་གུ་དོག་པའི་བསམ་བློ་སྟེ། རང་ཁོ་ན་གཅེས་འཛིན་ཀྱི་བསམ་བློ་ཞིག་ཡིན། དེ་ཡང་བཟའ་ཟླ་དེ་རང་ཉིད་ཁོ་ན་ལ་དབང་དགོས་ཤིང་དེའི་དོན་དུ་ཁྱིམ་གྱི་སྲོལ་ལུགས། ལ་རྒྱ། ཕ་མའི་རེ་བ་དང་བཀའ་སོགས་ཡོད་ཚད་བློས་གཏོང་བའི་མ་རབས་ཐ་ཤལ་གྱི་བསམ་བློ་ཞིག་ཡིན། ཕྲག་དོག་དང་སེར་སྣའི་བློ་གོང་དུ་འཕེལ་བ་ཞིག་ཡིན།
དེ་བཞིན་གཉེན་སྒྲིག་རང་དབང་ཞེས་པ་འདི་ཡང་དེང་རབས་ཅན་དང་ཡར་ཐོན་ཅན་གྱི་བསམ་བློ་ཞིག་ཏུ་རང་ཅག་གིས་བརྩི་ན་ཡང་འདི་ཡང་ཡ་རབས་ཁྱིམ་འཛིན་གྱི་སྲོལ་ཉམས་པའི་ཆ་ཤས་ཡིན། ཕ་མས་གཉེན་བཙན་སྡེབ་བྱེད་པའི་ནང་དུ་ཕ་མ་རང་ཉིད་ཀྱི་སྒེར་གྱི་སྙིང་ནད་སོགས་དོན་དག་ཆུང་ཙག་རེ་ཟུང་གི་དབང་གིས་གཉེན་བཙན་སྡེབ་བྱེད་པ་ཁ་ཤས་རེ་ཡོད་ན་ཡང་། མང་ཆེ་བ་ནི་བུ་ཕྲུག་རང་ཉིད་དང་ཁྱིམ་གྱི་ཆེ་མཐོང་སོགས་བསམ་བློ་རྒྱ་ཆེ་ས་ནས་བཏང་ནས་བྱེད་ཀྱི་ཡོད། དོན་འགྲུབ་རྒྱལ་གྱི་སད་ཀྱི་བཅོམ་པའི་མེ་ཏོག་སོགས་ཀྱི་ཤན་ཤུགས་ཀྱིས་གནད་དོན་འདི་ཚོ་རང་རེས་བརྗེད་གྲབས་བྱེད་ཀྱི་མེད་དམ་སྙམ། འོན་ཀྱང་སྤྱིར་བུ་ཕྲུག་རང་ཉིད་ལ་དེ་འདྲའི་རྒྱ་ཆེ་ས་ནས་བསམ་བློ་གཏོང་བའི་ནུས་པ་དེ་མེད་ན་ཕ་མས་གཉེན་བཙན་སྡེབ་བྱས་པས་ཕན་པ་མེད་པ་དང་། དོན་དུ་དེ་ནི་ཕ་མ་རང་ཉིད་ཀྱི་ནོར་འཁྲུལ་ཡིན་སྟེ། ཁྱོད་ཀྱིས་རང་གི་བུ་ཕྲུག་གི་ཀླད་པ་དེ་ལྟར་བཟོ་བཅོས་བྱེད་མ་ཐུབ་པས་ཡིན་པས་ད་ནི་ཚར་རྒྱུ་ཐམས་ཅད་ཚར་བའི་རྗེས་སུ་གཉེན་བཙན་སྡེབ་བྱས་པས་ཕན་འབྲས་གང་ཡང་མེད་པ་ནི་བདེན་པ་རེད།
ཡང་བསམ་བློ་སྔོན་ཐོན་དུ་རློམ་པ་མང་པོས་བུ་གཅིག་ཁྱིམ་གཅིག་ཅེས་པ་འདི་གལ་ཆེན་ཞིག་ཏུ་བརྩི་ཁུལ་བྱེད། བུ་གཅིག་ཁྱིམ་གཅིག་གི་ལམ་སྲོལ་ནི་བུ་ཕྲུག་རྣམས་ཆེན་པོ་ཆགས་སྐབས་རང་མགོ་གར་ཐོན་གྱིས་བཟའ་ཟླ་རེའི་རྗེས་སུ་སྙེག་ནས་རང་ལ་བཀའ་དྲིན་ཅན་གྱི་ཕ་མ། བརྩིས་ཐང་ཆེ་བའི་ཕ་གཞིས་མ་གཞིས་དང་། རིན་ཐང་ཅན་གྱི་ལམ་དང་ལུགས་སྲོལ་བཟང་པོ་རྣམས་རྒྱབ་ཏུ་བསྐྱུར་ནས་འགྲོ་བ་ཡིན། ཁོང་ཚོས་ཆུང་བྱིས་པའི་དུས་ནས་ཆེན་པོ་མ་ཆགས་པར་གཅིན་སྐྱག་ལག་པས་བཞབ། ཟས་འཐུང་ཁ་ནས་སྤྲད། ཉིན་མཚན་བྱམས་སེམས་ཀྱིས་བསྐྱངས་བའི་ཕ་མ་རྣམས་ཀྱི་དྲིན་ལན་རྦད་དེ་བརྗེད་སོང་བ་རེད། ཡང་ན་བཀའ་དྲིན་དེ་གསར་འགྲོགས་ཆེ་བའི་ཟླ་བོ་དེ་འམ་དེའི་འདོད་པ་དང་བརྗེ་མ་ཐུབ་པ་རེད། གང་ལྟར་ཕ་མ་རྒན་འཁོགས་སུ་གྱུར་ནས་བུ་ཕྲུག་གི་རོགས་རམ་དགོས་པའི་དུས་སུ་བལྟ་སྐོར་ལན་རེ་བྱས་ན་ལྷ་རབས་སུ་བྱེད་པ་ནི་རང་རེ་བོད་ཀྱི་ལུགས་སྲོལ་ཞིག་ག་ལ་ཡིན། ནུབ་ཕྱོགས་པའི་མི་གཅིག་ཁྱིམ་གཅིག་ཅེས་པའི་ལུགས་སྲོལ་དེ་རེད། ད་སྐབས་གཞིས་ཆགས་རེ་ན་རྒས་གསོ་ཁང་རེ་མེད་པ་ཧ་ལམ་མེད། འདི་ནི་ལུགས་སྲོལ་འདིའི་བཞག་པའི་འབྲས་བུ་རེད།
