2011/02/16

བཀའ་ཁྲིའི་ཆ་རྐྱེན་བཞི་བ-འཇིག་རྟེན་བལྟ་སྟངས།


ང་ཚོ་བཙན་བྱོལ་དུ་དམངས་གཙོ་ལག་ལེན་བསྟར་ནས་ལོ་ངོ་ལྔ་བཅུའི་གཡས་གཡོན་དུ་སོང་བའི་ཉམས་མྱོང་ལས་གནད་དོན་ཞིག་གསར་རྟོགས་བྱུང་བ་ནི་བཀའ་བློན་ཁྲི་བ་སོགས་ཆབ་སྲིད་ཀྱི་འཁོར་ལོ་སྒྱུར་པ་བོ་དག་ལ་ཤེས་ཡོན་དང་། འཇོན་ཐང་། ལྷག་བསམ་བཅས་གསུམ་གྱིས་མི་ཆོག་པའི་ཆ་རྐྱེན་བཞི་བ་ཞིག་དགོས་པ་དེ་རེད། དེ་ནི་འཇིག་རྟེན་བལྟ་ཕྱོགས་མ་ནོར་བ་ཞིག་ཡོད་དགོས་པ་དེ་རེད། འཇིག་རྟེན་བལྟ་ཕྱོགས་མ་ནོར་བ་ཞེས་པ་ནི་མཁས་མ་མཁས་ཀྱི་སྐོར་ཞིག་མིན་པར་རྒྱལ་ཁབ་ཅིག་གི་འཚོ་གནས་ལ་ཁེ་ཕན་ཡོད་མེད་ཅིག་ལ་གོ་དགོས།  
ང་ཚོའི་སྲིད་ཀྱི་དབུ་ཁྲིད་ལ་བཙན་བྱོལ་ནང་དུ་ཨ་ཡོད་ནང་གི་ད་ཡོད། སྒོ་ངའི་ནང་ཚིལ་ལུ་གང་མང་ཞིག་འཇོག་ཐུབ་པ་བྱུང་ཡོད། འདི་ནི་ཕྱོགས་གཅིག་ནས་དགའ་འོས་པའི་དོན་ཞིག་ཀྱང་ཡིན། རྒྱུ་མཚན་ནི་ཡུལ་གཞན་གྱིས་སྲིད་སྟེགས་སུ་ཡུལ་དེའི་ནང་གི་གང་ཟག་རྩེ་ཕུད་རྣམས་ཧ་ལམ་ཡོང་ཐུབ་ཀྱི་མེད་པས། ནོར་བུ་རང་ལ་ཡོད་ཀྱང་ནོར་བུས་ནོར་ཉམས་མ་ལོན་པ་དང་འདྲ་ན་ཡང་རང་ཅག་གིས་དེ་ལྟར་ཐུབ་པ་ནི་ངས་བལྟས་ན་སུས་ཀྱང་དོ་སྣང་མ་བྱུང་བའི་དགེ་མཚན་ཞིག་ཀྱང་ཡིན་སྲིད།
ཉེ་བའི་ཆར་བསམ་ན་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་བཀའ་བློན་ཁྲི་བར་དུས་ཡུན་གཅིག་ཙམ་མིན་པར་བསྟུད་མར་སྐབས་གཉིས་ལ་བཞག་ཐུབ་པ་བྱུང་ཡོད་ཅིང་། ཁོང་ནི་གོང་གི་ཆ་རྐྱེན་གསུམ་ཀ་ཚང་བའི་སྐྱེས་བུ་སྙོན་མེད་དེ་ཡིན་པར་ཀུན་ལ་ཡོངས་སུ་གྲགས་པ་དོན་ལ་ཡང་གནས་པར་སེམས།
