2010/09/24

ཐེག་དཀའ་བའི་ལྗིད།

ཟླ་བ་གཅིག་ལྷག་ཙམ་ཚུན་ཆད་ནས་གློ་བུར་གྱི་རྐྱེན་ཞིག་གིས་དབང་གིས་ཁོ་བོས་བོད་ཀྱི་རྩ་དོན་ལ་རང་འཁྲིའི་འགན་ཞིག་བླངས་ཁུལ་གྱིས་རང་ཚོད་ཀྱི་ཐུབ་ཚོད་ཅིག་བློས་བཏང་ནས་དབུ་མའི་ལམ་གྱི་སྐོར་ལ་རང་ལ་ཡོད་པའི་སེམས་ཁྲལ་རྣམས་སྤྱི་བསྒྲགས་བྱེད་བཞིན་ཡོད། འོན་ཀྱང་རང་རེའི་བསམ་ཡོད་དུ་གྲགས་པའི་གནད་ཡོད་མི་སྣ་རེ་ཟུང་གིས་གཙོས་པའི་མང་ཆེ་བས་དབུ་མའི་ལམ་ལ་དྲི་བ་བྱེད་པ་དང་༧རྒྱལ་བ་རིན་པོ་ཆེ་ལ་དགག་པ་བྱེད་པ་གཉིས་ངོ་བོ་གཅིག་བསྲེས་ནས་མགོ་བོ་གནོན་ཐབས་བྱེད་པ་དང་། ལྷག་པར་དུ་ཟམ་གདོང་རིན་པོ་ཆེས་“་་་རང་བཙན་རྩོད་མཁན་རྣམས་ནི་རྒྱ་མི་ལས་ཉེན་ཁ་ཆེ་བ་ཡིན་་་”་གསུང་པ་སོགས་ཀྱིས་རང་རེའི་སྤྱི་ཚོགས་ཀྱི་གནོན་ཤུགས་འདི་འདྲའི་ནང་དུ་ང་ལྟ་བུའི་བློ་ཆུང་རྣམས་རང་གི་བསམ་འཆར་སྲོང་བོར་བཤད་ན་མགོ་བོ་དགྱེ་དཀའ་མོར་སྣང་། བག་ཡངས་ཀྱིས་འཚོ་མཁན་རྣམས་ནི་མགོ་བདེ་དྲན་འཕྲུལ་སྐབས་འཚོལ་རིང་ལུགས་པ་རྣམས་རེད།

ཉེ་ཆར་བཀའ་ཁྲི་རང་གི་ངག་ནས་རང་རེའི་སྤྱི་ཚོགས་ནང་དུ་དམངས་གཙོའི་གནས་ཚད་མཐོ་བའི་རྩེ་མོར་སླེབས་ཡོད་ཚུལ་རྒྱང་སྒྲོག་བྱས་ན་ཡང་། ཁོང་རང་གིས་གསུངས་ལས་རང་རེའི་དམངས་གཙོའི་གནས་ཚད་ནི་ད་དུང་བྱིས་པ་ལོ་གཉིས་ཅན་ལྟ་བུ་ཞིག་ཏུ་གནས་ཡོད་པར་སྟོན་གྱི་འདུག དམངས་གཙོ་དང་རང་དབང་ཇི་ཙམ་བཤད་རུང་མ་བཤད་རུང་གོང་གི་དབུ་ཁྲིད་ལ་དཀྱེལ་ཡངས་མེད་ན་སྨྲ་བརྗོད་རང་དབང་ལ་དཀའ་ངལ་འདི་འདྲ་རང་བཞིན་གྱིས་འཕྲད་རྒྱུ་ཡིན། ཁྲིམས་དང་སྒྲིག་གཞིའི་ནང་དུ་ཇི་ཙམ་སྙན་པོ་བྲིས་ཡོད་ཀྱང་གཙོ་བོ་དེ་ཉམས་ལེན་བྱེད་པ་པོས་མཉམ་ལེན་མ་བྱས་ན་དེ་ལ་རིན་ཐང་གང་ཡང་ཡོད་པ་མ་རེད། དཔེར་མཚོན་ནི་ཕར་ཕྱོགས་སུ་རྒྱ་ནག་ལ་བལྟོས་དང་གསལ་བོར་ར་འཕྲོད་ཐུབ་པར་འདུག
ཁྲིམས་དང་སྒྲིག་གཞིས་སྨྲ་བརྗོད་རང་དབང་བཀག་ན་དམངས་གཙོའི་སྤྱི་ཚོགས་ཤིག་གི་ནང་དུ་ཐེར་འདོན་བྱེད་པ་ལས་སླ་བོ་ཞིག་ཏུ་གྱུར་ཡོད་ན་ཡང་། སྤྱི་ཚོགས་དུམ་བགོས་བྱས་ནས་སྤྱི་ཚོགས་ཀྱི་གནོན་ཤུགས་སྤུངས་ནས་སྨྲ་བརྗོད་རང་དབང་བཀག་ན་རྙོག་དྲའི་འདུ་འཛིང་ཧ་ཅང་ཆེན་པོ་རེད། ཟམ་གདོང་རིན་པོ་ཆེ་ལྟ་བུ་མཁས་པ་དང་། གནད་ཡོད། གཞུང་གི་གོ་གནས་ཅན། བླ་མ་ཞིག་གིས་བཀའ་མོལ་འདི་འདྲ་གནང་ན་བོད་ཀྱི་སྤྱི་ཚོགས་དུམ་བགོས་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་འགྱུར་། དེའི་ཕྱིར་མཁས་པ་ཞིག་གིས་གང་ཞིག་སྤྱི་ཚོགས་ཐོག་གསུང་འོས་པ་དང་གང་ཞིག་མི་འོས་པའི་དབྱེ་བ་དེ་མཁྱེན་དགོས་ཚོད་ལ་དེ་ལྟར་མ་མཁྱེན་པ་ཁོ་བོར་ཧ་ཅང་ཡ་མཚན་སྐྱེས། ཡང་ན་ཁོང་ལ་ཆབ་སྲིད་ཀྱི་དམིགས་ཡུལ་གཞན་ཡོད་ན་ནི་ཡ་མཚན་དགོས་དོན་གང་ཡང་མི་འདུག མི་ཕལ་བ་ཞིག་གི་སྤྱོད་པར་ཡ་མཚན་བྱེད་ན་རང་ཉིད་ནོར་བ་རེད། ངས་ད་དུང་ཡང་ཁོང་སྐྱེས་བོ་ཕལ་བ་ཞིག་མིན་པའི་ཡིད་ཆས་ཨུ་ཚུགས་ཀྱིས་ཉར་ཡོད།
༧སྐྱབ་མགོན་རིན་པོ་ཆེའི་གསུང་གི་ཆ་ཤས་གཅིག་ལ་མོས་མཐུན་མེད་པ་དང་། ༧སྐྱབས་མགོན་རིན་པོ་ཆེ་གང་ཟག་རང་ལ་གུས་བརྩི་མི་བྱེད་པ་གཉིས་ཉ་ཉོག་མ་བསྲེས་པར་སོ་སོར་ངེས་པར་དུ་འབྱེད་ཤེས་དགོས་ཀྱི་འདུག དེ་མ་བྱས་ན་ངོ་མ་འདི་ལྟར་གནོན་ཤུགས་སྤྲོད་མཁན་རྣམས་རྒྱ་མི་ལས་ཉེན་ཁ་ཆེ་བ་འདུག མོས་མཐུན་མེད་པ་དང་དགག་པ་བྱེད་པ་སོ་སོ་ཡིན་ལ། དགག་པ་བྱེད་པ་དང་དམའ་འབེབས་བྱེད་པ་ནི་དེ་བས་ཐ་དད་ཡིན། ལྟ་བས་མོས་མཐུན་མེད་ཀྱང་སྤྱོད་པས་རྒྱབ་སྐྱོར་བྱེད་པ་ཡང་དམིགས་བསལ་གྱི་གནས་སྟངས་འོག་མི་འགལ།
དབུ་མའི་ལམ་པ་བ་ཡ་རབས་འགའ་ཞིག་གིས་༧སྐྱབས་མགོན་རིན་པོ་ཆེས་ཇི་གསུང་བཀའ་དང་ལེན་བྱེད་པ་ནི་རང་རེའི་སྟོབས་ཤུགས་ཡིན། རྒྱ་ནག་གིས་ཏཱ་ལའི་བླ་མས་བོད་ཀྱི་ཚབ་མཚོན་མི་ཐུབ་ཅེས་ཟེར་བ་ལ་ལན་ཚ་བོ་ཞིག་ཡིན་པར་གསུངས། འདི་ལ་མོས་མཐུན་ལོས་ཡོད། འོན་ཀྱང་༧སྐྱབས་མགོན་རིན་པོ་ཆེས་བཀའ་ཇི་གསུང་ལ་བོད་མི་ཡོངས་རྫོགས་ཤར་སྐྱོད་བྱེད་པ་ཡིན་ཀྱང་། རང་བཙན་གྱི་གནད་དོན་ལ་ཐུག་ན་༧སྐྱབས་མགོན་རིན་པོ་ཆེའི་གསུང་ལ་ཡང་མོས་མཐུན་མི་བྱེད་པའི་བརྡ་འདིས་རང་རེའི་སྟོབས་ཤུགས་དེ་ལས་ཆེ་བ་ཞིག་སྟོན་ཐུབ་པ་མིན་ནམ་སྙམ། དེ་ནི་རྒྱ་ནག་གིས་ཏཱ་ལའི་བླ་མ་མེད་པའི་ཉིན་མོ་ནས་བོད་དོན་མེད་པར་འགྱུར་ངེས་ཀྱི་ལོག་རྩིས་དེ་ལ་ལན་ཚ་བོ་ཞིག་བཏབ་པ་མིན་ནམ་སྙམ།
༧སྐྱབས་མགོན་རིན་པོ་ཆེའི་གསུང་བྱེ་བྲག་ཅིག་ལ་དོགས་སློང་བྱས་པ་དེ་༧སྐྱབས་མགོན་རིན་པོ་ཆེ་ལ་“དམའ་འབེབས་བྱས་པ”རེད་ཅེས་གནད་ཡོད་མི་སྣས་སྤྱི་ཚོགས་ཐོག་བློ་ཡུལ་ན་མེད་པའི་བརྙོན་འཛུགས་སྤྱི་བསྒྲགས་བྱས་ན་དེའི་ཉེར་འབྲས་སུས་ཁུར་ཐུབ། འདི་འདྲ་བའི་ཉ་ཉོག་བསྲེས་ནས་སྤྱི་ཚོགས་ཐོག་གླེང་ཕྱོགས་བཟོ་བ་ནི་རྗེས་ལུས་ཀྱི་རྣམ་པ་ཞིག་ཡིན་པ་དེ་སྔོན་བྱུང་བའི་ཕྱི་ནང་གི་ལོ་རྒྱུས་ཀྱི་དུམ་ཚན་མང་པོའི་ནང་དུ་མཐོང་རྒྱུ་ཡོད།
དཔེར་ནཿ ནུབ་ཕྱོགས་པའི་ལྟ་གྲུབ་སྨྲ་བའི་མྱེས་པོར་གྲགས་པ་སོ་ཁིརིཊ་ལ་ལུགས་མཐུན་པའི་ལམ་དུ་ཞུགས་པ་དང་གཞོན་པ་ལོག་ལམ་དུ་ཁྲིད་པའི་ཉེས་པ་བཀལ་ནས་སྲོག་ཁྲིམས་བཅད། བཀའ་བློན་ལུང་ཤར་ལ་སྐུ་འདུན་ལ་ངོ་ལོག་བྱས་པར་བསྙད་ནས་མིག་རིལ་བཏོན། དགེ་འདུན་ཆོས་འཕེལ་སོ་ཉུལ་གྱི་ཉེས་མིང་བཏག་ནས་ཁྲི་མོན་དུ་བཅུག་ནས་མཐར་སྐུ་སྲོག་ཀྱང་མ་འཚོ་བར་བྱས། འདི་ལ་སོགས་པའི་གནས་ཚུལ་བགྲང་གིས་ལ་ལངས།