དེ་ལྟར་སྦུག་སུབ་དོག་པའི་བསམ་བློ་སྣ་ཚོགས་ཀྱི་དབང་གིས་སྔ་ཕྱི་ལ་འདང་རྒྱག་མེད་པར་གཉེན་སྒྲིག་རང་དབང་ཟེར་བ་དང་། རིན་ཐང་ལ་བསམ་གཞིགས་མེད་པར་བཟའ་གསུམ་ནི་རྗེས་ལུས་ཀྱི་རྣམ་པ་ཡིན་ཟེར་བ། ཕ་མའི་བཀའ་དྲིན་མི་དྲན་པར་བུ་ཕྲུག་རེ་ལ་ཁྱིམ་གཞིས་རེ་དགོས་ཟེར་བ་རྣམས་ནི་ནུབ་ཕྱོགས་པའི་ལུགས་སྲོལ་དང་དུ་བླང་བ་ཞིག་ཡིན་པ་ལས་རང་རེའི་ལུགས་སྲོལ་བཟང་པོ་ཞིག་ཡེ་ནས་མིན་ནོ།
དྲུག་པ་རྗེས་སུ་ཡོང་།

ནུབ་ཕྱོགས་རིང་ལུགས་ལ་རྒོལ་བའི་དེ་གཅེས་སྐྱོང་བ། ཁག་བཞི་པ།

༤། ཁྱིམ་མཚེས་ལ་བསྟུན་མཁས་མི་ཤེས།
ཁ་ནས་ནུབ་ཕྱོགས་རིང་ལུགས་ལ་རྒོལ་བར་བྱེད་ཅིང་དོན་དུ་ནུབ་ཕྱོགས་རིང་ལུགས་དང་དུ་ལེན་པའི་དཔེ་བཞི་བ་ནིཿ རང་རེའི་བོད་པའི་ཁ་དཔེརཿ གཉེན་ཚན་ངན་པ་ལས་ཁྱིམ་མཚེས་བཟང་པོ་དགའ་། ཞེས་དང་། ཁྱིམ་མཚེས་སྐྱིད་སྡུག་གཅིག་པ་ཡིན། ཞེས་བཤད་སྲོལ་ཡོད། རང་རེའི་ལུགས་སྲོལ་ལ་ཁྱིམ་མཚེས་ཀྱི་ཕྲུ་གུ་ཕན་ཚན་འབྲེལ་བ་ལ་ཚད་བཀག་མེད་ཅིང་། གཅིག་ཚང་གི་ཕྲུ་གུ་གཅིག་ཚང་ལ་འགྲོ་བ་ཕར་ཞོགས། མི་ཆེན་པོ་ཡང་ནངས་ཇ་ནུབ་ཟས་ཟ་རེས་འཐུང་རེས་བྱེད་སྲོལ་ཡོད། ལོ་གསར་གྱི་སྐབས་ཡིན་ན་ཁྱིམ་སྐོར་ཡོངས་སུ་ཉིན་རེ་བཞིན་རེས་མོས་བྱས་ནས་དགའ་སྟོན་བྱེད་པར་འགྲོ་བའི་སྲོལ་ཡོད། ཞིང་ལས་ཀྱི་སྐབས་སུ་འགྲོ་རེས་ཞེས་དེ་རིང་གཅིག་ཚང་གི་ཞིང་ཁ་ལས་ལ་ཀ་དཀའ་ཕོན་ཆེན་ཐོན་ན་ཁྱིམ་མཚེས་སྐོར་གང་པོ་དེ་ཚང་དུ་སོང་ནས་ལས་དཀའ་ཚར་བར་བྱེད། དེའི་རྗེས་སུ་ཁྱིམ་ཚང་གཞན་པ་ཞིག་ལ་དེ་ལྟར་འགྲོ་རེས་བྱེད་པའི་ལུགས་སྲོལ་ཡོད། དེ་བཞིན་ཁྱིམ་མཚེས་ཀྱི་ཁྱིམ་ཚང་གཅིག་ལ་ཕྱི་ལོགས་ནས་ཁྱིམ་དེའི་བཟའ་མི་ཞིག་ཐག་ནས་ཕྱིར་འབྱོར་སྐབས་ཁྱིམ་མཚེས་རྣམས་ཀྱིས་ཇ་སྐྱེལ་བར་འགྲོ་ཞེས་ཇ་དང་ཆང་ངམ་གཞན་ཟས་རིགས་ཁྱེར་ཡོང་ནས་དགའ་སྤྲོ་གཏོང་བར་འགྲོ་བ་མ་ཟད། ཡང་ཁྱིམ་ཞིག་གི་བཟའ་མི་ཞིག་ཐག་རིང་ཕྱི་ལ་འགྲོ་སྐབས་ཀྱང་ཇེ་སྐྱེལ་བར་འགྲོ་བའི་ལུགས་སྲོལ་ཡོད། ད་དུང་ཁྱིམ་མཚེས་ཤིག་གི་བཟའ་དཔོན་ནམ་བཟའ་མི་གལ་ཆེན་ཞིག་གྲོངས་ན་ཁྱིམ་མཚེས་ཡོངས་ཀྱིས་རོགས་རམ་བྱེད་པ་མ་ཟད། ཁྱིམ་རེ་ནས་མི་རེ་ཞག་བཞི་བཅུ་ཞེ་དགུ་བར་དུ་ཁྱིམ་ཚང་དེའི་ཤུལ་ལྷག་རྣམས་ལ་ཉལ་རོགས་སུ་ཡོང་བའི་ལུགས་སྲོལ་ཡོད། འདི་ཐམས་ཅད་ཁྱིམ་མཚེས་དང་སྐྱིད་ན་སྐྱིད་མཉམ་སྡུག་ན་སྡུག་མཉམ་གྱི་རྣམ་འགྱུར་སྟོན་པའི་འཚོ་བའི་དཔེ་སྟོན་བཟང་པོ་ཞིག་རེད།