འོ་ན་ཁོང་བཀའ་ཁྲིར་འཁོད་ནས་བོད་ཀྱི་ལོ་རྒྱུས་ལ་འགྱུར་བ་ཇི་ཙམ་བཏང་ཡོད་མེད་དང་། ལྷག་པར་དུ་བཏང་ཡོད་ན་བཟང་ཕྱོགས་དང་ངན་ཕྱོགས་སམ་དགོས་པའི་ཕྱོགས་དང་མི་དགོས་པའི་ཕྱོགས་གང་དུ་ཁ་ལོ་བསྒྱུར་ཡོད་མེད་ནི་དེ་བས་ཀྱང་བརྗོད་མི་ཐུབ་པ་ཞིག་ཏུ་གྱུར་སོང་། ངོ་མ་བཤད་ན་ཁོང་གི་ཆབ་སྲིད་ལས་འགན་རྫོགས་ལ་ཉེ་བའི་ད་སྐབས་ཁོང་གི་སྙན་གྲགས་དེ་སྔར་ལས་ལྡབ་འགྱུར་འཕེལ་ཞིང་། ཁོང་ནི་བོད་མི་རིགས་ཀྱི་ཁྱད་ནོར་ཞིག་ཏུ་ཀུན་གྱིས་སྔགས་པའི་དུས་ཚོད་ཅིག་ལ་ད་སྐབས་སླེབས་ཡོད་དགོས་ན་ཡང་། དེ་ལས་ལྡོག་སྟེ་ཁོང་གིས་ལོ་བཅུ་ལ་ཆབ་སྲིད་བསྐྱངས་བ་དེ་བོད་མི་རིགས་ཀྱི་མདུན་ལམ་བརྒྱབ་བཤིག་ལོ་བཅུ་བཏང་ཡོད་དང་མདུན་སྐྱོད་ལོ་བཅུ་བཏང་ཡོད་པ་དོགས་པ་ཟ་དགོས་པའི་གནས་སྟངས་ཤིག་ཏུ་གྱུར་ཡོད། མདོར་ན་ཁོང་གིས་ལོ་བཅུ་ལ་ཆབ་སྲིད་བསྐྱངས་བ་དེས་བོད་རྒྱལ་ཁབ་ལ་ཁེ་རག་ཡོད་དམ་གྱོང་རག་ཡོད་པ་ད་ལྟ་རྩོད་གཞིར་གྱུར་སོང་།
འོ་ན་ཁོང་ལྟ་བུ་ཤེས་ཡོན་འཇོན་ཐང་ལྷག་བསམ་སུམ་འཛོམས་ཀྱི་སྐྱེས་བུ་ཞིག་ལ་ཅི་ཞིག་གིས་མ་འགྲིག་པར་མང་པོས་སྡིག་ཡུལ་དུ་གྱུར་བ་ཡིན་ཟེར་ནཿ ངའི་བསམ་པར་ཁོང་ལ་གོང་དུ་ཞུས་པའི་ཆ་རྐྱེན་བཞི་བ་དེ་ལྡན་མེད་པས་མིན་ནམ་སྙམ་པའི་དོགས་སློང་འདི་ཞུ་འདོད་བྱུང་། བདག་གིས་འདི་ཟམ་གདོང་རིན་པོ་ཆེ་ལ་མཚན་དམད་ཞུས་པ་ཡེ་ནས་མིན་ལ་དེ་ལྟར་ཞུ་འདོད་ཀྱང་མེད། ལར་ནས་ང་ཚོ་མི་སྐྱ་ལ་མཚན་དམད་དུ་འགྲོ་བའི་དོན་འགའ་རེ་ཁོང་ལྟ་བུ་ལ་ཆེ་བསྟོད་དུ་འགྱུར་བའི་སྐབས་ཀྱང་ཡོད་པ་བརྗོད་མ་དགོས། དཔེར་ན་༧གོང་ས་མཆོག་སྲིད་དོན་པ་མཁས་པ་ཞིག་མ་རེད་ཅེས་ཞུ་ན་དེ་ནི་ཁོང་ལ་མཚན་དམད་མིན་པར་ཆེ་བསྟོད་དུ་འགྱུར་བར་བདག་སྙམ། དེ་ལས་ལྡོག་སྟེ་ཁོང་སྲིད་དོན་པ་ཆེན་པོ་ཞིག་ཡིན་རབས་བཤད་ཚེ་ངའི་བསམ་བློ་ལ་༧ཁོང་ལ་བསྟོད་པར་འགྲོ་བ་ལས་དམའ་འབེབས་སུ་འགྲོ་བར་བསམ།  