2010/09/21

བློ་བརྟན་ཕྱོགས་གཏོགས་ཚར་གཅོད་པའི་ཐོག་ཞགས།

རང་བཙན་རྩོད་པ་གཡོ་རྒྱུར་འཁྲུལ་བའི་ བློ༵་གྲོ༵ས་ར༵བ་བརྟ༵ན།
བློ་གྲོས་རབ་བརྟན་གཞོགས་ནས་འདེགས་པའི་ཀ༵རྨ༵་རྡོ༵་རྗེ༵།
སྙིང་ནད་བཅིང་ས་རང་རིགས་བྱེད་པའི་ཁ༵མས་ཕྲུ༵ག་འཇི༵གས་མེ༵ད།
རྡོ་དང་མཚོན་གྱིས་འཇིགས་སྐུལ་བྱེད་པའི་ཀླད་པ་ན༵ད་པ༵།
རང་བཙན་རྩོད་ཡོང་སེམས་ཁྲལ་ཆེ་བའི་ཨོ༵་རྒྱ༵ན་ར༵ང་ཤ༵ར་།
རང་གི་རིགས་ལ་བརྙེས་དམོད་བྱེད་པའི་བློ་ཆུང་མི༵་ཆུ༵ང་།
གཞི་རྩའི་དྲི་བ་དག་ལ་རྨོངས་བའི་མི་ལུས་གཡ༵ག་ཕྲུ༵ག
རང་བཙོས་པའི་ནས་ཆང་སྔོན་མོ་མངར་ཁ་སྐྱུར་ཁ་གང་ཡང་། །
རང་གིས་མྱོང་དགོས་ཡིན་པས་ཁྱེད་ཅག་རེ་ཞིག་གསན་རོགས། །


དབུ་མའི་ལམ་འདི་བཟང་པར་མ་འཐད་སེམས་ལ་བདེ་བ་མེད་ན་ཡང་། །
འགྲིག་དང་ནོར་གྱི་དབྱེ་མཚམས་མེད་པར་རང་རང་སེམས་ལ་གང་ཤར་ཙམ། །
རང་རང་ལྟ་བའི་གཞི་མར་འོས་པས་རང་རང་ལྟ་བ་གང་བདམས་ལ། །
རང་བཙན་ལྟ་བ་མི་འདུག་ཅེས་ནི་ཁོ་བོས་འཁུན་སྒྲ་བྱེད་དོན་ཅི། །


འོན་ཏེ་གཞན་གྱི་ལྟ་བར་བརྙེས་ཤིང་ཚིག་ངན་མཚོན་གྱིས་བརྒོལ་ཙ་ན། །
ལྷག་པར་རང་བཙན་འདོད་པ་དག་ལ་མི་འོས་གླེང་ཕྱོགས་བཟོས་ཙ་ན། །
གཞེས་བྱེས་མི་བུའི་རེ་བའི་མེ་ཕུང་འཇོམས་པའི་ཆུ་འཁྱགས་བླུགས་ཙ་ན། །
མ་ཤེས་མ་ཐོས་ཟོལ་གྱིས་རེ་ཞིག་ཡལ་བོར་དོར་ལ་བློས་མ་བཟོད། །


རང་གི་གླེང་བའི་ཁ་ཚིག་དག་ལ་འགན་ལེན་མེད་པའི་ཁྲེལ་མེད་ཚོ། །
རང་གི་རིགས་ལ་སྡང་སེམས་ཆེ་བའི་དགྲ་གྲོགས་མ་ཤེས་ཀླད་མེད་ཚོ། །
རང་གི་ལྟ་བ་རིག་པས་མ་ཁྱོགས་གཞན་ལ་རྒོལ་བའི་ཧམ་ཅན་ཚོ། །
རང་རིགས་སྤྱི་ཡི་མ་ཐུབ་དགྲ་བོ་རེངས་བར་གཏོང་བའི་ལས་ཅན་ཚོ། །


ཟོལ་མེད་སེམས་ཀྱིས་མཐོང་ཞིག་བཞག་ནས་ཕན་ཚུན་བསམ་པའི་འཆར་སྒོ་རྣམས། །
གྲོས་གླེང་བྱེད་པར་ལན་མང་བོས་ཀྱང་རྒྱ་མཚོའི་ནང་དུ་རྡོ་གཡུགས་འདྲ། །
ཚད་མེད་དམོད་པའི་རྒོལ་བ་བྱས་ནས་ད་ནི་ཁྱེད་ཅག་གང་དུ་བཞུད། །
རང་གིས་སྨྲས་པའི་ཁ་ཚིག་དག་ལ་འགན་ཞིག་ལེན་ཀྱང་མི་དགོས་སམ། །


ཉིད་ཀྱི་བུ་རབས་ཚ་རྒྱུད་དག་གི་མགོ་བོ་མི་འོག་བཅུག་འདོད་དམ། །
བཅུ་བདུན་བཙན་པོའི་དབང་ཡོད་དེ་ལ་མོས་པའི་ཐམ་ཀ་འབེབས་བསམ་མམ། །
མེས་དབོན་བཙན་པོའི་དབུ་འཕངས་མཐོན་པོ་འབུ་བཟན་གདན་དུ་རྒྱག་ཕོད་དམ། །
མདོར་ན་གངས་ཅན་ལྷ་མི་ཡོད་ཚད་ཙི་ནའི་བྲན་དུ་སྦྱིན་ནུས་སམ། །


ཁྱེད་ཅག་འཇིང་རྩ་སྦོམ་པོར་བསྟན་ནས་བློ་སེམས་གཅིག་གིས་རྒོལ་ཡུལ་དེ། །
གསོད་རྡུང་གཅོག་འཕྲོག་བྱེད་པའི་ལྟེ་བོ་དེ་དག་ཡིན་ན་དགའ་བ་ལ། །
དགྲ་གཉེན་བཏང་སྙོམས་སྒོམ་པར་བཟོད་པའི་དཀྱེལ་ཡངས་བློ་དེའི་སྣང་ཡུལ་ན། །
དབུ་མའི་ལམ་དང་རང་བཙན་ལྟ་བའི་ཁྱད་དེའང་ཡོད་ན་ཆོག་པ་ལ། །


ད་ནི་སྔར་སོང་བཅོས་སུ་མེད་རུང་ཕྱིས་ནས་རང་བཙན་དོན་གཉེར་བར། །
བཟང་རུང་ངན་རུང་རང་རིགས་ཡིན་པས་ཁོག་དཔུང་ལ་རྒྱ་རེ་བཟུང་ནས། །
འགྲིག་རུང་ནོར་རུང་སེམས་ཤུགས་ཡིན་པས་གདུང་སེམས་མཉམ་བསྐྱེད་རེ་གནང་ནས། །
དགྲ་བོའི་མདུན་དུ་གཅིག་རྒྱབ་གཅིག་གིས་བསྲུངས་ནས་བཞུགས་པའི་རེ་བ་ཞུ། །

ཐེག་དཀའ་བའི་ལྗིད།

ཟླ་བ་གཅིག་ལྷག་ཙམ་ཚུན་ཆད་ནས་གློ་བུར་གྱི་རྐྱེན་ཞིག་གིས་དབང་གིས་ཁོ་བོས་བོད་ཀྱི་རྩ་དོན་ལ་རང་འཁྲིའི་འགན་ཞིག་བླངས་ཁུལ་གྱིས་རང་ཚོད་ཀྱི་ཐུབ་ཚོད་ཅིག་བློས་བཏང་ནས་དབུ་མའི་ལམ་གྱི་སྐོར་ལ་རང་ལ་ཡོད་པའི་སེམས་ཁྲལ་རྣམས་སྤྱི་བསྒྲགས་བྱེད་བཞིན་ཡོད། འོན་ཀྱང་རང་རེའི་བསམ་ཡོད་དུ་གྲགས་པའི་གནད་ཡོད་མི་སྣ་རེ་ཟུང་གིས་གཙོས་པའི་མང་ཆེ་བས་དབུ་མའི་ལམ་ལ་དྲི་བ་བྱེད་པ་དང་༧རྒྱལ་བ་རིན་པོ་ཆེ་ལ་དགག་པ་བྱེད་པ་གཉིས་ངོ་བོ་གཅིག་བསྲེས་ནས་མགོ་བོ་གནོན་ཐབས་བྱེད་པ་དང་། ལྷག་པར་དུ་ཟམ་གདོང་རིན་པོ་ཆེས་“་་་རང་བཙན་རྩོད་མཁན་རྣམས་ནི་རྒྱ་མི་ལས་ཉེན་ཁ་ཆེ་བ་ཡིན་་་”་གསུང་པ་སོགས་ཀྱིས་རང་རེའི་སྤྱི་ཚོགས་ཀྱི་གནོན་ཤུགས་འདི་འདྲའི་ནང་དུ་ང་ལྟ་བུའི་བློ་ཆུང་རྣམས་རང་གི་བསམ་འཆར་སྲོང་བོར་བཤད་ན་མགོ་བོ་དགྱེ་དཀའ་མོར་སྣང་། བག་ཡངས་ཀྱིས་འཚོ་མཁན་རྣམས་ནི་མགོ་བདེ་དྲན་འཕྲུལ་སྐབས་འཚོལ་རིང་ལུགས་པ་རྣམས་རེད།

ཉེ་ཆར་བཀའ་ཁྲི་རང་གི་ངག་ནས་རང་རེའི་སྤྱི་ཚོགས་ནང་དུ་དམངས་གཙོའི་གནས་ཚད་མཐོ་བའི་རྩེ་མོར་སླེབས་ཡོད་ཚུལ་རྒྱང་སྒྲོག་བྱས་ན་ཡང་། ཁོང་རང་གིས་གསུངས་ལས་རང་རེའི་དམངས་གཙོའི་གནས་ཚད་ནི་ད་དུང་བྱིས་པ་ལོ་གཉིས་ཅན་ལྟ་བུ་ཞིག་ཏུ་གནས་ཡོད་པར་སྟོན་གྱི་འདུག དམངས་གཙོ་དང་རང་དབང་ཇི་ཙམ་བཤད་རུང་མ་བཤད་རུང་གོང་གི་དབུ་ཁྲིད་ལ་དཀྱེལ་ཡངས་མེད་ན་སྨྲ་བརྗོད་རང་དབང་ལ་དཀའ་ངལ་འདི་འདྲ་འཕྲད་རྒྱུ་ཡིན། ཁྲིམས་དང་སྒྲིག་གཞིའི་ནང་དུ་ཇི་ཙམ་སྙན་པོ་བྲིས་ཡོད་ཀྱང་གཙོ་བོ་དེ་ཉམས་ལེན་བྱེད་པ་པོས་མཉམ་ལེན་མ་བྱས་ན་དེ་ལ་རིན་ཐང་གང་ཡང་ཡོད་པ་མ་རེད། དཔེར་མཚོན་ནི་ཕར་ཕྱོགས་སུ་རྒྱ་ནག་ལ་བལྟོས་དང་གསལ་བོར་ར་འཕྲོད་ཐུབ་པར་འདུག

ཁྲིམས་དང་སྒྲིག་གཞིས་སྨྲ་བརྗོད་རང་དབང་བཀག་ན་དམངས་གཙོའི་སྤྱི་ཚོགས་ཤིག་གི་ནང་དུ་ཐེར་འདོན་བྱེད་པ་ལས་སླ་བོ་ཞིག་ཏུ་གྱུར་ཡོད་ན་ཡང་། སྤྱི་ཚོགས་དུམ་བགོས་བྱས་ནས་སྤྱི་ཚོགས་ཀྱི་གནོན་ཤུགས་སྤུངས་ནས་སྨྲ་བརྗོད་རང་དབང་བཀག་ན་རྙོག་དྲའི་འདུ་འཛིང་ཧ་ཅང་ཆེན་པོ་རེད། ཟམ་གདོང་རིན་པོ་ཆེ་ལྟ་བུ་མཁས་པ་དང་། གནད་ཡོད། གཞུང་གི་གོ་གནས་ཅན། བླ་མ་ཞིག་གིས་བཀའ་མོལ་འདི་འདྲ་གནང་ན་བོད་ཀྱི་སྤྱི་ཚོགས་དུམ་བགོས་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་འགྱུར་། དེའི་ཕྱིར་མཁས་པ་ཞིག་གིས་གང་ཞིག་སྤྱི་ཚོགས་ཐོག་གསུང་འོས་པ་དང་གང་ཞིག་མི་འོས་པའི་དབྱེ་བ་དེ་མཁྱེན་དགོས་ཚོད་ལ་དེ་ལྟར་མ་མཁྱེན་པ་ཁོ་བོར་ཧ་ཅང་ཡ་མཚན་སྐྱེས། ཡང་ན་ཁོང་ལ་ཆབ་སྲིད་ཀྱི་དམིགས་ཡུལ་གཞན་ཡོད་ན་ནི་ཡ་མཚན་དགོས་དོན་གང་ཡང་མི་འདུག མི་ཕལ་བ་ཞིག་གི་སྤྱོད་པར་ཡ་མཚན་བྱེད་ན་རང་ཉིད་ནོར་བ་རེད། ངས་ད་དུང་ཡང་ཁོང་སྐྱེས་བོ་ཕལ་བ་ཞིག་མིན་པའི་ཡིད་ཆས་ཨུ་ཚུགས་ཀྱིས་ཉར་ཡོད།