ད་སྐབས་གོང་གི་དེ་དག་ལས་མི་གྲོངས་བའི་སྐབས་སུ་ཁྱིམ་མཚེས་ཀྱིས་རོགས་རམ་བྱེད་པ་དེ་མ་མཉམ་པར་གནས་ཡོད་པ་ལས་གཞན་རྣམས་ཧ་ལམ་མཉམ་ཟིན་པའམ་མཉམ་བཞིན་དུ་འདུག ལུགས་སྲོལ་བཟང་པོ་དེ་དག་ལས་མང་ཆེ་བ་ད་དུང་གསོན་པོར་གནས་ཡོད་པ་ཁོ་བོར་རྒྱུས་ཡོད་པའི་བོད་མིའི་གཞིས་ཆགས་ནི་མེའོ་ཆོས་འཕེལ་གླིང་གཞིས་ཆགས་སུ་རེད། གཞིས་ཆགས་དེར་མི་མང་ཆེ་བ་བོད་ལྷོ་ཕྱོགས་གནས་པད་མ་བཀོད་ཀྱི་ས་ནས་འོང་བ་ཤ་སྟག་ཡིན་ཞིང་། འཚོ་བ་སྐྱོ་ལ་མི་མང་ཉམ་ཆུང་ཤ་སྟག་འདུག
ད་ལྟ་ལོརཌ་མཁལེ་(Lord Macaulay) ལུགས་སྲོལ་དུ་གྲགས་པའི་དེང་དུས་ཤེས་ཡོན་སྤྲོད་ཕྱོགས་འདིའི་ནང་དུ་རང་རེའི་སྲོལ་ལ་ཡོད་པའི་མཐོ་ན་མི་དགའ་དམའ་ན་དགའ་། དམའ་ས་གོང་མའི་གདན་ས་ཡིན། ཞེས་པའི་ཀུན་སྤྱོད་འཛིན་པའི་སྡོམ་དེ་བློ་ལ་འཁོར་མི་ཐུབ་པ་ཡིན། དེང་དུས་ཀྱི་སློབ་གྲྭ་འདི་བརྒྱུད་ནས་འཚར་བའི་མི་རྣམས་དང་། ལྷག་པར་དུ་རྒྱ་གར་གྱི་སློབ་གྲྭ་ནས་ཐོན་པའི་མི་གཞི་རྣམས་ཀྱི་གཤིས་ཀ་ལ་ཞིབ་འཇུག་ཅིག་བྱས་ན་ནམ་ཡང་མཐོ་སྙེག་བྱེད་པ་དང་དངོས་ཤུགས་བརྒྱུད་གསུམ་ནས་རང་ཉིད་གཞན་གྱི་གོང་མ་ཞིག་ཏུ་སྒྲུབ་པའི་འབད་བརྩོན་ནམ་ཡང་འདོར་མི་ཐུབ་པ་ཞིག་འདུག ཅི་སྟེ་གཞན་གོང་མར་སྒྲུབ་རུང་དེ་ནི་ཁ་ཙམ་ཡིན་པ་དང་དོན་དུ་རང་ཉིད་གོང་མར་སྒྲུབ་བྱེད་ཁོ་ནར་དམིགས་པ་ཡིན། ནམ་ཡང་བཟང་སྙེག་བྱེད་པ་དང་དངོས་ཤུགས་བརྒྱུད་གསུམ་ནས་གཞན་ལ་བདེན་ཁ་སྟེར་མི་ཐུབ་པའི་གཤིས་ཀ་ཅན་འདི་དག་གིས་ཀུན་སྤྱོད་དེ་ཁྱིམ་མཚེས་སུ་སྟོན་ལ། ལས་རོགས་ལ་སྟོན། རྒྱུས་མེད་མི་རུ་སྟོན་ལ། གོང་རིམ་དུ་སྟོན། ཅི་སྟེ་གཞན་ལ་བདེན་ཁ་ཞིག་སྟེར་རུང་རང་ཉིད་བདེན་པར་སྒྲུབ་ཆེད་དུ་ཡིན། མདོར་ན་རང་ཉིད་ནོར་བའི་ངོས་ལེན་བྱེད་པའི་སྙིང་སྟོབས་ཀྱི་ཟུར་ཙམ་ཡང་མེད།
མི་འདི་རིགས་ཀྱིས་གཞན་གྱི་དྲིན་ལན་ཡེ་ནས་མི་ཁྱོགས། གཞན་གྱིས་དྲིན་ཞིག་བྱས་ན་ད་ལྟ་ད་ལྟར་དྲིན་བྱས་ལ་དྲིན་ལན་ནམ་ཡ་ལན་སྤྲོད་པ་ལས་གཞན་གྱི་བཀའ་དྲིན་ཁོག་ཏུ་ཡེ་ནས་ཉར་མི་ཐུབ། འདི་ནི་མི་འདི་དག་གིས་གཞན་གྱིས་བྱས་ཡུས་ཀྱི་ཚིག་འབྲུ་གཅིག་དང་། གདོང་གི་རྣམ་འགྱུར་ཙམ་ཡང་གཟོད་སྒོམ་མི་ཐུབ་པས་དེའི་འཇིགས་པའི་དབང་གིས་ཡིན་པ་ལས་གཞན་གྱིས་དྲིན་བྱས་པ་བྱས་ངོ་ཤེས་ནས་དེ་ལ་དྲིན་བཟོ་བའི་བློ་གསལ་བ་དང་མྱུར་བའི་དབང་གིས་ཆུ་ལ་ཆུ་རིན་དང་ཇ་ལ་ཇ་རིན་སྤྲད་པ་ཙམ་ལས་དྲིན་བྱས་ལ་དྲིན་ལན་མྱུར་སྟབས་ཀྱིས་འཇལ་བ་མིན་ཡིན།