འོ་ན་ཟམ་གདོང་རིན་པོ་ཆེ་ལ་འཇིག་རྟེན་བལྟ་ཚུལ་ཡག་པོ་ཞིག་མི་འདུག་ཞུ་བ་ཡིན་ནམ་ཟེར་ནཿ སྤྱིར་ཡག་པོ་དང་སྡུག་པོ་ཟེར་བ་འདི་ཡང་འཇིག་རྟེན་མ་བརྟག་པའི་ངོར་ཚུགས་ཐུབ་ཏུ་གྲུབ་ཡོད་པ་ལྟ་བུ་ཞིག་སྣང་གི་ཡོད་པ་ལས་དོན་དུ་དེ་ལྟར་མེད་པར་བལྟོས་འཇོག་གིས་བཤད་དགོས་པ་ཞིག་ཡིན་པས་ཐ་སྙད་སྦྱོར་སྟངས་ཤིག་ཡིན། ང་ཚོ་འཛམ་གླིང་འདིར་སྐྱེས་པ་དལ་འབྱོར་སྙིང་པོ་ལོན་ཆེད་དང་། གཏན་གྱི་འདུན་མ་ལོན་ཆེད་དུ་སྐྱེས་པར་ངོས་འཛིན་ན་ནི་ཁོང་གི་འཇིག་རྟེན་བལྟ་ཚུལ་དེ་ཡག་པོ་ཞིག་ཡིན་པ་དང་། ཡང་ང་ཚོ་འཛམ་གླིང་འདིར་སྐྱེས་པ་དེ་འཇིག་རྟེན་གྱི་འཚོ་བ་ལ་རོལ་ཆེད་དམ་སྐྱེ་བོ་གཞན་དག་བཞིན་འཇིག་རྟེན་འདིར་ཁྱིམ་གཞིས་ཟིན་ཆེད་དུ་སྐྱེས་པར་ངོས་འཛིན་བྱེད་ན་ནི་ཁོང་གི་འཇིག་རྟེན་ལྟ་ཚུལ་དེ་སྡུག་པོ་ཞིག་ལ་བཤད་ཆོག མདོར་ན་བྱ་དངོས་གང་ཡིན་ཡང་ཡག་སྔུག་གཉིས་ལས་མེད་པ་དང་། དེ་ཡང་ཡག་པ་ཐམས་ཅད་གཙང་ཞིང་སླད་མེད་པ་ཡིད་དུ་འོང་བ་ཞིག་དང་། སྡུག་པ་ཐམས་ཅད་བཙོག་ཅིང་ཞེ་མེར་བ་ཞིག་ཡིན་དགོས་པ་ལས་དཀར་ནག་གི་ཆ་འདྲེས་མར་གནས་པ་ཡེ་ནས་ཁས་མི་ལེན་པའི་སྲོལ་ཞིག་རང་རེར་ཡོད་ན་ཡང་། དོན་དུ་བྱ་དངོས་ཀུན་ལ་ཡང་བཟང་ངན་གྱི་ཆ་འདྲེས་ནས་ཡོད་པ་མ་ཟད། ཡག་སྡུག་གི་ཐ་སྙད་འདི་ཡང་བལྟོས་ས་བལྟོས་འཇོག་གིས་སྦྱོར་དགོས་པ་ལས་གདོད་མ་ཉིད་ནས་ཡག་པ་དང་སྡུག་པར་གྲུབ་པ་ཞིག་ཡེ་ནས་མེད།
དེས་ན་ཁོ་བོས་བཤད་འདོད་པ་ནི་འཇིག་རྟེན་བལྟ་ཕྱོགས་ནོར་དང་མ་ནོར་བ་ཞེས་པ་ནི་གང་ཟག་གང་དེའི་འཇིག་རྟེན་བལྟ་ཕྱོགས་དེ་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་ལ་ཕན་ཐོགས་ཡོད་པ་དང་མེད་པ་ཞིག་ལ་གོ་རྒྱུ་ལས་གཞན་པའི་ལེགས་ཉེས་ཀྱི་རྣམ་བཞག་གང་ལ་ཡང་གོ་རྒྱུ་མིན། སྤྱིར་ན་ད་བར་གྱི་བཙན་བྱོལ་གྱི་དུས་ཚོད་ནང་དུ་རང་རེའི་རྒྱལ་རབས་ལོ་རྒྱུས་དེ་མདུན་སྐྱོད་ཆེན་པོ་འདྲ་བྱུང་མ་སོང་བར་བཤད་མི་གཏུབ་མོད། གང་ལྟར་འདོད་བློ་ཁེངས་བ་ཞིག་བྱུང་མེད་པ་ནི་ཀུན་གྱིས་ངོས་ལེན་དགོས་པར་སྣང་། དེས་ན་དེའི་རྒྱུ་རྐྱེན་གང་ཡིན་ཞེ་ནཿ དེ་ནི་སྲིད་གཞུང་གི་དབུ་ཁྲིད་རྣམས་ལ་ཤེས་འཇོན་ལྷག་གསུམ་འཛོམས་པ་ཞིག་ཡེ་ནས་བྱུང་མ་མྱོང་བ་མིན་པར་། ཤེས་འཇོན་ལྷག་བལྟ་བཞི་འཛོམས་ཅན་གྱི་སྐྱེས་བུ་ཞིག་མ་བྱུང་བའི་ལན་པ་ཡིན་དགོས་པར་བསམ།