༧སྐྱབ་མགོན་རིན་པོ་ཆེའི་གསུང་གི་ཆ་ཤས་གཅིག་ལ་མོས་མཐུན་མེད་པ་དང་། ༧སྐྱབས་མགོན་རིན་པོ་ཆེ་གང་ཟག་རང་ལ་གུས་བརྩི་མི་བྱེད་པ་གཉིས་ཉ་ཉོག་མ་བསྲེས་པར་སོ་སོར་ངེས་པར་དུ་འབྱེད་ཤེས་དགོས་ཀྱི་འདུག དེ་མ་བྱས་ན་ངོ་མ་འདི་ལྟར་གནོན་ཤུགས་སྤྲོད་མཁན་རྣམས་རྒྱ་མི་ལས་ཉེན་ཁ་ཆེ་བ་འདུག མོས་མཐུན་མེད་པ་དང་དགག་པ་བྱེད་པ་སོ་སོ་ཡིན་ལ། དགག་པ་བྱེད་པ་དང་དམའ་འབེབས་བྱེད་པ་ནི་དེ་བས་ཐ་དད་ཡིན། ལྟ་བས་མོས་མཐུན་མེད་ཀྱང་སྤྱོད་པས་རྒྱབ་སྐྱོར་བྱེད་པ་ཡང་དམིགས་བསལ་གྱི་གནས་སྟངས་འོག་མི་འགལ།

དབུ་མའི་ལམ་པ་བ་ཡ་རབས་འགའ་ཞིག་གིས་༧སྐྱབས་མགོན་རིན་པོ་ཆེས་ཇི་གསུང་བཀའ་དང་ལེན་བྱེད་པ་ནི་རང་རེའི་སྟོབས་ཤུགས་ཡིན། རྒྱ་ནག་གིས་ཏཱ་ལའི་བླ་མས་བོད་ཀྱི་ཚབ་མཚོན་མི་ཐུབ་ཅེས་ཟེར་བ་ལ་ལན་ཚ་བོ་ཞིག་ཡིན་པར་གསུངས། འདི་ལ་མོས་མཐུན་ལོས་ཡོད། འོན་ཀྱང་༧སྐྱབས་མགོན་རིན་པོ་ཆེས་བཀའ་ཇི་གསུང་ལ་བོད་མི་ཡོངས་རྫོགས་ཤར་སྐྱོད་བྱེད་པ་ཡིན་ཀྱང་། རང་བཙན་གྱི་གནད་དོན་ལ་ཐུག་ན་༧སྐྱབས་མགོན་རིན་པོ་ཆེའི་གསུང་ལ་ཡང་མོས་མཐུན་མི་བྱེད་པའི་བརྡ་འདིས་རང་རེའི་སྟོབས་ཤུགས་དེ་ལས་ཆེ་བ་ཞིག་ཡིན་སྙམ། དེ་ནི་རྒྱ་ནག་གིས་ཏཱ་ལའི་བླ་མ་མེད་པའི་ཉིན་མོ་ནས་བོད་དོན་མེད་པར་འགྱུར་ངེས་ཀྱི་ལོག་རྩིས་དེ་ལ་ལན་ཚ་བོ་ཞིག་མིན་ནམ་སྙམ།

༧སྐྱབས་མགོན་རིན་པོ་ཆེའི་གསུང་བྱེ་བྲག་ཅིག་ལ་དོགས་སློང་བྱས་པ་དེ་༧སྐྱབས་མགོན་རིན་པོ་ཆེ་ལ་“དམའ་འབེབས་བྱས་པ”རེད་ཅེས་གནད་ཡོད་མི་སྣས་སྤྱི་ཚོགས་ཐོག་བློ་ཡུལ་ན་མེད་པའི་བརྙོན་འཛུགས་སྤྱི་བསྒྲགས་བྱས་ན་དེའི་ཉེར་འབྲས་སུས་ཁུར་ཐུབ། འདི་འདྲ་བའི་ཉ་ཉོག་བསྲེས་ནས་སྤྱི་ཚོགས་ཐོག་གླེང་ཕྱོགས་བཟོ་བ་ནི་རྗེས་ལུས་ཀྱི་རྣམ་པ་ཞིག་ཡིན་པ་དེ་སྔོན་བྱུང་བའི་ཕྱི་ནང་གི་ལོ་རྒྱུས་ཀྱི་དུམ་ཚན་མང་པོའི་ནང་དུ་མཐོང་རྒྱུ་ཡོད།

དཔེར་ནཿ ནུབ་ཕྱོགས་པའི་ལྟ་གྲུབ་སྨྲ་བའི་མྱེས་པོར་གྲགས་པ་སོ་ཁིརིཊ་ལ་ལུགས་མཐུན་པའི་ལམ་དུ་ཞུགས་པ་དང་གཞོན་པ་ལོག་ལམ་དུ་ཁྲིད་པའི་ཉེས་པ་བཀལ་ནས་སྲོག་ཁྲིམས་བཅད། བཀའ་བློན་ལུང་ཤར་ལ་སྐུ་འདུན་ལ་ངོ་ལོག་བྱས་པར་བསྙད་ནས་མིག་རིལ་བཏོན། དགེ་འདུན་ཆོས་འཕེལ་སོ་ཉུལ་གྱི་ཉེས་མིང་བཏག་ནས་ཁྲི་མོན་དུ་བཅུག་ནས་མཐར་སྐུ་སྲོག་ཀྱང་མ་འཚོ་བར་བྱས། འདི་ལ་སོགས་པའི་གནས་ཚུལ་བགྲང་གིས་ལ་ལངས།

2010/09/02

དབུ་མའི་ལམ་གྱི་སྐོར་དོགས་སློང་།

མི་སྨྲའི་རྟུལ་ཞུགས་འཛིན་པ་ནི་རང་གི་ཚུགས་ཀ་དང་དམ་མཅའ་འཆོར་བའི་འཇིགས་པ་ལས་ཡོང་གི་ཡོད།
ཉེ་ཆར་དབུ་མའི་ལམ་པ་བ་བློ་གྲོས་རབ་བརྟན་ཞུ་བ་ཞིག་གིས་ཁྲེལ་གཞུང་དང་། འཛེམས་བག འགན་འཁུར་སོགས་ཡོངས་སུ་སྤངས་ནས་རང་བཙན་པ་རྣམས་ལ་དམའ་འབེབས་ཀྱི་ཚུར་རྒོལ་བྱས། དེའི་རྗེས་སུ་འུར་ལང་ནས་དེ་ལ་རྒྱབ་སྐྱོར་བྱེད་མཁན་རེ་ཟུང་ཡང་བྱུང་སྟབས་དེ་མི་འོས་པར་བསམ་ནས་ཁོ་བོས་རང་བཙན་པའི་ཕྱོགས་བཟུང་ནས་དྲི་བ་འགའ་ཞིག་བཏང་ན་ཡང་ད་བར་དུ་ལན་འདེབས་མཁན་ནི་མ་བྱུང་། བློ་གྲོས་རབ་བརྟན་ནི་བཤད་གང་འདོད་ཅིག་བཤད་ནས་རང་ཉིད་ཀྱི་སྐད་ཆ་ལ་ཡང་བདག་པོ་དང་འགན་ཁུར་མེད་པར་གར་སོང་ཆ་མེད་དུ་གྱུར་། ཀརྨ་ཞུ་བ་ཞིག་གིས་མི་ཤེས་མི་ཤེས་ཟེར་ཞོར་ལ་ཟོར་མེད་ཀྱིས་ལན་འགར་གདོང་དུ་འབུད་ཙམ་གནང་ན་ཡང་ཁོང་གིས་ནི་ལན་འདེབས་འདྲ་གནང་གི་མི་འདུག
དེས་ན་ད་ནི་ཕར་རྒོལ་ཞིག་བྱེད་པའི་དུས་ལ་བབས། དེ་ཡང་ཁོ་བོས་ཕར་རྒོལ་ནི་དབུ་མའི་ལམ་པ་བ་རེ་ཟུང་གི་བཞིན་གྲི་དང་མདུང་གི་ཕར་རྒོལ་མིན་པས་ཐུགས་གཡེང་གནང་མི་དགོས། ངས་ཕར་རྒོལ་བྱེད་དགོས་དོན་ནི་ཁོ་བོས་བཏང་བའི་དྲི་བ་དག་གི་ལན་མ་རག་པས་དེ་རགས་ཐབས་ཙམ་ཡིན། ཕར་རྒོལ་འདིའི་རྗེས་སུ་ད་དུང་རྒོལ་ལན་མེད་ན་བློ་གྲོས་སོགས་ཀྱིས་སྤྱི་ཚོགས་ལ་འགན་མ་ཁྱེར་བར་རང་འགར་སྐད་ཆ་བཤད་པ་ཙམ་ལས་རང་སེམས་ལ་ངེས་ཤེས་གཏན་པོ་འདྲོངས་ནས་བཤད་པ་མིན་པའི་ཁོངས་སུ་འཇོག་རྒྱུ་ཡིན།