མི་འདི་རིགས་ཀྱིས་གཅིག་ལ་གཅིག་རྟེན་གྱི་འདུ་ཤེས་དེ་ངོས་ལེན་ཡེ་ནས་བྱེད་མི་ཐུབ། བསམ་བློའི་འཁྱེར་སོ་འདི་འདྲ་ཞིག་གི་འོག་ཏུ་རང་གི་བུ་ཕྲུག་ཞིག་ཁྱིམ་མཚེས་ཀྱི་ཁྱིམ་དུ་ཟས་འཐུང་ཞིག་བྱས་ན་དེ་ལ་ཁྱིམ་མཚེས་ཀྱིས་ཁྱེད་ཀྱི་ཕྲུ་གུ་ལ་ངས་ཟས་སྤྲད་པ་ཡིན་ད་ཞེས་པ་ཞིག་གོ་ན་ངོ་ཚ་དང་བྱས་ཡུས་སོགས་མི་བཟོད་པ་ཡིན་པས་དེ་འདྲ་ཞིག་གོ་ཡོང་སྙམ་ནས་ཁྱིམ་མཚེས་ཀྱི་ཁྱིམ་དུ་ཕྲུ་གུ་ཡེ་ནས་མི་གཏོང་། ཁྱིམ་མཚེས་ཀྱི་ཁྱིམ་དུ་ཕྲུ་གུ་མི་གཏོང་བ་དེ་དེང་རབས་ཅན་དང་ཁྱིམ་ཚང་སྒྲིག་ལན་ཅན་དུ་རློམ་བཞིན་འདུག དེ་ལྟར་ཁྱིམ་མཚེས་དང་ལྷན་དུ་རང་ཁྱིམ་འདྲེས་སུ་མི་འཇུག་ལ། རང་ཁྱིམ་དང་ལྷན་དུ་ཁྱིམ་མཚེས་འདྲེས་སུ་མི་འཇུག དེ་ལྟར་རང་ཁྱིམ་དང་ཁྱིམ་མཚེས་ཀྱི་བར་ལ་མི་ཊར་འགའ་ཞིག་ལས་མེད་ཀྱང་ཉུང་མཐར་ཀི་ལོ་མི་ཊེ་འགའ་ཞིག་ཡོད་པའི་ཚད་དུ་བྱེད།
འདི་ནི་ཕྱི་རྒྱལ་ནུབ་ཕྱོགས་པའི་གཤིས་ཀ་དངོས་མ་ཞིག་ཡིན་འདུག ནུབ་ཕྱོགས་པའི་ཡུལ་ན་ཁྱིམ་མཚེས་ཀྱི་ཁྱིམ་དུ་ཕྲུ་གུ་ཞིག་འཁྱམ་པ་ཡིན་ན་ཧ་སང་སང་གིས་དགོངས་དག་བརྒྱ་ཚར་ཅིག་དང་ལྷན་དུ་ཕྲུ་གུ་དེ་ལམ་སང་ཕྱིར་ཁྲིད་འགྲོ་བ་ཡིན། དེ་ནི་ཕྲུ་གུ་དེས་ཁྱིམ་མཚེས་ཚང་ལ་དོག་མི་བདེ་བ་ཞིག་བྱས་དོགས་ཀྱིས་ཡིན་པ་དང་། དེ་ཡང་ཁྱིམ་མཚེས་ཀྱི་ངག་ནས་རང་ཉིད་ཀྱི་ཕྲུ་གུ་བདག་མི་ཐུབ་པའི་སྐད་ངན་འཆོར་བ་གོ་བའི་འཇིགས་པས་ཡིན། ད་དུང་ཁྱིམ་མཚེས་ཚང་གིས་ཕྲུ་གུ་དེར་རྔན་པ་རེ་སྟེར་བ་འམ་བཟང་བ་ཞིག་བྱས་ཡོད་ན་ཐུགས་རྗེ་ཆེ་བརྒྱ་ཚར་གཉིས་བགྲང་དྲིན་ལན་ཞིག་གང་མགྱོགས་མགྱོགས་ཀྱིས་འབྱོར་ཐབས་བྱེད། དེ་ནི་ཁྱིམ་མཚེས་ཚང་གིས་དེ་ལྟར་བྱས་པ་དེའི་ཕྱེད་ཀ་ཟུར་ཟ་ཞིག་ལ་གོ་བས་ཡིན། གལ་སྲིད་ཁྱིམ་མཚེས་ཚང་གིས་ཕྲུ་གུ་དེ་ལ་ཟ་མ་ཞིག་སྟེར་ཡོད་ན་དེའི་ལན་དུ་ཐུགས་རྗེ་མིན་པར་ཧ་ལམ་མི་འདོད་པའི་རྣམ་འགྱུར་ཞིག་སྟོན་ཉེན་ཆེ། དེ་ནི་དེ་ཟུར་ཟ་ངོ་མ་ཞིག་ལ་གོ་བས་ཡིན། ཁྱིམ་མཚེས་ཚང་གིས་ཀྱང་ཟུར་ཟ་ངོ་མ་བྱས་པ་ཡིན་སྲིད། འདི་ལྟར་མི་དང་མིའི་འབྲེལ་བ་དེ་རྒྱང་རིང་དུ་འགྲོ་བ་དང་། དེ་ལ་བརྟེན་ནས་ཁྱིམ་མཚེས་ཕན་ཚུན་གྱི་བར་ལ་འབྲེལ་བ་རིང་དུ་སོང་བ་ཡིན།
ད་སྐབས་བོད་པའི་གཞིས་ཆགས་ཁག་ཏུ་ཚད་འདི་ཙམ་ལ་སླེབས་མེད་ཀྱང་འདིའི་ཕྱོགས་སུ་བཏད་ནས་ཡོད། སྔར་གྱི་སྲོལ་ལ་ཐག་རིང་ནས་ཁྱིམ་མི་སླེབས་སྐབས་ཇ་སྐྱེལ་བའི་སྲོལ་དེ་ཧ་ལམ་མཉམ་ཟིན་འདུག་ལ། སྐྱེལ་མཁན་རེ་གཉིས་ཡོད་པ་རྣམས་ཀྱིས་དགོས་པ་བཞིན་མིན་པར་ཉིན་འགའ་ཞིག་གིས་རྗེས་སུ་ཕྲུ་གུ་ཞིག་གི་ལག་ཏུ་འོ་མ་ཞིག་དང་ཐུག་པ་ཆགས་པ་རེ་གཉིས་སོགས་ཟ་ཆས་འགའ་ཞིག་ཁྲལ་གྱིས་ཚུལ་དུ་སྐུལ་ནས་འགྲིག་ཐབས་བྱེད་ཀྱི་འདུག