ད་ལྟ་ཤེས་འཇོན་ལྷག་གསུམ་འཛོམས་དགོས་པ་ལ་ཞིབ་པར་བཤད་དགོས་པ་གང་ཡོད། ཀུན་གྱིས་གལ་ཆེན་དུ་གཟིགས་ཀྱི་ཡོད་པས་ཁོ་བོས་འདིར་གསར་བ་ཞིག་ཞུ་རྒྱུ་གང་ཡང་མེད། དེས་ན་འདིར་ཁོ་བོས་ཆ་རྐྱེན་བཞི་བ་འདིའི་སྐོར་ཅུང་ཟད་ཞུ།
ཆོས་ཀྱི་ཕན་ཡོན་དང་མིག་རྒྱང་གི་ཡོན་ཏན་ལ་རྔམ་ནས་རང་རེའི་སྲིད་གཞུང་འདི་ཆོས་སྲིད་གཉིས་ལྡན་གྱི་སྲིད་གཞུང་ཞིག་ཡིན་དགོས་པའི་སྒྲུབ་བྱེད་ཇི་ལྟར་བཀོད་རུང་། དོན་དུ་སྲིད་གཞུང་ཞིག་གི་ལས་དོན་ནི་འབངས་མི་རྣམས་ཀྱི་ཚེ་འདིར་སྣང་འཇིག་རྟེན་གྱི་བྱ་བ་སྒྲུབ་རོགས་བྱེད་རྒྱུ་དེ་ཙམ་ཡིན་པ་ལས་གཟུར་དུ་མེད། ཆོས་སྲིད་ཟུང་འབྲེལ་གྱི་གལ་གནད་ལ་ཤུགས་ཇི་ལྟར་བརྒྱབས་རུང་དོན་དུ་ཡུལ་མི་རྣམས་ལ་སྤྱོད་པ་ཡ་རབས་ཞིག་དགོས་པ་ཙམ་ལ་དམིགས་ནས་གསུང་གི་འདུག ངོ་མ་བཤད་ན་དེ་ཙམ་གྱིས་སྲིད་ཁྲིམས་ནང་དུ་ཆོས་ཁྲིམས་བསྲེ་དགོས་པའི་མཐའ་མའི་སྡོམ་ཚིག་ཡེ་ནས་རྒྱག་མི་ཐུབ།
སྤྱིར་དང་ལྷག་པར་དུ་སྐལ་བ་བཟང་པོའི་དུས་སུ་སྲིད་ཁྲིམས་ནང་དུ་ཆོས་ཁྲིམས་བཞག་ན་ཧ་ཅང་ལེགས་པ་ཡིན་ཀྱང་། དེའི་ངོས་གཞན་པ་ན་ལྡོག་ཕྱོགས་ཀྱི་འབྲས་བུ་ཧ་ཅང་མི་ལེགས་པ་འབྱིན་གྱི་ཡོད་སྟབས་ད་སྐབས་སྲིད་ཁྲིམས་ནང་དུ་ཆོས་ཁྲིམས་བཞག་པ་ལས་མ་བཞག་ན་དགའ་བར་གྱུར་བ་ཡིན། དེས་ན་འདི་གསལ་བོར་བཤད་ལོས་དགོས། སྤྱིར་ན་ཁ་ཆེའི་ཆོས་འདི་མི་ཆོས་དང་མཐུན་སྟོབས་ཧ་ཅང་ཆེ་བ་ཞིག་ཡིན་ན་ཡང་། དེའི་ཆོས་ཁྲིམས་ཡུལ་ཁྲིམས་ལ་འཇོག་འདོད་པའི་རྒྱལ་ཁབ་དག་གི་ནང་དུ་དཀའ་ངལ་ག་ཚོད་འབྱུང་གི་འདུག་པ་ལ་གཟིགས་དང་། ཐ་ལི་བྷན་ཞེས་པ་འདི་ཡང་སྐྱེ་བོ་བསམ་མེད་འགའ་ཞིག་གིས་སེམས་རྣག་གི་བྱ་སྤྱོད་སྤེལ་བ་དེ་འདྲ་གང་ཡང་མིན་པར་། ཆོས་ལུགས་ལ་དུང་ཞེན་ཧ་ཅང་ཆེ་བའི་སློབ་ཕྲུག་སྐོར་ཞིག་གི་ལས་འགུལ་སྤེལ་བ་ཞིག་རེད། འོན་ཀྱང་ང་ཚོས་དང་འཛམ་གླིང་གིས་ཁོང་ཚོ་ལ་བལྟ་ཚུལ་ག་འདྲ་ཞིག་འདུག