དང་པོ་དབུ་མའི་ལམ་ལ་དབྱེ་ཞིབ།
སྤྱིར་ན་ང་ལྟ་བུ་ལས་བྲེལ་ཆེ་བའི་མི་ཞིག་གིས་ལས་ཞོར་ཞིག་ལ་དབུ་མའི་ལམ་འདི་ལ་དབྱེ་ཞིག་བྱེད་ཐུབ་པ་ཞིག་མིན་ན་ཡང་དེས་བསྲིངས་བའི་དབུ་མའི་ལམ་པ་འགའ་ཞིག་གིས་སྤྱོད་པ་ལས་འཆར་སྒོ་འགའ་ཞིག་བྱུང་བ་དེ་འདིར་བརྗོད་པར་བྱ།
དབུ་མའི་ལམ་འདི་༧རྒྱལ་བ་རིན་པོ་ཆེའི་དགོངས་བླ་མེད་དེ་རེད་ཅེས་འུར་མང་ཙམ་སྒྲོག་ན་ཡང་དོན་དམ་པར་འདི་ལ་ཡང་བསམ་རྒྱུ་ཞིག་ཡོད། གང་ལྟར་ཀྱང་༧རྒྱལ་བ་རིན་པོ་ཆེ་བརྒྱུད་ནས་ཕེབས་པ་ཡིན་པས་༧ཁོང་གིས་མོས་མཐུན་ཡོད་པའི་དགོངས་པ་མིན་ཟེར་ན་རིགས་པ་དང་མི་མཐུན། དེ་ནི་༧ཁོང་གིས་དེ་ལ་མོས་མཐུན་ཡོངས་སུ་གནང་ཡོད་པས་སོ།
ཐོག་མ་དབུ་མའི་ལམ་འདི་ཕྱི་སྲིད་དང་དམག་དོན་རྒྱ་ལག་ཏུ་སྤྲད་པ་ལས་གཞན་དབང་ཆ་ཡོད་ཚད་རང་ལག་ཏུ་ཡོད་པ་ཞིག་ཡིན་པར་ཁོ་བོས་དྲན་ན་ཡང་ད་སྐབས་ཆོལ་གསུམ་གཞུང་གཅིག་གི་འོག་ལ་སྒྲིལ་ཐབས་ཙམ་ལ་དམིགས་འདུག ད་དུང་མར་བབས་ས་ལ་མཐའ་མེད་པར་སྣང་། ཚད་བཀག་མེད་པར་གར་འཐེན་ཤྭ་བོའི་ལྤགས་པ་འདྲ་བ་འདི་ནི་དབུ་མའི་ལམ་ཞེས་པ་འདིའི་ཁྱད་ཆོས་ངོ་མ་དེ་ཡིན་པ་ལྟར་སྣང་ལ་དེ་ནི་འདིའི་ཞན་ཆ་ཟེར་ན་དེ་ཡིན་པར་སྣང་།
སྤྱིར་དབྱེ་ཞིབ་ཞིག་བྱེད་སྐབས་སྐྱོན་ཡོན་གཉིས་ཀ་གླེང་དགོས་ན་ཡང་། གཤམ་དུ་དོན་ཚན་དང་པོ་དང་གཉིས་པ་ལ་རྒྱུན་ལྡན་གྱི་བཤད་སྟངས་ནང་དུ་མི་གསལ་བའི་ཅུང་མི་འདྲ་བའི་བཤད་ཚུལ་བཤད་པ་ལས་གཞན་འདིའི་ཡོན་ཏན་རྣམས་ཆེད་དུ་འདིར་མི་བརྗོད། རྒྱུ་མཚན་ནི་དེ་བརྗོད་མི་དགོས་ཏེ་བརྗོད་མཁན་ཧ་ཅང་མང་བས་དེ་དག་གིས་འཐུས་པར་བྱེད་རྒྱུ་ཡིན།
གཅིག། ཆབ་སྲིད་འཐབ་ཇུས་ནང་དུ་དགྲ་ཕྱོགས་ལ་གནོད་པ་ཅན། དབུ་མའི་ལམ་འདི་ཆབ་སྲིད་འཐབ་ཇུས་ནང་དུ་དགྲ་ཕྱོགས་ལ་གནོད་པ་ཅན་ཞིག་ཡིན། འདི་ལ་རྒྱ་ནག་གིས་རྒྱལ་སྤྱིའི་ནང་དུ་ལན་དོན་མཐུན་མི་ཐེབས་ཅིང་འདི་རྒྱ་ནག་གི་མདོག་དམར་རྗེན་དུ་མངོན་བྱེད་ཀྱི་འཐབ་ཇུས་ཤིག་ཏུ་གྱུར་ཡོད། ང་ཚོས་དབུ་མའི་ལམ་འདི་གཉིས་སྨན་དབུ་མའི་ལམ་ཞེས་འབོད་ཀྱི་ཡོད་ཀྱང་ངོ་ཐོག་རྒྱ་གཞུང་ལ་འདི་ལས་གནོད་ཅིག་ཡོང་གི་མེད། གང་ལ་ཤེ་ན་ཁོ་ཚོས་ང་ཚོར་དགྲ་བོའི་འདུ་ཤེས་ལས་མེད་པས་ང་ཚོའི་ངོས་ནས་སྨན་མཆོག་ཅིག་སྤྲད་ཡོད་ཀྱང་རྒྱ་གཞུང་གིས་དེ་སྨན་དུ་མི་མཐོང་བས་ཁ་ཏིག་གི་བྲོ་བ་ཁོ་ན་མྱོང་བཞིན་ཡོད། དེའི་ཕྱིར་ཁོ་ཚོས་འདི་ལ་ཇི་ལྟར་རྒོལ་ལན་ཞིག་འདེབས་པ་ལ་བསམ་བློ་གཏོང་བ་ལས་གྲོས་འཆམ་ཇི་ལྟར་ཡོང་མིན་ལ་བསམ་བློ་ཡེ་ནས་མེད།
འཐབ་ཇུས་འདི་ཆབ་སྲིད་མཁས་ཅན་དག་གིས་གྲོས་མགོ་བཏོན་པར་གྲགས་པ་དེ་དག་གིས་ཀྱང་རྒྱ་ནག་འདི་ལྟར་ཅི་བྱ་ལྟོལ་མེད་ཀྱི་གནས་སུ་འཇོག་ཐུབ་པའི་འཐབ་ཇུས་ཤིག་བཟོས་པ་ཡིན་ཤག འོན་ཀྱང་རྒྱ་གཞུང་གིས་དེ་ལ་ཅི་མི་སྙམ་པའི་སྡིག་པ་མིག་བཙུམ་བྱེད་པའི་གྲ་སྒྲིག་ཨང་གསར་འདུག ང་ཚོའི་དམིགས་ཡུལ་གཙོ་བོ་ནི་ངོ་ཐོག་ལག་ཏུ་ཅིག་སོན་རྒྱུ་དེ་ཡིན་པ་ལས་རྒྱ་ནག་ལ་བཟོ་ལྟ་བཟོ་རྒྱུ་དེ་མིན།
གཉིས། ཆེས་ཕུགས་རྒྱང་རིང་པོ་དང་ཆབ་སྲིད་ལས་ཆོས་སྤྱོད་ལ་འཚམས་ཆེ་བ། དབུ་མའི་ལམ་གྱིས་དགྲ་བོ་ལ་གྲོགས་ཀྱིས་འདུ་ཤེས་དངོས་ཡོད་ལྟ་སྟངས་ལག་ལེན་སྟར་གྱི་ཡོད་པས་འབྱུང་འགྱུར་ཧ་ཅང་རིང་བའི་དུས་ཚོད་ཅིག་ལ་དབུ་མའི་ལམ་འདི་ལ་དགྲ་ཕྱོགས་ཀྱིས་ཀྱང་དགའ་བསུང་དང་རྒྱབ་སྐྱོར་བྱེད་འོས་པའི་ས་བོན་ཆེན་པོ་ཡོད། དེ་ནི་ངོ་མ་གཉིས་སྨན་གྱི་ཐབས་ལམ་མཆོག་ཏུ་གྱུར་བ་(དེ་དུས་དུས་ལས་ཡོལ་ཟིན་པ)་ཞིག་ཡིན་པ་ངས་ཀྱང་སྙིང་ནས་འདོད། འོན་ཀྱང་དེ་ནི་ཁ་ཡོད་ལག་ཡོད་ཅེས་པ་དེ་མིན། ནམ་ཞིག་རྒྱ་གཞུང་གིས་དེའི་རིིན་ཐང་རྟོགས་དུས་སྔར་ནས་འཕྱིས་དྲགས་ཡོད་སྲིད། དེ་དུས་རང་བཙན་ལ་སྙེག་མཁན་དག་ཀྱང་དེ་བཞིན་ཇེ་སླར་སོང་ཡོད་ངེས།
གསུམ། ཆབ་སྲིད་ཀྱི་འཐབ་ཇུས་ཡང་དག་ཅིག་ཏུ་འགྱུར་ཆོག་པ། ད་ལྟའི་རང་རེའི་དབུ་མའི་ལམ་འདི་ནི་ངོ་གདོང་འདི་ལས་གཞན་དུ་མེད་པའི་ཆབ་སྲིད་ཀྱི་འཐབ་ཇུས་ངོ་མ་ཞིག་མིན་ན་ཡང་འདི་ལ་དེ་ལྟར་དུ་འགྱུར་བའི་མི་མངོན་པའི་ནུས་པ་བརྟན་པོ་ཡོད།
བཞི། དབྱེ་འཚམས་ཁ་གསལ་ཡེ་ནས་མེད་པ། སྔོན་ལོ་“བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར།”་ཞེས་པའི་ཡི་གེ་དེ་རྒྱ་གཞུང་ལ་མ་ཕུལ་བར་དུ་དབུ་མའི་ལམ་ཟེར་བ་དེའི་མཐའ་ཐིག་གསལ་ལྷང་ངེ་བ་ཞིག་ཧ་ལམ་བོད་མི་དཀྱུས་མ་སུ་གཅིག་གི་བློར་འཆར་ཡོད་ཚོད་མིན། ད་དུང་ཡང་ཁ་གསལ་མེད་པའི་གཞི་མང་། ཁ་གསལ་མེད་པ་འདིས་འགྲེལ་བཤད་གང་དུ་རྒྱབ་རྒྱབ་དང་གནས་བབས་ག་ཚོད་ལ་བབས་བབས་དང་སྤར་སྤར་ལྟ་བུ་ཞིག་ཏུ་མཐོང་གི་འདུག ད་སྐབས་ཞར་ཞོར་གྱི་བཀའ་མོལ་གྱི་ནང་དུ་“ཆོལ་གསུམ་ཡོངས་རྫོགས་སྲིད་འཛིན་གཅིག་གི་ཁྱབ་ཁོངས་སུ་འདུ་བ་དེ་ཆེས་དམའ་མཐའི་མཐའ་མཚམས་དེ་ཡིན།”་ཞེས་(ཐོག་མའི་ས་མཚམས་དེ་ལས་རྒྱང་གྲགས་མང་པོ་མར་བབས་ཟིན)་གསུང་གི་ཡོད་ཀྱང་། ད་དུང་རྒྱ་ནག་གི་གནོན་ཤུགས་དགུ་བརྩེགས་ཀྱི་འོག་ཏུ་ནམ་ཞིག་“མཐའ་མཚམས་ཀྱི་ས་ཁུལ་ག་གེ་མོ་དེ་སྔར་ནས་རྒྱ་འོག་ཏུ་སོང་ཟིན་པས་་་། ཡང་ས་ཁུལ་ཆེ་གོ་མོ་དེ་ན་བོད་རིགས་ཧ་ཅང་གྲངས་ཉུང་བས་་་་བོད་རིགས་སྲིད་འཛིན་འདིའི་ཁྱབ་ཁོངས་སུ་འཇོག་ཐབས་མེད་པ་དངོས་ཡོད་རེད། ཞེས་སམ། ང་ཚོར་དགོས་པ་ནི་རིག་གཞུང་གི་རང་སྐྱོང་དེ་ཡིན་པས་དེ་ཙམ་ལས་མ་བྱུང་རུང་མི་འགྲིག་པ་མི་འདུག་་་”་སོགས་གསུང་ནས་ད་དུང་མར་ནས་མར་ལ་འབབས་ས་ལ་མཐའ་མེད་པ་ལྟ་བུར་སྣང་།