དགོས་པ་ངོ་མ་ནི་ཁྱིམ་མི་སླེབས་ཉིན་མོ་འམ་ཕྱི་ཉིན་ཁྱིམ་གྱི་མི་རྒན་པ་ཞིག་ཇ་སོགས་ཟས་རིགས་ཁྱེར་ནས་ཧ་ཧ་ཧོ་ཧོ་བྱེད་པར་འགྲོ་དགོས་པ་ཡིན། དེ་བཞིན་ཁྱིམ་མཚེས་ཀྱི་ཕྲུ་གུའི་སྐྱེས་སྐར་སྟོན་མོ་བྱེད་པའི་ལུགས་སྲོལ་ཞིག་གསར་དུ་དར་བཞིན་ཡོད་ལ། དེ་ལ་ཁྱིམ་མཚེས་ཀྱི་ཕྲུ་གུ་ན་མཉམ་རྣམས་འབོད་པ་ཡིན། དེའི་སྐབས་སུ་ཁྱིམ་མཚེས་གང་གི་ཕྲུ་གུའི་ལག་རྟགས་སྒོར་ག་ཚོད་སྤྲད་ཡོད་པ་སེམས་སུ་ཉར་ནས་རྗེས་མ་ཕར་བོས་སྐབས་སྒོར་གྱི་གྲངས་ཏག་ཏག་ཕར་སྤྲོད་པ་ཡིན། དཔེར་ན་ཁྱིམ་མཚེས་ཀ་བའི་ཕྲུ་གུས་ཁ་བའི་ཕྲུ་གུའི་སྐྱེས་སྐར་ལ་སྒོར་༥༠་ཅན་གྱི་ཤོག་ཆགས་ཤིག་སྤྲད་ཡོད་ན་རྗེས་སུ་ཁྱིམ་མཚེས་ཁ་བའི་ཕྲུ་གུས་ཀ་བའི་ཕྲུ་གུའི་སྐྱེས་སྐར་ལ་སྒོར་༥༠་སྤྲོད་པ་ཡིན། དེ་ནི་གཅིག་ལན་ལ་གཅིག་དང་གཉིས་ལན་ལ་གཉིས་སྤྲད་པ་ཞིག་ཡིན་པ་ལས་ཁྱིམ་མཚེས་ཀྱི་འབྲེལ་བ་བསམ་པའི་རྣམ་འགྱུར་ཞིག་མིན། འདི་ལྟར་དེང་སྐབས་ཀྱི་མི་རྣམས་མིག་རྒྱ་ཁབ་ལས་ཕྲ་བའི་མི་གཞི་ཚོ་ཞིག་ལ་འགྱུར་བཞིན་འདུག་པ་འདི་ནི་ནུབ་ཕྱོགས་པའི་ལམ་སྲོལ་དང་དུ་བླང་བ་ཞིག་ཏུ་མཐོང་ངོ་།

ནུབ་ཕྱོགས་རིང་ལུགས་ལ་རྒོལ་བའི་དེ་གཅེས་སྐྱོང་བ། ཁག་གསུམ།

༣། གཟོད་སྲན་གྱི་ནུས་པ་མཉམ་པ།
ཁ་ནས་ནུབ་ཕྱོགས་རིང་ལུགས་ལ་རྒོལ་བར་བྱེད་ཅིང་དོན་དུ་ནུབ་ཕྱོགས་རིང་ལུགས་དང་དུ་ལེན་པའི་དཔེ་གསུམ་པ་ནིཿ བོད་པའི་ལེགས་བྱང་ནང་དུ་སྙིང་ཉེ་བའི་ཕ་མ་དང་དགེ་རྒན་གྱིས་ལེགས་ལམ་ལ་འགོད་ཆེད་དུ་རང་གི་ཕྲུ་གུར་ཉེས་རྟགས་གཏོང་ཞིང་། དེ་ནི་སེམས་གནག་གིས་གཅར་རྡུང་བྱས་པ་དང་རྦད་དེ་མི་འདྲ་ན་ཡང་། ནུབ་ཕྱོགས་པས་དེའི་དབྱེ་བ་འབྱེད་ཤེས་ཀྱི་མེད། ཉེས་རྟགས་ནི་གཟོད་སྲན་གྱི་ནུས་པ་སྤེལ་བའི་ཐབས་ལམ་ཞིག་ཀྱང་ཡིན། འོན་ཀྱང་ནུབ་ཕྱོགས་པས་ནི་ཉེས་རྟགས་ཞེས་པའི་མིང་ཙམ་ལ་འཇིགས་ཞིང་སྐྱི་གཡའ་བར་བྱེད་ཅིང་། ད་སྐབས་ཕྲུ་ལོ་བཅུ་ཅན་གྱིས་ཕ་མའི་ཐོག་ལ་སྐོར་སྲུང་བ་བཀྱེ་བའི་ལུགས་སྲོལ་ངན་པ་དེ་ནུབ་ཕྱོགས་སུ་སྤྱིར་བཏང་གི་སྣང་ཚུལ་ཞིག་ཡིན། སྲིད་གཞུང་དག་གིས་ཀྱང་ཕྲུ་གུར་ཉེས་གཏན་འགོག་གི་ཁྲིམས་བཅས་ཟིན། དེང་རབས་ཀྱི་བསམ་བློ་རྒྱུད་ལ་འབྱོར་ཡོད་པར་རློམ་པའི་རང་རེའི་ཕ་མ་མང་ཆེ་བས་དགེ་རྒན་ག་གེ་མོས་ངའི་ཕྲུ་གུ་ལ་ཉེས་རྟགས་འདི་དང་འདི་བྱས་སོང་ཞེས་ཁྲིམས་ལ་སྦྱོར་ཞིང་ཟིང་ཆ་སློང་། འདི་ཡང་རང་རེའི་རིགས་གཞུང་ན་མེད་པའི་ནུབ་ཕྱོགས་པའི་ཤན་ཞུགས་ངན་པ་ཞིག་རེད། ཡ་མཚན་པ་ཞིག་ལ་ཕ་མ་འདི་རིགས་སྔར་ཕྱག་རྒྱུག་དེ་ཚོའི་བཀའ་དྲིན་ལས་སློབ་གྲྭ་འགྲིམ་ནས་འཚར་ལོང་བྱུང་བ་ཤ་སྟག་ཡིན། འདིར་གསལ་བཤད་ཞུ་དགོས་པ་ཞིག་ལ་སྤྱིར་ན་སྤྱི་ཚོགས་དང་ཁོར་ཡུག་ལོ་རེ་བཞིན་རིན་ཐང་མཉམ་བཞིན་ཡོད་སྟབས་དགེ་རྒན་གྱི་ནང་དུ་ཡང་སྙིང་བརྩེ་བ་ཁོ་ནའི་ཀུན་ནས་བསླངས་ནས་ཉེས་རྟགས་བཏང་བ་མིན་པ་དེ་འདྲ་རེ་གཉིས་ཡོད་སྲིད། འོན་ཀྱང་ཕ་མ་དེ་ཚོས་འུར་བསླངས་བ་བཞིན་འབྲེལ་མེད་དོན་གཞན་གྱིས་ཉེས་མེད་ཉེས་རྟགས་བཏང་བ་ཞིག་ཡོང་མི་སྲིད།