མདོར་བསྡུས་ན་འདི་ནི་སྲིད་ཁྲིམས་ནང་དུ་ཆོས་ཁྲིམས་འཇོག་འདོད་དམ་ཆབ་སྲིད་ཆོས་བཞིན་སྐྱོང་འདོད་པའི་བསམ་བློ་ཤུགས་ཆེ་བའི་དབང་གིས་རེད། ཡིན་ན་ཡང་འདི་ཡག་རུང་ངན་རུང་ད་ལྟའི་དུས་རབས་འདིར་བསམ་བློ་འདི་རིགས་བྲིན་རྒྱུགས་མེད་པ་རེད།
དེ་ནི་ཕྱི་ལོགས་ཀྱི་དཔེ་ཞིག་རེད། ད་རང་ཉིད་ལ་སྦྱར་ནས་བཤད་ནཿ ང་ཚོས་རྒྱལ་ཁབ་སྐྱོང་མ་ཐུབ་པ་དེ་དེངས་དུས་ཀྱི་ཤེས་ཡོན་མ་བྱུང་བས་ལན་པ་ཡིན།་ཞེས་ཟེར་མོད། དོན་དུ་དེ་ནི་མཛེས་རྒྱན་གྱིས་སྤྲས་པའི་བཤད་སྟངས་ཤིག་ཡིན་ཞིང་། དེའི་ངོས་གཞན་ནས་བལྟས་ནང་ཚོའི་རྒྱལ་ཁབ་སྐྱོང་མ་ཐུབ་པ་དེ་ཆོས་ལུགས་ཀྱི་ཤེས་ཡོན་ལ་ཞུགས་ཆེ་དྲགས་པའི་ལན་པ་ཡིན།་ཞེས་པ་དེ་རེད། ལར་ནས་དེང་དུས་ཀྱི་ཤེས་ཡོན་དང་ཡུལ་གྱི་ཆབ་སྲིད་སྐྱོང་བ་གཉིས་ལ་དེ་འདྲའི་བལྟོས་གྲུབ་ཆེན་པོ་ཞིག་ངོ་མ་བཤད་ན་ཡོད་དོན་ཀྱང་མེད། ཡོད་ངོ་མ་ནི་ཆོས་ཁྲིམས་དང་སྲིད་ཁྲིམས་གཉིས་ཕན་ཚུན་སྤང་འགལ་གྱི་འབྲེལ་བ་ཞིག་ཡོད་པ་འདི་རེད། འདོད་ཆགས། ང་རྒྱལ། ཕྲག་དོག་སོགས་ལ་རང་གཅུན་མེད་པར་དེ་དག་གྲོགས་སུ་བཀུག་ནས་མི་ཆོས་སྒྲུབ་པ་ནི་སྲིད་དོན་གྱི་ལས་ཀ་ཡིན་ཞིང་། དེ་དག་གཅུན་ནས་སྒོ་ཀུན་ནས་འདུལ་བ་དེ་ཆོས་ཀྱི་ཤེས་ཡོན་ཡིན། ཉོན་མོངས་གྲོགས་སུ་འགུག་པ་འདི་ལ་དེང་དུས་ཀྱི་ཤེས་ཡོན་ཅང་ཟེར་རམ། དེང་དུས་ཀྱི་ཤེས་ཡོན་ཟེར་བ་ནི་གསར་རྟོགས་གསར་བ་དཔེར་ནཿ གློག་ཀླད་ཀྱི་ཤེས་བྱ། སྨན་གྱི་ཤེས་བྱ། རྗས་ཀྱི་ཤེས་བྱ་སོགས་ཚན་རིག་གི་ཤེས་བྱ་རྣམས་ལ་དེང་དུས་ཀྱི་ཤེས་བྱ་རུ་འབོད་དགོས་ངེས་སྙམ། གང་ལྟར་ཀྱང་ཆོས་ཀྱིས་སྲིད་ལ་གནོད་རབས་བཤད་ན་ཆོས་ལ་སྔགས་རྗོད་ཡིན་པ་ལས་དམའ་འབེབས་མིན་ནོ།