ལྔ། དབུ་མའི་ལམ་གྱིས་བོད་ཀྱིས་མ་འོངས་བའི་གནས་བབས་ལ་འགན་ལེན་མེད་པའི་བློ་འཚབ་བསྐྱེད། དབུ་མའི་ལམ་གྱི་འཐབ་ཇུས་འདིའི་འཇིགས་སྣང་ཆེ་ཤོས་ནི་འདིས་མ་འོངས་པར་འགན་ལེན་ཡོད་པར་མ་མཐོང་བ་དེ་རེད། རྒྱ་ནག་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་ལ་སྡོད་ཀྱི་ཡིན་པ་ནི་ཐོག་མའི་ཁས་ལེན་དེ་རེད། དེས་ན་རྒྱ་ནག་རྒྱལ་ཁབ་ཀྱིས་རྩ་ཁྲིམས་ག་འདྲ་ཞིག་ཡོད་རུང་དེའི་འོག་ཏུ་འགྲོ་རྒྱུ་རེད། རྩ་ཁྲིམས་ནི་རྟག་པ་མིན། དེ་ལ་དུས་ནས་དུས་སུ་ས་བསྐྱར་བཅོས་བྱེད་ཆོག རང་ཅག་གི་ལག་ཏུ་དེ་ལ་བསྐྱར་བཅོས་མི་བྱེད་པའམ་བཅོས་བྱེད་པའི་དབང་ཚད་ཀྱི་ཆ་ཤས་ག་ཚོད་ཅིག་རགས་ཀྱི་རེད། ཧ་ལམ་དབང་ཆ་ཏིལ་འབྲུ་ཙམ་ཡོད་པར་མི་སྣང་། ཡང་གཅིག་བཤད་ན་དབུ་མའི་ལམ་གྱི་ནང་དུ་དེའི་ཟུར་ཙམ་ལས་གླེང་མི་འདུག དཔེར་ནཿ ས་གནས་སྲིད་གཞུང་གིས་བཅའ་ཁྲིམས་ཇི་འདྲ་ཞིག་བཟོས་རུང་མཐའ་མའི་གཏན་འབེབས་ནི་རྩ་ཁྲིམས་(དོན་ཚན་༡༡༦་པའི)་འོག་ནས་བྱེད་དགོས་ཀྱི་ཡོད་འདུག དཔེར་ན་“ས་གནས་སྲིད་གཞུང་གི་དབང་འཛིན་པ་མཐོ་ཤོས་རྣམས་ངེས་པར་བོད་རིགས་ཡིན་དགོས”་ཞེས་པའི་ཁྲིམས་གཞི་གཏན་འབེབས་བྱས་པར་ཆ་བཞག དེའི་སྐབས་སུ་དབུས་གཞུང་གིས་ས་གནས་མི་རིགས་རིང་ལུགས་འགོག་ཆེད་དུ་“ས་གནས་གང་གི་ཡང་མཐའ་མའི་དབང་ཚད་ནི་དབུས་གཞུང་བཏང་བའི་མི་སྣ་ལ་ཡོད་དགོས།”་ཞེས་པ་ལྟ་བུ་ཞིག་རྩ་ཁྲིམས་ལ་བཀོད་ན་དེ་དེ་ལྟར་མི་འགོད་པ་དང་དེ་ལ་འགྱུར་གཏོང་བའི་དབང་ཚད་ཇི་ཙམ་རང་རེར་རགས་སྲིད།
དྲུག ས་གནས་མི་རིགས་རིང་ལུགས་མི་རྩོད་པ་དང་རིག་གཞུང་སྲུང་སྐྱོབ་རྩོད་པའི་འགལ་འདུ། སྤྱིར་ན་“མི་རིགས་ས་གནས་རང་ལུགས”་དང་ “ས་གནས་མི་རིགས་རིང་ལུགས”་གཉིས་ནི་ཚིག་གོང་འོག་བརྗེས་པ་ཙམ་ཞིག་ཏུ་སྣང་ན་ཡང་། དབུ་མའི་ལམ་པ་བས་གཅིག་ཤོས་འདོར་བྱ་དང་གཅིག་ཤོས་བླང་བྱ་ཡིན། མདོར་བསྡུས་ན་འདི་གཉིས་ནི་ཕྱོགས་ལྷུང་ཆེ་ཆུང་ཙམ་གྱི་ཁྱད་པར་ཡིན་པར་སྣང་། གང་ལྟར་དབུ་མའི་ལམ་གྱིས་“ས་གནས་མི་རིགས་རིང་ལུགས”་མི་བྱེད་པ་ཡང་རྩ་བའི་དམ་བཅའ་གཅིག་རེད། “ས་གནས་མི་རིགས་རིང་ལུགས”་མི་རྩོད་ཅིང་”མི་རིགས་གནས་རིང་ལུགས་རྩོད”་ཟེར་གྱི་འདུག ས་མཚམས་དེ་ཇི་འདྲའི་ཕྲ་བ་ལ། ཡང་ན་ས་མཚམས་ཤིག་ཡེ་ནས་ཡོད་དམ། འདི་རིག་གཞུང་སྲུང་སྐྱོབ་བྱེད་ཆེད་ཡིན་ཟེར་ཀྱང་། རིག་གཞུང་ཟེར་བ་ནི་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་ལ་ཟེར་བ་མ་ཡིན་ནམ། ས་གནས་མི་རིགས་རིང་ལུགས་མི་དགོས་ན་ས་གནས་མི་རིགས་ཀྱི་རིག་གཞུང་སྲུང་སྐྱོབ་ཅིའི་ཕྱིར་བྱེད།
བདུན། བལྟ་བ་ཉི་ཚེ་བ། དབུ་མའི་ལམ་དོན་གཉེར་བ་དག་གིས་“བོད་མི་རིགས་འདི་གནས་རུང་མ་གནས་རུང་གཙོ་བོ་དེའི་རིག་གཞུང་དེ་ངེས་པར་གནས་དགོས། དེ་བརླག་མི་ཉན”་ཟེར་། འདི་ནི་ཧ་ཅང་ལྟ་ཚུལ་ཉི་ཚེ་བ་ཞིག་རེད། བལྟ་ཚུལ་འདི་འདྲ་ལ་བོད་མི་བརྒྱ་ཆའི་མང་ཕྱོགས་དང་ལྷག་པར་དུ་བོད་མི་ཤེས་ཡོན་པས་མོས་མཐུན་བྱེད་དམ། བཙན་བྱོལ་གཞུང་འདི་བོད་རིགས་སྤྱིའི་ཚབ་མཚོན་པའི་གཞུང་དེ་ཡིན་ནམ་མིན། དེ་ཡིན་ན་བོད་མི་མང་ཕྱོགས་ཀྱིས་མོས་མཐུན་མེད་པའི་སྲིད་ཇུས་ཤིག་བཟུང་ན་ཁྲིམས་དང་རིགས་པ་ལ་མཐུན་ནམ། བཙན་བྱོལ་བོད་གཞུང་འདི་བཙན་བྱོལ་བོད་མིའི་གཞུང་ཡིན་ནམ་འཛམ་གླིང་བོད་མིའི་གཞུང་ཡིན། བཙན་བྱོལ་བོད་མའི་གཞུང་ཡིན་ན་དེའི་སྲིད་ཇུས་ཀྱང་བཙན་བྱོལ་བ་མང་ཕྱོགས་ཀྱིས་མངོན་འདོད་ཅིག་ལ་གཞི་བཅོལ་ན་འགྲིག་པ་རེད། བོད་མི་ཉི་ཚེ་བའི་ལྟ་བ་ཞིག་བཙན་བྱོལ་བོད་གཞུང་གི་ལྟ་བར་འཇོག་པ་འདི་ཧ་ཅང་ཡ་མཚན་རེད། མི་འོས་པ་ཞིག་རེད། བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་ནི་གཞིས་ལུས་མི་མང་གི་མངོན་འདོད་དེ་ཡིན་དགོས། དེ་མིན་བཙན་བྱོལ་ན་ཡོད་པའི་བོད་མི་ཉི་ཚེ་བའི་ལྟ་བ་དང་ལངས་ཕྱོགས་དེ་གཅིག་བུ་བཟུང་ན་བོད་བཙན་བྱོལ་གཞུང་མིན་པར་བོད་མི་བཙན་བྱོལ་བའི་གཞུང་དུ་འགྱུར་།
བརྒྱད། ཉིན་རེ་འཚོ་བའི་གནད་དོན་གལ་ཆེན་དུ་མི་བལྟ་བ། གནད་དོན་ཧ་ཅང་ཧ་ཅང་གལ་ཆེན་(གཞན་གྱིས་གལ་ཆེན་དུ་མི་མཐོང་བ)་གཞན་ནི་འབྱུང་འགྱུར་རྒྱ་མི་དང་ལྷན་དུ་མང་ཚོགས་དཀྱུས་མ་ཇི་ལྟར་འཚོ་བ་སྐྱེལ་རྒྱུ་དེ་རེད། རྒྱ་བོད་གཉིས་ཀ་སྐྱེ་བོ་ཕལ་ཡིན་པ་ལས་དབུ་མའི་ལམ་བརྩོན་པའི་འཕགས་པའི་གང་ཟག་མིན་པས་རང་གཞན་གྱི་འདུ་ཤེས་དོར་ནས་(གཅིག་འོག་གཅིག་གནས་བྱས་ནས)་སྡོད་རྒྱུ་ཧ་ཅང་ཧ་ཅང་དཀའ་། འདི་ཚིག་འགའ་ཞིག་གིས་འདིར་བཤད་དགོས་ཀྱང་བཤད་མི་ཚར་བ་དང་མི་ཐུབ་པ་ཞིག་ཡིན། འོན་ཀྱང་དེའི་དབང་གིས་སྣང་ཆུང་དུ་གཏོང་འོས་པ་ཞིག་ཡེ་ནས་མིན། ངའི་བསམ་ཚུལ་བྱས་ན་དབུ་མའི་ལམ་པ་དག་གིས་འདི་ལ་སྣང་ཆུང་བྱས་ཡོད།
འདི་བཤད་འོས་པ་མིན་སྲིད་མོད་༢༠༠༨་ལོར་བོད་ཡུལ་ཀུན་ལ་འོས་ལངས་བྱས་པ་འདི་བོད་མིའི་ཆབ་སྲིད་ཀྱི་བལྟ་བ་སྨིན་ནས་སྒེར་ལངས་བྱས་པ་ཞིག་མིན། ད་བར་དུ་དེ་འདྲ་བྱུང་མྱོང་མེད་ལ་ད་དུང་ཡང་ཕར་ཙམ་མི་འབྱུང་བར་སྙམ། འོ་ན་གང་ཡིན་ཟེར་ན་ད་ལྟ་བཤད་པ་དེ་ཡིན། དེ་ཡང་རྒྱ་བོད་མཉམ་དུ་(གཅིག་འོག་གཅིག)་བསྡད་པའི་ཉམས་མྱོང་ལས་བྱུང་བའི་སེམས་ཀྱི་ན་ཚ་མ་བཟོད་པར་གཅིག་མཇུག་གཉིས་མཐུད་ཀྱིས་ལངས་པ་ཞིག་ཡིན། གཅིག་ནི་དཔོན་པོའི་ཕྱོགས་ཡིན་ཞིང་གཞན་ནི་ཁོལ་བོའི་ཕྱོགས་ཡིན། གཅིག་གིས་གཞན་ལ་མཐོང་ཆུང་དང་ཁྱད་གསོད་བྱས་བྱས་ཀྱིས། གཅིག་གིས་གཞན་ལ་དབང་ཡོད་དང་ཐུབ་ཚོད་བཤད་བཤད་ཀྱིས། གཅིག་གིས་གཞན་ལ་སླུ་བྲིད་དང་མགོ་སྐོར་བཏང་བཏང་གིས། གཅིག་གིས་གཞན་ལས་ཁེ་བླངས་བླངས་ཀྱིས་གཞན་གྱིས་དེ་ལ་སྡུག་མ་ཁྱོགས་པར་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ལངས་པ་ཞིག་ཡིན་པ་ལས། ཏཱ་ལའི་ཕྱོགས་གཏོགས་ཀྱིས་འཆར་གཞི་བཏིང་ནས་བཟོས་པ་མིན་ལ། བོད་མི་རིགས་གཉིད་ལས་སད་ནས་འོས་ལངས་དེ་གཞི་རྒྱ་ཆེ་བའི་སྒོ་ནས་གོ་སྒྲིག་བྱས་པ་ཞིག་མིན་པའི་ངོས་འཛིན་བྱེད་ཀྱི་ཡོད། འདི་ནི་རྒྱ་བོད་སྐྱེ་བོ་ཕལ་བ་རིགས་གཉིས་མཉམ་གཅིག་དུ་གནས་ཐབས་མེད་པའི་རྟགས་མཚན་དུ་བསམ་གྱི་ཡོད། ངའི་ལྟ་ཚུལ་དེ་ནོར་ཡོད་སྲིད་ཀྱང་ཚོར་བ་དེ་འདྲ་ཞིག་འདུག་པ་དྲང་མོར་བཤད་པ་ཡིན།