དུས་རབས་ཤིག་གི་མགོ་མཇུག་ལ་བསམ་ཞིབ་ཅིག་བྱས་ན་སྔར་གྱི་བོད་མི་རྣམས་གཟོད་སྲན་ཆེ་བ་དང་། བློ་བག་ཡངས་བ། དཀའ་ཐུབ་ཆེ་བ། རང་གཞན་གྱི་འདུ་ཤེས་སྙོམས་པ་ཞིག་ཡོད་ཀྱང་། ད་སྐབས་ཀྱི་མི་རབས་རྗེས་མ་ཚོ་ནི་གཟོད་སྲན་ཇེ་ཆུང་བ། སྦུག་སུབ་ཇེ་དོགས། དཀའ་ལས་མི་ཁྱོགས་པ། རང་འཛིན་ཇེ་ཆེ་སོགས་སུ་འགྲོ་བཞིན་པའི་སྣང་ཚུལ་ཞིག་འདུག འདི་ཐམས་ཅད་ནུབ་ཕྱོགས་པའི་སེམས་ཁམས་ཀྱི་བཤུར་ལམ་དེ་ཉིད་དེད་ནས་འགྲོ་བཞིན་ཡོད་པའི་བདེན་རྟགས་གི་སྣང་ཚུལ་ཞིག་ཏུ་མཐོང་།
རང་རེ་བོད་ཀྱི་ལེགས་བྱང་ནི་གལ་སྲིད་ཕྲུ་གུ་ཞིག་ལ་དགེ་རྒན་གྱིས་བརྡུང་ན་ཁྱིམ་དུ་ཕ་མས་ཀྱང་ཁྱོད་ཀྱིས་མ་འགྲིག་པ་ཞིག་བྱས་ཡོད་ངེས་ཞེས་བཤེ་བཤེ་གཏོང་ཞིང་མཐའ་ན་ཉེས་རྟགས་གཏོང་བ་དེ་འདྲ་ཡང་ཡོད་། དགེ་རྒན་ལ་བརྩི་མཐོང་དེ་འདྲ་འཇོག་པ་ལས་ཕྲུ་གུའི་ཁ་ལ་ཉན་ནས་ངའི་ཕྲུ་གུ་ལ་དོན་མེད་ཉེས་རྟགས་བཏང་འདུག ཁོ་ལ་ཐོབ་ཐང་གང་ཡོད། ཅེས་ཁྲིམས་ལ་སྦྱོར་བའི་ལུགས་སྲོལ་མེད།
དེང་རབས་ཅན་དུ་རློམ་པའི་ནུབ་ཕྱོགས་པའི་བསམ་བློ་འཁྱེར་སྟངས་འདིས་དགེ་དགེ་ཕྲུག་གི་འབྲེལ་བ་དེ་རྡོ་དང་རྡོ་ཐུག་པ་བཞིན་གྲང་ཤུར་ཤུར་དང་། ཁྱི་དང་ཞི་མི་འཕྲད་པ་བཞིན་སྣ་གཉེར་གཉེར་། གླ་བ་དང་ཡོན་བདག་འཕྲད་པ་བཞིན་སྐད་ལྷོག་ལྷོག་ཏུ་སྒྱུར་བ་མ་ཟད་། མཐའ་ན་མི་རིང་བར་ཕ་མ་དང་ཕྲུ་གུའི་འབྲེལ་བ་དེ་ཡང་འདི་འདྲ་ཞིག་ལ་སྒྱུར་བའི་སྟ་གོན་དུ་སྣང་།

ནུབ་ཕྱོགས་རིང་ལུགས་ལ་རྒོལ་བའི་དེ་གཅེས་སྐྱོང་བ། ཁག་གཉིས་པ།

༢། ཕྲུ་གུས་ལས་དཀའ་བྱེད་པའི་ངལ་རྩོལ་གྱི་ཆེ་མཐོང་ཉམས་པ།
ཁ་ནས་ནུབ་ཕྱོགས་རིང་ལུགས་ལ་རྒོལ་བར་བྱེད་ཅིང་དོན་དུ་ནུབ་ཕྱོགས་རིང་ལུགས་དང་དུ་ལེན་པའི་དཔེ་གཉིས་པ་ནིཿ རྒྱ་གར་གྱི་རྣལ་འབྱོར་བ་བྷཱ་བྷཱ་རཱམ་དེབ་ཞེས་ཞུ་བའི་རྒྱ་བོ་དེ་ད་སྐབས་རྒྱ་གར་རྒྱལ་ཡོངས་ན་སྙན་གྲགས་ཆེ་བ་ཕར་ཞོག་རྒྱལ་སྤྱིའི་ནང་དུ་མཚན་སྙན་མཁའ་ལྟར་ཁྱབ་བཞིན་ཡོད། རྒྱུ་མཚན་ནི་ད་སྐབས་ཀྱི་འཚོ་བའི་གོམས་གཤིས་འདི་ལ་ཐུག་ཡོད། ༧གོང་ས་མཆོག་གིས་ཀྱང་རང་རེའི་གྲྭ་ས་ཁག་ཏུ་རཱམ་དེབ་ཀྱི་དབུགས་སྦྱོང་དང་ལུས་སྦྱོང་གི་རྣལ་འབྱོར་འདི་རིགས་ལག་ལེན་སྟར་ཡག་པོ་ཡོད་པར་གསུངས་མྱོང་ཡོད། རཱམ་དེབ་ལགས་ཀྱིས་དབུགས་སྦྱོང་འདིས་གཅིན་སྙིའི་ན་ཚ། མཆིན་པའི་ན་ཚ། ཕོ་བའི་ན་ཚ། ཁྲག་གི་ན་ཚ། ཁྲག་ཤེད་ཀྱི་ན་ཚ། གྲོད་པ་ལུག་པ་སོགས་ནད་རིགས་སྣ་ཁ་གྲངས་མང་ཞིག་འགོག་ཐུབ་པ་དང་བཅོས་ཐུབ་པ། ཧ་ལམ་ནད་སྨན་གཅིག་ལྟ་བུར་བཤད་ཀྱི་འདུག་པ་འདི་ཐམས་ཅད་ལུས་པོ་ལ་ངལ་རྩོལ་མེད་པ་ལས་བྱུང་ནད་རིགས་ཤ་སྟག་ཡིན་འདུག