དགུ། སྐབས་འཚོལ་བར་གོ་སྐབས་ཆེ་བ། དབུ་མའི་ལམ་འདི་ཕྱི་ནང་གཉིས་ཀྱི་མི་རྣམས་ལ་གོ་སྐབས་འདྲ་མིན་སྤྲོད་པའི་ཆ་རྐྱེན་ཅན་ཞིག་ཡིན།
a. རང་རེའི་སྲིད་དོན་པ་དག་ལ་འཁྲབ་བྱའི་ལེའུ་ཞིག་རག་པ། སྲིད་དོན་པ་མང་པོ་ཞིག་གིས་དབུ་མའི་ལམ་འདི་༧གོང་ས་མཆོག་བརྒྱུད་ནས་བྱུང་བ་ཡིན་པས་ན་བོད་ཀྱི་སྤྱི་ཚོགས་ན་འདི་བྲིན་རྒྱུགས་ཧ་ཅང་ཆེན་པོ་ཡིན་པར་སྔར་ནས་ཤེས་ཟིན་ཡོད་ལ། དེ་བེད་སྤྱད་ནས་རང་གི་མིང་དང་མཐའ་ན་མདུན་ལམ་བཟོ་བར་ཧུན་བརྩོན་གྱིས་རྒྱུགས་བཞིན་པ་ཡང་ཡོད་པར་སྣང་།
b. ཕྱི་རྒྱལ་སྐབས་འཚོལ་བས་འདི་ལས་རང་དོན་སྒྲུབ་ཐུབ་པ། ད་སྐབས་འཛམ་གླིང་གི་རྒྱལ་ཁབ་ཅིག་ལ་མཚོན་ན་རྒྱ་ནག་གི་ངོ་སྲུང་རྒྱུ་ནི་ཕྱི་འབྲེལ་ཐབས་ཇུས་ཨང་དང་པོ་དེ་ཡིན་ཞིང་། དེ་དང་ལྷན་དུ་རྒྱ་ནག་ལ་གནོན་ཤུགས་སྤྲོད་པ་དེ་ཡང་དེ་ལྟར་གྱི་དོན་ཆེན་ཞིག་ཏུ་གྱུར་ཡོད། དབུ་མའི་ལམ་འདི་བྱུང་བ་ནས་བཟུང་ད་ནི་ཨ་ཕོ་འབྲུག་རྒྱལ་ཁབ་ཀྱིས་ཀྱང་”ཏཱ་ལའི་བླ་མ་དང་ལྷན་དུ་གྲོས་མོལ་བྱེད་དགོས”་ཞེས་པ་ཞིག་བརྗོད་སྤོབས་པར་གྱུར་། དེས་གོ་ཉིས་ཆོད་ཅིག་བྱུང་ཡོད་དེ། ཁོ་བོ་ཅག་གིས་བོད་དོན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་མདོག་གཅིག་དང་། རྒྱ་ཕྱོགས་སུ་རང་བཙན་ལ་དགག་པ་རྒྱག་གི་ཡོད་མདོག་གི་ངོ་སྲུང་དེ་ཡང་བྱེད་ཐུབ་པ་རེད། དེ་ནི་དོན་དམ་པའི་རྒྱབ་སྐྱོར་དེ་མིན། དོན་དམ་པའི་རྒྱབ་སྐྱོར་དེ་གང་ཞེ་ན་གཤམ་དུ་གསལ།
བཅུ། བོད་དོན་རྒྱབ་སྐྱོར་རིན་ཆུང་དུ་བཏང་བ། དབུ་མིའི་ལམ་འདིས་བོད་དོན་ལ་དོན་དམ་པའི་རྒྱབ་སྐྱོར་བྱེད་ཡུལ་མེད་པར་བཟོས་ཡོད། ད་ལྟ་ང་ཚོས་དབུ་མའི་ལམ་གྱི་བཀའ་དྲིན་ལས་འཛམ་གླིང་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་མང་དུ་སོང་ཡོད་ཅེས་འཕག་ཚགས་མང་ཙམ་བྱེད། ངས་བལྟས་ན་འདི་ལ་དེ་ཙམ་དགའ་དགོས་དོན་ཞིག་ཀྱང་མེད། དེ་ནི་དོན་དམ་པའི་རྒྱབ་སྐྱོར་དེ་མིན། འཛམ་གླིང་གི་རྒྱལ་ཁབ་ག་འདྲ་ཞིག་ཡིན་རུང་རང་རྒྱལ་གཞན་ཕམ་ལ་མི་རེ་མཁན་ཞིག་ཡོད་མི་སྲིད། ཕྱི་འབྲེལ་གྱི་ལས་དོན་ག་འདྲ་ཞིག་བྱས་ཀྱང་དེ་དང་ཐད་ཀར་འབྲེལ་བ་ཡོད། བོད་དོན་ལ་རྒྱབ་སྐྱོར་བྱེད་པ་ཡང་དེ་དང་འབྲེལ་བ་ཡོད།
དོན་དམ་པའི་རྒྱབ་སྐྱོར་ནི་ཡང་བཤད་འོས་པ་ཞིག་མིན་མོད། མདོར་ན་རྒྱལ་ཁབ་རང་ལ་ཁ་ཐད་མེད་པ་བཟོ་ཐབས་སུ་གྱུར་བའི་བོད་ལ་རོགས་རམ་གྱི་བྱ་བ་གང་བྱེད་ན་དེ་ནི་དོན་དམ་པའི་རྒྱབ་སྐྱོར་རེད། ང་ཚོས་དེའི་གོ་སྐབས་སྐྲུན་དགོས་པ་ལས་བཤིག་མི་ཉན། རྒྱལ་ཁབ་སུ་ཡིན་རུང་རང་ཉིད་ལ་དོ་ཟླ་བྱེད་མཁན་དེ་མེད་པ་བཟོ་རྒྱུ་(འམ་མཐའ་ན་ཤུགས་གཅོག་རྒྱུ་ཙམ)་ལ་རྒྱབ་སྐྱོར་མི་བྱེད་མཁན་ཡོད་མི་སྲིད། ཤེས་དགོས་པ་ཞིག་ལ་རྒྱབ་སྐྱོར་དེ་འདྲ་ནི་མིག་མདུན་་གྱི་རྒྱབ་སྐྱོར་མིན། བརྒྱུད་ཀྱི་དང་ལྐོག་གི་རྒྱབ་སྐྱོར་ཡིན། ང་ཚོར་དགོས་པའི་རྒྱབ་སྐྱོར་ནི་འདི་འདྲ་ཡིན། འདི་ལ་དོན་དམ་པའི་རྒྱབ་སྐྱོར་ཟེར་གྱི་ཡོད། འོན་ཀྱང་དབུ་མའི་ལམ་གྱིས་རྒྱབ་སྐྱོར་འདི་འདྲ་ཧ་ལམ་ཡོང་ས་མེད་པར་བཟོས་ཡོད། དེས་ན་དབུ་མའི་ལམ་འདི་ནི་རང་ཁ་རང་གིས་སྡོམ་བྱེད་ལྟ་བུ་ཞིག་ཏུ་ཡང་སྣང་།
ད་ལྟ་ང་ཚོ་འདི་ལྟར་འཚོ་ཞིང་འདི་ལྟར་གནས་པ་འདི་ཕྱིའི་རྒྱལ་ཁབ་ཀྱི་རོགས་རམ་ལ་བརྟེན་ནས་བྱུང་བ་ཡིན་ཞིང་། ཧ་གོ་ན་དེ་ནི་རྒྱ་ནག་ལ་བརྒྱུད་ནས་གནོད་པ་ཞིག་ཐངས་ཆེད་དུ་ཡིན་པ་ལས་རང་ཅག་ལ་དགའ་དྲགས་པ་དང་། རང་ཅག་ལས་ཁེ་བཟང་ཞིག་རགས་རེས་བྱས་པར་སྙམ་ན་ནོར་འཁྲུལ་རེད། རྒྱ་གར་གཞུང་གིས་ང་ཚོ་ལ་འདི་ལྟར་ལུགས་སྲོལ་མེད་པར་ལུགས་སྲོལ་བཟོས་ནས་སྡོད་བཅུག་པ་ཡང་རྒྱ་ནག་ལ་བརྒྱུད་ནས་གནོད་པ་རེ་ཐངས་ཆེད་དུ་ཡིན་པ་ཤེས་དགོས། དེ་མིན་ངོ་མ་འཛམ་གླིང་གི་རྒྱལ་ཁབ་ཚང་མའི་གཞུང་གིས་(ད་ལྟ་འགའ་ཞིག་གི་སེམས་ན་ཡོད་པ་ལྟར)་ངོ་མ་གཅིག་གི་བདེ་སྐྱིད་ལ་གཅིག་གིས་ཐུགས་ཁུལ་བྱེད་ན་རྒྱ་ནག་ལ་གཞུང་ལ་གནོད་མཁན་གྱི་འབུ་ཕྲ་མོ་ང་ཚོ་ལྟ་བུ་ནི་སྔར་ནས་རྨེག་མེད་དུ་གཏོང་ཆོག་ཆོག་རེད།
ཁྱོད་ཀྱི་དགྲ་བོ་མེད་པར་གཏོང་བ་དེ་ཁྱོད་ཀྱི་རོགས་པ་ངོ་མ་དེ་ཡིན་པ་ལས་ཁྱོད་ཀྱི་གདོང་ལ་བལྟས་ནས་ཁྱོད་ཀྱི་དགྲ་བོའི་ཕྱོགས་སུ་མིག་བཙུམ་བྱེད་པ་དེ་ཁྱོད་ཀྱི་བསླུ་བྲིད་ཡིན་པ་ལས་རྒྱབ་སྐྱོར་མིན། ཁྱོད་ཀྱི་དགྲ་བོ་མེད་པར་གཏོང་བ་(འམ་དེའི་ཤུགས་གཅོག་པ)་དེས་ཁོ་ཅག་ལ་ཕན་གྱི་ཡོད་ན་དེ་ལ་རོགས་པ་མི་བྱེད་པ་སྲིད་དམ། དེའི་ཕྱིར་རང་བཙན་གྱི་ལྟ་བ་བཟུང་ན་འཛམ་གླིང་གི་རྒྱབ་སྐྱོར་མི་རགས་ཞེས་པ་ནི་རྦད་དེ་ནོར་བའི་བསམ་ཚུལ་ཞིག་ཡིན། རྒྱབ་སྐྱོར་ཡིན་ན་མིག་མདུན་གྱི་རྒྱབ་སྐྱོར་ཡིན་མི་དགོས་སོ།
བཅུ་གཅིག བལྟ་ཚུལ་དང་ལག་ལེན་གྱི་བར་མགོ་བོ་རྨོངས་སུ་བཅུག་པ། མི་རྣམས་ཀྱིས་གལ་སྲིད་ཁྱོད་ཀྱིས་རང་བཙན་གྱི་ལྟ་བ་ལ་རྒྱབ་སྐྱོར་བྱེད་ན་ཁྱོད་ཀྱིས་དེའི་ཆེད་དུ་བྱ་བ་གང་བྱེད་ཀྱི་ཡོད་ཅེས་དྲི་བ་འདི་འདྲ་ཡང་ཡང་འདྲི། སྤྱིར་ན་འདི་ངོ་བོའི་ཐོག་ནས་དབུ་མའི་ལམ་རང་གི་སྐྱོན་ཞིག་མ་ཡིན་ན་ཡང་དེས་བསྐྱེད་པའི་དབུ་མའི་ལམ་པ་བ་མང་དག་གི་སེམས་སུ་སྦུག་ཏུ་རང་བཙན་གྱི་ལྟ་ཚུལ་བཟུང་ན་དམིགས་བསལ་གྱིས་ཧུར་བོ་ཞིག་དགོས་པའི་འཆར་སྣང་ཞིག་སྤྲད་ཡོད་པས་ཡིན། དེའི་ཕྱིར་གལ་སྲིད་མི་ཞིག་གིས་རང་གིས་རང་བཙན་ལ་རྒྱབ་སྐྱོར་བྱེད་ན་ལས་འགུལ་རྔོ་ཐོག་པའི་ནང་དུ་འཛུལ་ཞུགས་བྱེད་ཐུབ་པ་མི་འདུག དེས་ན་དབུ་མའི་ལམ་ལ་རྒྱབ་སྐྱོར་མ་བྱེད་ན་ངོ་ཚ་བའི་རྒྱུ་ལས་མི་འདུག་སྙམ་གྱི་ཡོད།
བཅུ་གཉིས། ཆབ་སྲིད་འཐབ་ཇུས་ཡང་དག་མིན་པ། ཆབ་སྲིད་འཐབ་ཇུས་ཡང་དག་ཅིག་ཡིན་ན་འཆར་གཞི་དང་པོའི་རྗེས་སུ་འཆར་གཞི་ཁ་པ་ཞིག་ངེས་པར་དུ་ཡོད་དགོས་མོད་རང་རེར་དེ་ལྟར་མེད། ཆབ་སྲིད་འཐབ་ཇུས་ཟེར་བ་ནི་རང་འགྲིག་པའི་ཕྱོགས་སུ་འཇོག་ཐུབ་པ་དང་གཞན་ནོར་བའི་ཕྱོགས་སུ་འཕེན་ཐབས་ཀྱི་སྒྱུ་རྩལ་ཞིག་རེད། ཆབ་སྲིད་ཀྱི་འཐབ་ཇུས་ཤིག་གི་ནང་དུ་སྤྱིར་བཏང་ཡིན་ན་གནས་སྟངས་གཉིས་ཡོད།
གནས་སྟངས་དང་པོ་ནི་ཕ་རོལ་བོས་ཚུར་བཅར་མི་ཐུབ་པའི་གནས་སྟངས་ཤིག་རང་གིས་བསྐྲུན་ནས་དེ་ལ་(ཁ་ཞེ་མི་མཚུངས་བའི)་“འདི་རུ་ཤོག”་ཞེས་པ་ལྟ་བུའི་འཐབ་ཇུས་ཞིག་འདིང་། གལ་སྲིད་ཕ་རོལ་བོ་ཚུར་འོང་མ་ཐུབ་ན་རང་ངོས་ནས་བོས་ཀྱང་ཕ་རོལ་བོ་ཚུར་མ་ཡོང་བ་ཡིན་པས་ཆབ་སྲིད་འཐབ་ཇུས་དེའི་ནང་དུ་རང་ཉིད་རྒྱལ་བ་ཡིན་ཏེ། གང་ལགས་ཤེ་ན་ཕ་རོལ་བོ་ནོར་བའི་ཕྱོགས་སུ་འཕེན་ཐུབ་སོང་བ་རེད། ཅི་སྟེ་ཕ་རོལ་བོས་ཀྱང་རང་ངོས་ནས་འཆར་གཞི་གཞན་ཞིག་བཏིང་ནས་ཁེ་བཟང་ལེན་པར་གོ་སྐབས་རྙེད་ནས་ཚུར་ཡོང་གི་འདུག་ན་མགོ་ལ་བཀལ་སྡོད་རྒྱུ་མིན་པར་སྔར་ནས་བཏིང་ཟིན་པའི་འཆར་གཞི་ཁ་པ་དེ་བཀོལ་དགོས། དེ་ཡང་དཔེར་ན་ཕ་རོལ་བོ་ཚུར་འོང་བ་དེ་ཁ་ཁོག་མི་མཚུངས་ཚུལ་ལམ་དེ་ལ་སྐྱོན་གཞན་ཞིག་ཡོད་ཚུལ་བརྗོད་པ་སོགས་ཁག་གཞན་དང་གཞན་དུ་གཡར་ནས་ཕར་བཀྱེད་དགོས། དེ་ལྟར་བཀྱེད་མ་ཐུབ་ན་རང་གི་འཐབ་ཇུས་དེ་ལམ་དུ་མ་སོང་བ་ཡིན་ལ་དེ་ནི་རང་གི་ཕམ་ཁ་ཡང་ཡིན།
གནས་སྟངས་གཉིས་པ་ནི་གལ་སྲིད་རང་གིས་འཐབ་ཇུས་དེ་འདྲ་ཞིག་བཏོན་ནས་ཕ་རོལ་བོས་དེ་ལས་ཁེ་བཟང་ལེན་རྒྱུའི་གོ་སྐབས་ཤིག་མ་རྙེད་པ་དང་། ཡང་བརྡ་ལན་མ་བྱས་ན་ཁོ་རང་ནོར་པའི་ཕྱོགས་སུ་འཕངས་ཡོང་གི་ཡོད་པ་དང་ཁོ་རང་ལ་གྱོང་རགས་པའི་གནས་ཚུལ་བསྐྲུན་ཡོང་གི་ཡོད་པ་ཤེས་ན་འཐབ་ཇུས་དེ་ལས་གཡོལ་མཁས་པས་གཡོལ་གྱི་རེད། གཡོལ་ཚུལ་ནི་འཐབ་ཇུས་དེ་ཁ་ཞེ་གཉིས་མེད་མིན་ཚུལ་དང་སླུ་བྲིད་ཡིན་ཚུལ་བརྗོད་པ་སོགས་ཁ་གཡར་སྣ་ཚོགས་ཀྱིས་གཡོལ་ཐབས་བྱེད་དགོས། ད་ལྟ་རྒྱ་གཞུང་ནི་གནས་སྟངས་ཕྱི་མ་དེའི་ནང་དུ་ཡོད་པས་ཁོ་ཅག་གིས་དབུ་མའི་ལམ་འདི་ཁ་ཞེ་གཉིས་མེད་མ་ཡིན་ཚུལ་ཏེ། འདིའི་ནང་དུ་ཕྱེད་རང་བཙན་དང་རྣམ་པ་འགྱུར་བའི་རང་བཙན་སོགས་སྦས་ཡོད་པར་ཁ་གཡར་ས་མ་རགས་དཀའ་ངལ་འཕྲད་བཞིན་ཡོད།
དཀོན་མཆོག་གི་ཐུགས་རྗེས་རྒྱ་གཞུང་གིས་འདིས་ཁོ་ཅག་ལ་ཁེ་ཕན་གང་ད་ལྟ་མི་མཐོང་བས་སམ་ཡང་ན་འདི་ལ་ཁ་ཁོག་གཉིས་མེད་ཡིན་པ་མི་མཐོང་བས་འདིའི་གྲུབ་འབྲས་ཧ་ལམ་མི་འབྱུང་། གལ་སྲིད་བྱུང་ན་དེ་ང་ཚོའི་རྒྱལ་ཁ་མིན་པར་ཕམ་ཁ་ཆེན་པོ་ཞིག་ཡིན། གང་ལགས་ཤེ་ན་ང་ཚོར་འཆར་གཞི་ཁ་པ་དེ་མེད་པས་མགོ་ལ་འགེལ་རྒྱུ་རང་ཡིན་པས་སོ། ཆབ་སྲིད་འཐབ་རྩོད་ཀྱི་ནང་དུ་འཐབ་ཇུས་ག་འདྲ་ཞིག་ཡིན་ཀྱང་ཁ་ཁོག་མི་མཚུངས་བ་ཞིག་ཡིན་དགོས་མོད་རང་རེའི་འདི་ཁ་ཞེ་གཉིས་མེད་ཡིན་པས་གལ་སྲིད་རྒྱ་གཞུང་གིས་ཡ་ད་ངོ་མ་ང་ཚོས་གྲོས་མོལ་བྱེད་དོ་ཞེས་བརྗོད་ན་ང་ཚོ་ལ་གྲོས་མགོ་ནས་ཕྱིར་བཀྱེད་བྱེད་པའི་འཆར་གཞི་ཁ་པ་དེ་མེད་པས་ང་ཚོས་སྔར་ནས་བློས་བཏང་ཟིན་པ་དེ་ཕར་ཤོར་བ་གཞིར་བཅས་ཕར་སྤྲོད་ཚུར་གྱི་ལས་རིམ་དེ་གཞི་ནས་ཚུགས་པ་རེད། ད་དགོངས་པ་བཞེས་དང་ད་དུང་ག་ཚོད་ཕར་སྤྲད་ན་ཤུལ་དུ་ང་ཚོ་ལ་ག་ཚོད་ལྷག་རྒྱུ་རེད།
སྔོན་མ་ཞིག་ལ་ཕྱི་རྒྱལ་བློ་འདྲི་ཡུལ་དེ་ཚོས་འདི་གྲ་སྒྲིག་བྱེད་སྐབས་ཤིག་ལ་ད་ཁྱེད་ཚོའི་མཐའ་མའི་འབབས་ས་དེ་གང་ཡིན་ཞེས་དྲིས་པ་ན། ང་ཚོའི་མཐའ་མའི་འབབས་ས་ཡང་འདི་རང་ཡིན་་་་་ང་ཚོ་ལ་ཁ་ཁོག་མི་མཚུངས་བ་ཞིག་ཡེ་ནས་མེད། བརྗོད་སྐབས་ཕྱི་རྒྱལ་བ་དེ་ཧང་སང་ནས་དེས་ན་འདི་འཐབ་ཇུས་ཤིག་མ་རེད་ཅེས་བཤད་པའི་ལོ་རྒྱུས་ཤིག་གོ་མྱོང་།
བཅུ་གསུམ། འཁྲུལ་སྣང་གི་གཡབ་མོ། དབུ་མའི་ལམ་འདི་རྒྱ་ནག་གིས་བཟོས་པའི་ཤེལ་སྒྲོམ་ནང་གི་མོག་མོག་དེ་རང་ཅག་གི་ཁ་ལ་ད་བར་དུ་མ་རགས་ཤེས་བཞིན་དུ་ཤེལ་སྒྲོམ་གཞན་ཞིག་གི་ནང་གི་མོག་མོག་དེ་རགས་པའི་རེ་བྱེད་པ་དང་ཡོངས་སུ་འདྲ། རྒྱའི་དཔོན་རིགས་དག་གི་ངོར་རྩ་ཁྲིམས་ནི་ཤོག་དཀར་ཐོག་གི་རི་མོ་ནག་པོ་ཞིག་ལས་མི་བརྩི་བ་ང་ཚོས་ཤེས་བཞིན་རེད། དེས་ན་ནམ་ཞིག་དབུ་མའི་ལམ་གྱི་འགྲིག་འཇག་བྱུང་བ་དང་མཉམ་དུ་རྒྱའི་དཔོན་རིགས་རྣམས་རྩ་ཁྲིམས་ལ་གང་གསལ་བ་ཡོངས་རྫོགས་སྤྱི་བོའི་གཙུག་ཏུ་བཀུར་མཁན་ཞིག་ཏུ་འགྱུར་བའི་སྒྱུ་འཕྲུལ་དེ་འདྲ་ལ་རེ་བ་བྱེད་པ་འདི་ཧ་ཅང་ཡ་མཚན། ད་བར་དུ་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་བཅའ་ཁྲིམས་རྣམས་སུ་རང་སྐྱོང་བྱེད་པའི་ཁྲིམས་གཞི་དང་མི་རིགས་ཀྱི་ཐོབ་ཐང་སོགས་གསལ་མེད་པ་མིན། ཁྲིམས་ཡིག་ཏུ་གསལ་ན་ཡང་ལག་ལེན་དུ་འགེལ་མི་འགེལ་དཔོན་རིགས་ཚོའི་རང་ལག་ཡིན་པ་འདི་ད་བར་གྱི་མི་ལོ་༦༠་ཡི་རིང་གི་རྒྱ་ནག་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་ཁྱད་ཆོས་རེད། འདི་ལ་གློ་བུར་དུ་འགྱུར་བ་དེ་འདྲ་ཞིག་ཡོང་བའི་རེ་བ་ཞིག་གང་ནས་བྱུང་བ་ཡིན་ནམ།
བཅུ་བཞི། རྨོངས་དད་ལ་རྟེན་པ། ༧གོང་ས་མཆོག་དང་བོད་གཞུང་གིས་རྒྱ་ནག་གི་རྩ་ཁྲིམས་འོག་ཏུ་བསྡད་ན་ང་ཚོ་ལ་མི་འགྲིག་པ་མི་འདུག་ཅེས་གསུང་ནས་དེ་ལ་ཤར་བསྐྱོད་བྱས་པ་ཡིན། ང་ཚོས་རྒྱ་ནག་གི་རྩ་ཁྲིམས་ན་འགྲིག་པ་ཞིག་བྲིས་ཡོད་ས་རེད་སྙམ་པ་ལས་དོན་དུ་རྒྱ་ནག་གི་རྩ་ཁྲིམས་མཐོང་དང་ཀློག་མྱོང་མཁན་གྱི་དབུ་མའི་ལམ་པ་བ་ག་ཚོད་ཡོད་དམ། རང་གི་མ་འོངས་པའི་མདུན་ལམ་ལ་བསམ་གཞིགས་དང་ཐག་གཅོད་བྱེད་ན་རྩ་ཁྲིམས་ནང་ན་གང་བྲིས་འདུག་རང་ཉིད་ཀྱིས་བལྟས་ནས་བློ་ལ་བབས་པ་ཞིག་འདུག་མི་འདུག་རང་ཉིད་ཀྱིས་ཀྱང་བལྟ་དགོས་པ་ཞིག་ཡིན་ན་ཡང་དབུ་མའི་ལམ་པ་བ་མང་ཆེ་བས་དེ་ལྟར་བྱས་ནས་དབུ་མའི་ལམ་ལ་རྒྱབ་བྱས་པ་མིན་པར་མུན་ནག་མདའ་འཕེན་ལྟ་བུ་ཡིན།