སྔར་ཡིན་ན་ཉིན་རེའི་འཚོ་བའི་ནང་དུ་ངལ་རྩོལ་གྱི་ཕོན་འདང་ངེས་ཡོད་པས་དབུགས་སྦྱོང་དང་ལུས་སྦྱོང་གི་རྣལ་འབྱོར་འདི་རིགས་དམིགས་བསལ་གྱིས་དགོས་གལ་དེ་ཙམ་མ་བྱུང་། ད་སྐབས་འཚོ་བའི་གོམས་གཤིས་འགྱུར་ནས་མི་རྣམས་རྐུབ་སྟེགས་དང་ཅོག་ཙེའི་སྟེང་ལས་ཀ་བྱེད་མཁན་དུ་གྱུར་སྟབས་ལུས་ལ་འགུལ་སྐྱོད་འདང་ངེས་མི་རག་པ་དང་དེའི་དབང་གིས་ནད་རིགས་སྣ་མང་ཡོང་གི་ཡོད། རྣལ་འབྱོར་འདི་རིགས་མདོར་བསྡུས་ན་ལུས་པོ་ལ་ངལ་རྩོལ་གྱིས་མ་འདང་བ་མཁོ་སྤྲོད་བྱེད་ཆེད་ཡིན།
དེང་སྐབས་རང་རེའི་སྤྱི་ཚོགས་ནང་དུ་ཕ་མ་ཞིང་ལས་སོགས་སུ་སོང་ནས་རྔུལ་ཆུས་མགོ་ལུས་བཀྲུས་ཡོད་ཀྱང་བུ་ཕྲུག་ནི་ཉིན་གཅིག་གི་ངལ་བ་ཡང་མི་ཁྱོག་པའི་སྤྱི་ཚོགས་ཤིག་འགྲུབ་བཞིན་འདུག དེ་ནི་ནུབ་ཕྱོགས་པའི་ལམ་སྲོལ་ལ་གཞི་རྟེན་པའི་སློབ་གྲྭའི་ལམ་སྲོལ་འདི་ཚོར་ཐུག་འདུག་པར་སྙམ། ཕྲུ་གུའི་འཕེལ་རྒྱས་ནི་ཡི་གེ་གཅིག་བུ་མིན་མ་ཟད། ངོ་མ་བཤད་ན་དེ་ལས་གལ་ཆེའི་བའི་བསླབ་མང་དག་ཅིག་ཡོད། ངལ་རྩོལ་ནི་དེའི་ནང་ནས་གཅིག་རེད། སློབ་གྲྭའི་ནང་དུ་ཕྲུ་གུ་རྣམས་ལ་ཚོགས་ཐུན་རེ་གཉིས་ལ་སློབ་གྲྭའི་ཁོར་ཡུག་གཙང་བཟོ་སོགས་ངལ་རྩོལ་ཅུང་ཟད་རེ་སྐུལ་ན་སྤྱི་ཚོགས་འཕེལ་རྒྱས་སུ་སོང་ནས་དེངས་རབས་ཀྱི་སེམས་པ་རང་རྒྱུད་ལ་འབྱོར་ཡོད་པར་རློམ་པའི་རང་རེའི་ཕ་མ་མང་ཆེ་བས་“ངའི་ཕྲུ་གུ་སློབ་གྲྭར་གཏོང་བ་ཡི་གེ་སྦྱོང་ཆེད་དུ་ཡིན་པ་ལས་ལས་དཀའ་ལས་ཆེད་དུ་བཏང་བ་མིན།”་ཞེས་འུར་སྒྲ་མང་པོ་བྱེད། འདི་ཡང་རང་རེའི་རིགས་གཞུང་ན་མེད་པའི་ནུབ་ཕྱོགས་པའི་ཤན་ཞུགས་ངན་པ་ཞིག་རེད། དེ་དག་གིས་ཡི་གེ་ཞེས་པ་འདི་ཕྱིས་སུ་བྱུང་བའི་མིའི་རིགས་ཀྱི་ཤེས་བྱ་བྲག་ཅིག་ཡིན་པ་དང་། དེ་ལས་གལ་ཆེའི་བའི་སྦྱང་བྱ་མང་པོ་ཡོད་པ་ལ་ཤེས་ཚོར་གང་ཡང་ཡོང་གི་མེད།
ངལ་རྩོལ་གྱི་གཟི་བརྗིད་ཅེས་པའི་བཤད་སྲོལ་ཞིག་ནུབ་ཕྱོགས་པའི་ངག་ལ་ཡོད་འདུག་མོད་ལག་ལེན་དུ་མེད་པར་སྣང་། སྔོན་མ་རྗེ་མི་ལ་རས་པས་བསེས་མཁར་དགུ་ཐོག་བཞེངས་བའི་ལོ་རྒྱུས་སོགས་ནི་རང་རེའི་ལེགས་བྱང་གི་ཁ་ཕྱོགས་ཡིན། འདི་དང་འདི་ལྟ་བུའི་སྔར་བླ་སློབ་ཀྱི་འབྲེལ་བ་ངལ་རྩོལ་གྱིས་འཇལ་བའི་ལོ་རྒྱུས་ཡོད་ཚད་ཆེས་རྗེས་ལུས་དང་རིན་ཐང་མེད་པར་བསམ་ཡོད་པ་འདྲ། དེ་ནི་ནུབ་ཕྱོགས་པའི་བསམ་བློའི་འཁྱེར་སོ་ཞིག་མ་བསྐུལ་དང་བླངས་ཀྱིས་བླངས་བ་ཡིན། འདི་ལ་བརྟེན་ནས་སྒྱིད་ལུག ཞུམ་པ། ལས་རིགས་དབྱེ་འབྱེད། སྤྱི་ཚོགས་གྲལ་རིམ། ལུས་སྦྱོང་མེད་པ་སོགས་སྐྱོན་ཆ་མང་དག་ཅིག་འབྱུང་གི་ཡོད།
རྒྱ་གར་གྱི་སྲིད་བློན་གཉིས་པ་ལཱལ་བྷཧདུར་ཤཱསྟྲི་མཆོག་སྔོན་མ་ཉིན་རེ་བཞིན་ཀི་ལོ་མིཊར་བདུན་རེ་དང་ལམ་དུ་གཙང་པོ་རེ་བརྒལ་ནས་སློབ་གྲྭར་ཕེབས་པའི་ལོ་རྒྱུས་ཡོད། ལོ་མང་ཙམ་གྱི་སྔོན་སྔོན་དུ་སློབ་ཕྲུག་རྣམས་ཀི་ལོ་མིཊར་གཉིས་ཙམ་རེ་གོམ་པ་བརྒྱབ་ནས་སློབ་གྲྭར་འོང་གི་ཡོད། དེ་རྗེས་སློབ་ཕྲུག་འགའ་རེས་རྐང་འཁོར་ཞོན་ནས་སློབ་གྲྭར་ཡོང་གི་ཡོད། དེ་རྗེས་ཕ་མ་ཅུང་འཁོས་བཟང་རྣམས་ཀྱིས་རང་རང་གི་ཕྲུ་གུ་སྦག་སྦག་སོགས་ཀྱིས་སྐྱེལ་གྱི་ཡོད་ཀྱང་ད་དུང་ཕྲུ་གུ་རྣམས་རང་རང་གི་ཁྱིམ་དུ་འགྲོ་བར་ཡ་མཚན་སྣང་གང་ཡང་སྐྱེ་ཡི་མེད། ལོ་གཉིས་ཙམ་གྱི་སྔོན་དུ་སློབ་གྲྭ་ལ་སྐྱེལ་འཁོར་ཞིག་བྱུང་། དེང་རབས་ཅན་དུ་ཡར་རྒྱས་ཀྱི་རྣམ་པ་ཡིན་པར་རློམ། དོན་དུ་ཕྲུ་གུ་མང་ཆེ་བ་ད་སྐབས་སློབ་གྲྭ་ཀི་ལོ་མིཊར་ཕྱེད་ཙམ་གྱི་ལམ་ལ་འགྲོ་དགོས་སྐབས་ཀྱང་ “ཨ་མའའ ང་ཇི་ལྟར་འགྲོ་དགོས། དཀའ་ལས་ཁག་ས་རེད།” ་ཞེས་སྐད་འཆོར་གྱི་ཡོད།
ཁོ་བོ་དེང་རབས་ཅན་ལ་མི་དགའ་བ་མིན་ཡང་སློབ་གྲྭར་སྐྱེལ་འཁོར་བྱུང་བ་འདིས་སློབ་ཕྲུག་རྣམས་ལ་ཕན་པའི་ཆ་ལས་གནོད་པའི་ཆ་མང་བ་འབྱུང་གི་ཡོད་པར་ནན་གྱིས་བཤད་འདོད། དེང་སྐབས་སློབ་ཕྲུག་གི་ནང་དུ་མིག་ཤེལ་གྱོན་དགོས་མཁན་ལྡབ་འགྱུར་གྱིས་འཕེལ་བཞིན་འདུག འདི་ནི་ཕྱི་ཚུལ་དུ་མིག་གིས་ལམ་སང་མཐོང་ཐུབ་པའི་སྣང་ཚུལ་དེ་རེད། ངལ་རྩོལ་དང་མིག་ཤུགས་ལ་འབྲེལ་ཆེན་པོ་ཡོད་པར་ཡང་སྨན་པ་ཚོས་བཤད་ཀྱི་འདུག ད་དུང་སྔར་གྱི་སློབ་ཕྲུག་གི་ལུས་ཁམས་དང་ད་ལྟའི་སློབ་ཕྲུག་གི་ལུས་ཁམས་ཀྱི་བར་ལ་ཁྱད་པར་གང་གང་ཡོད་པ་གསོ་རིག་གི་ལམ་ནས་བརྟག་དཔྱད་ཅིག་བྱས་ན་ཧང་སང་དགོས་པའི་དོན་དག་མང་པོ་མཐོང་རྒྱུ་ཡོད་སྲིད།

བཀླགས་མང་ཤོས།

ཟིན་བྲིས་བཀླགས་གྲངས་ཁྱོན་སྡོམ།

དཔར་རིས་འགྲེམ་སྟོན།

དཔར་རིས་འགྲེམ་སྟོན།
ངའི་བུ་མོ་སློབ་གྲའི་རྩེད་མོའི་ཉིན་མོ་ཨང་གཉིས་པ་ཐོབ།

ང་རང་གི་སྐོར།

My photo
I am a Tibetan, and a teacher. I have a dream that we have a unified Tibetan language. I see there is a way for this. རེ་བ་འདི་འགྲུབ་མི་སྲིད་པ་ཞིག་མིན་ལ། འདིའི་ལམ་སྣེ་གུས་པའི་ལག་ཏུ་ཡོད། དེ་ནི་ཁོ་བོས་བྲིས་པའི་(སྒྲ་སྒྲུབ་རིག་པ)ཡི་ནང་དུ་གསལ་ཡོད།