བཅོ་ལྔ། ཟོན་དགོས་པའི་ཚིག་མང་པོ་ལ་སྣང་མེད། རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་འགྲོ་གི་ཡིན་ཞེས་པའི་ནང་དུ་རང་ཆག་གིས་ཤོར་མི་ཉན་པའི་ཚིག་མང་པོ་ལ་ཟོན་བྱེད་དགོས་པར་སྣང་། རྩ་ཁྲིམས་དང་འགལ་གྱི་མེད་ཅེས་པ་འདི་ཁ་ཡི་རྩེ་མོར་ཁྱེར་སྟབས་རྩ་ཁྲིམས་ནང་དུ་ཡོད་པའི་ཚིག་དང་མི་མཐུན་པ་གང་ཡོད་ལ་སྔར་ནས་མགོ་བོ་སྒུར་བ་འདིས་ཚད་ལས་བརྒལ་བའི་བློས་གཏོང་ཆེན་པོ་ཞིག་བྱས་ཡོད།
བཅུ་དྲུག ཆོག་ཤེས་ཆེ་དྲགས་པ། རང་བཙན་མི་དགོས་ན་ཡང་། འདི་དགོས། དེ་དགོས་ཞེས་འཐམ་ས་ཆེ་ཙམ་ཞིག་ལ་འཐམས་ན་ཅུང་འགྲིག་ཚོད་ལ་དེ་ཡང་མེད། ཆོས་ཀྱི་བསླབ་བྱ་འདོད་རྔམ་བྱེད་མི་འོས་པ་དེ་སྲིད་ཀྱི་ཐབས་ཇུས་ཀྱི་ནང་དུ་བླངས་ན་འདི་ལྟར་གྱོང་རགས་པའི་རྐྱེན་དུ་འགྲོ་བས་ཆོས་སྲིད་སོ་སོར་དགོས་པའི་གནད་དོན་ཀྱང་འདི་ནས་སྟོན་གྱི་ཡོད།
བཅུ་བདུན། ཡན་ལག་མི་ཚང་བའི་འཛངས་མ། ཁོ་བོ་ཆབ་སྲིད་ཚན་རིག་མཁས་པ་དང་ཁྲིམས་ལུགས་མཁས་པ་ཞིག་མིན་པས་འདི་འདྲ་བའི་ཡིག་ཆ་ཞིག་ལ་ངེས་པར་དུ་ཚང་དགོས་པའི་གནད་དོན་གང་དག་ཡོད་པ་བརྗོད་མི་ཤེས་ན་ཡང་། དབུ་མའི་ལམ་གྱི “བསམ་འཆར།”་དེའི་ནང་དུ་དོན་གནད་གལ་ཆེ་བ་འགའ་རེ་ལུས་མེད་དམ་སྙམ། དཔེར་ན་ཕྱོགས་མི་དོ་དམ་བྱེད་ཐབས་ཀྱི་སྐོར་ལ་ཞིབ་པར་འཁོད་པ་དེ་བཞིན་ད་དུང་དོན་གནད་གལ་ཆེ་བ་འགའ་རེར་ལ་མིང་སྨྲོས་ཙམ་བྱས་འདུག་མོད་སྣང་ཆུང་དུ་སོང་བ་དང་། ཡང་འགའ་རེ་མིང་ཙམ་ཡང་སྨྲོས་མི་འདུག་སྙམ། དེ་དག་གལ་ཆེ་ཆུང་གི་གོ་རིམ་གྱིས་བཀོད་ནཿ
c. རྩ་ཁྲིམས་བསྐྱར་བཅོས་ཀྱི་སྐོར་། དབུ་མའི་ལམ་འདི་ཚིག་ལྷོད་པའི་བརྒྱུད་རིམ་ཞིག་ཡིན་ཞིང་། དེས་ལྷོད་པའི་ཚིག་གལ་ཆེན་གཅིག་ནི་ང་ཚོ་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་འདུག་གི་ཡིན་ཞེས་པ་འདི་རེད། ད་ལྟའི་རྩ་ཁྲིམས་འདིས་འདོད་པ་ཚིམས་ཀྱི་ཡོད་ན་དེ་ལ་བཟོ་བཅོས་མི་ཐེབས་པ་དང་། ད་དུང་རང་ཕྱོགས་ལ་ཁེ་ཕན་ཡོད་པའི་ཕྱོགས་སུ་བསྐྱར་བཅོས་བྱེད་པའི་དབང་ཚད་ཀྱི་སྐོར་ལ་གང་ཡང་བཤད་མི་འདུག གལ་སྲིད་ང་ཚོ་འགྲིག་འཇག་གྲོས་འཆམ་བྱུང་ནས་བཙན་བྱོལ་གཞུང་འཐོར་ཞིག་སོང་བའི་རྗེས་སུ་རྒྱས་རྩ་ཁྲིམས་ལ་མི་འདོད་པའི་ཕྱོགས་སུ་འགྱུར་བ་བཏང་ན་རང་ཅག་གིས་ཅི་བྱེད། དཀའ་ངལ་དང་རྙོག་དྲ་སྔར་ལས་ཆེ་བར་གྱུར་བ་མིན་ནམ།
d. མང་ཚོགས་བདེ་འཇག་གི་སྐོར་། འདིའི་སྐོར་ལ་སྡེ་ཚན་ཟུར་དུ་བཏོན་འདུག་མོད་ཡིད་ཚིམས་པ་ཞིག་མི་འདུག ད་ལྟ་བར་དུ་རང་ཅག་ལ་བསུན་གཙེར་བྱེད་པའི་ལག་ཆ་གཙོ་བོ་ཞིག་ནི་བདེ་འཇག་མི་སྣ་ལ་དབང་ཆེ་དྲགས་པ་དེ་རེད། རྩ་ཁྲིམས་ལུང་དྲང་བའི་ཚིག་རིས་དེ་རྦད་དེ་བཟོ་བཅོས་བྱེད་དགོས་པའི་དགོས་འདུན་མ་བཏོན་ན་དབུ་མའི་ལམ་གྱི་འོག་ཏུ་ཡང་རང་རེར་བདེ་སྐྱིད་ཀྱི་ཉི་མ་ཞིག་འཆར་བའི་གཞི་རྩ་མི་འདུག
e. ས་ཞིང་བདག་དབང་གི་སྐོར་། བསམ་འཆར་ནང་དུ་“རྒྱལ་ཁབ་ཀྱིས་དབང་བའི་ས་ཆ་མ་ཡིན་པ་ཚང་མ་་་”ཞེས་འཁོད་འདུག འདི་ལ་བོད་ཀྱི་ཡུལ་ན་རྒྱ་ནག་རྒྱལ་ཁབ་ལ་དབང་བའི་ས་ཆ་ཞིག་གང་དུ་ཡོད་དམ། ལར་ནས་“ས་ཆ་ཚང་མ་རྒྱལ་ཁབ་ལ་དབང་པ་ཡིན”་ཞེས་པའི་བཤད་སྲོལ་ཞིག་སྔོན་ནས་ཡོད་པས་འདི་དག་གི་ཐད་དུ་རང་རེའི་ལངས་ཕྱོགས་གསལ་བཟོ་ངེས་པར་དུ་དགོས།
f. བརྡ་འཕྲིན་བརྒྱུད་ལམ། དབུ་མའི་ལམ་ལ་འགྲིག་འཇག་བྱུང་རྗེས་རྒྱ་ནག་རྒྱལ་ཁབ་ཀྱི་སྨྲ་རྗོད་རང་དབང་གི་གནས་ཚད་དེ་ག་འདྲ་ཞིག་ལ་སླེབས་རྒྱུ་ཡིན་པའི་སྔོན་རྩིས་དབུ་མའི་ལམ་པ་བ་སུ་ཞིག་གིས་བཀོལ་ཡོད་དམ། ཧ་ལམ་མེད་སྲིད། གང་ལྟར་ངས་སྔོན་རྩིས་ནི་འགྱུར་བ་དམིགས་བསལ་མེད་པར་ཆ་བཞག་ན་གསར་འགྱུར་བརྒྱུད་ལམ་ནི་དབུས་དང་ས་གནས་བར་མི་མཐུན་པའི་གཞི་གལ་ཆེན་ཞིག་ལ་འགྱུར་གྱི་རེད། བསམ་འཆར་ནང་དུ་དེ་འདྲའི་སྐབས་སུ་དབུས་ནས་ཁ་འདྲ་མིན་ལ་བརྙད་ནས་ཐེ་ཇུས་བྱེད་མི་ཆོག་པའི་གསལ་ཁ་གང་ཡང་བཏོན་མི་འདུག
གོང་གི་དེ་དག་ནི་ཁོ་བོའི་དབུ་མའི་ལམ་གྱི་དགག་ཕྱོགས་ཀྱི་མཐོང་ཚུལ་དེ་ཡིན། འདི་བྲིས་བཞིན་བྲིས་བཞིན་སྐྱོན་ཁོ་ན་བཏོན་ཐབས་བྱས་པ་ལྟ་བུ་ཞིག་ཏུ་གྱུར་སོང་བས་ཟིན་བྲིས་སུ་འགོད་པའི་འདུན་པ་ཡང་བརླག་སོང་ན་ཡང་། ཅིག་མ་བཀོད་ན་མི་འགྲིག་པ་དང་འདེམས་བསེས་ཀྱིས་བཀོད་ན་ཆ་མ་ཚང་བར་འགྱུར་བས་མང་པོ་ཞིག་མི་འདོད་པ་མེད་བཞིན་དུ་བཀོད་པ་ཡིན། ད་གཙོ་བོ་ཁྱེད་ཅག་དང་ལྷན་དུ་གྲོས་གླེང་ལྷུག་པོ་བྱུང་ན་དེས་འགྲིག་པ་བྱེད། གཤམ་དུ་དབུ་མའི་ལམ་པ་བ་ལ་དབྱེ་ཞིབ་ཅུང་ཟད་བྱས་པ་འགོད་རྒྱུ་ཡོད། འོན་ཀྱང་སྤྱིར་ན་གཞན་ལ་དམའ་འབེབས་དང་འཚང་བྲུས་བ་ང་རང་གི་གཤིས་ཀ་ལ་མེད་པས་བྱས་མེད་ཀྱང་། གཞན་ལ་རྒོལ་བའི་ཚིག་འདི་རིགས་བྲིས་ཟིན་ཀྱང་གླེང་སྟེག་འདི་འདྲའི་ཐོག་ཏུ་བཀོད་པར་བློར་མི་འབབ་པ་ལྟ་བུ་ཞིག་ཏུ་མཐོང་ནས་ད་ལན་འགོད་འདོད་མ་བྱུང། གལ་སྲིད་བློ་བརྟན་སོགས་ཡང་ན་དྲ་གྲོགས་རྣམས་ཀྱིས་འགོད་དགོས་པར་གསུང་མཁན་བྱུང་ན་འགོད་ཆོག

བཀླགས་མང་ཤོས།

ཟིན་བྲིས་བཀླགས་གྲངས་ཁྱོན་སྡོམ།

དཔར་རིས་འགྲེམ་སྟོན།

དཔར་རིས་འགྲེམ་སྟོན།
ངའི་བུ་མོ་སློབ་གྲའི་རྩེད་མོའི་ཉིན་མོ་ཨང་གཉིས་པ་ཐོབ།

ང་རང་གི་སྐོར།

My photo
I am a Tibetan, and a teacher. I have a dream that we have a unified Tibetan language. I see there is a way for this. རེ་བ་འདི་འགྲུབ་མི་སྲིད་པ་ཞིག་མིན་ལ། འདིའི་ལམ་སྣེ་གུས་པའི་ལག་ཏུ་ཡོད། དེ་ནི་ཁོ་བོས་བྲིས་པའི་(སྒྲ་སྒྲུབ་རིག་པ)ཡི་ནང་དུ་གསལ་ཡོད།