བཙན་བྱོལ་ནང་དུ་ཁོ་བོས་མེས་བསྲེག་མེས་གཏུག་ཟེར་བའི་ཚིག་ཅིག་ཤེས་བྱུང་། དེ་ནི་གང་ལ་གང་འདུལ་ཟེར་བའི་དོན་ཞིག་ཡིན་འདུག སྲིད་དོན་གྱི་ནང་དུ་གང་ལ་གང་འདུལ་ལམ་མེས་བསྲེག་མེས་གཏུག་གིས་བྱ་བ་བྱས་ནས་རང་དོན་སྒྲུབ་དགོས་པ་ལས་བྱ་བ་གང་དེ་དགེ་བ་ཡིན་མིན་ལ་རྟོགས་དཔྱོད་བྱེད་རྒྱུ་དེ་མིན། བྱ་བ་ཡང་དག་པ་ཡིན་རུང་མིན་རུང་མིའི་འཚོ་གནས་ལ་འཕྲལ་དང་ཕུག་ལ་ཕན་ཐོགས་ཀྱི་འདུག་ན་ངེས་པར་དུ་ཐེ་ཚོམ་མེད་པར་སྒྲུབ་དགོས་པ་ཡིན། བྱ་བ་ཡང་དག་པ་ཡིན་རུང་མིན་རུང་འབངས་མིའི་འཚོ་གནས་ལ་འཕྲལ་དང་ཕུག་ལ་ཕན་ཐོགས་ཀྱི་མི་འདུག་ན་སྒྲུབ་མི་ཉན།
བྱ་བ་བཟང་པོ་ཡིན་པས་སུ་ལ་འདོད་པ་མེད་རུང་དགེ་བ་ཆེན་པོ་ཡོད་པས་ངེས་པར་དུ་བྱེད་དགོས་པ་དང་། འདི་ལས་ཀ་སྡུག་ཅག་ཡིན་པས་ང་ཚོས་ངེས་པར་དུ་བྱེད་མི་ཉན་ཞེས་བཀག་རྒྱ་གོར་གོར་རེའི་ནང་དུ་རང་ཉིད་དངས་བླངས་ཀྱི་འཛུལ་བསྡད་ན་རང་གྱོང་ཁོ་ན་ལས་དོན་དག་འགྲུབ་རྒྱུ་ཧ་ཅང་དཀའ་། ད་སྐབས་དུས་ངན་སྙིགས་མ་ཤར་བར་བཤད་དམ་ཡར་རྒྱས་སུ་སོང་བར་ཐ་སྙད་གང་དུ་བཏག་རུང་། རང་རེའི་ཆོས་ཀྱི་བསླབ་བྱ་མང་དག་ཅིག་གཞིར་བཟུང་ནས་ཆབ་སྲིད་བསྐྱངས་ན་རང་ཚོ་ལ་རག་རྒྱུ་ནི་གྱོང་ཁོ་ནས་ཅི་ཡང་མེད། ཆོས་ཀྱི་བསླབ་བྱ་ག་གེ་མོ་དེ་དག་ནི་སྲིད་དོན་གྱི་ནང་དུ་དུས་ཚོད་ཡོལ་ཟིན་པའི་ཕན་མེད་དངོས་པོ་ཡིན་ཞེས་ཞེ་ས་མ་ཞུས་པར་བཤད་ན་དེ་ལྟར་བཤད་ཆོག
དེ་ཡང་དེ་ལྟར་དུས་རབས་ཉེར་གཅིག་པའི་ནང་དུ་གཞི་ནས་གྱུར་བ་ཞིག་མིན་པར་། ཉུང་མཐར་ཡང་ལོ་བརྒྱ་ཙམ་གྱི་ཡར་སྔོན་ནས་དེ་ལྟར་གྱུར་ཟིན། རང་རེས་དེ་ལྟར་ངོས་མ་ཟིན་པར་རེ་བ་ཆེན་པོ་ཞིག་བྱས་ནས་ཡར་རྒྱུག་མར་རྒྱུག་འདྲ་བྱས་ནས་བསྡད་དེ་མཐར་རྒྱལ་ཁབ་ཡོངས་རྫོགས་ཕུངས་འདུག་པ་དུས་རབས་ཉི་ཤུ་བའི་ནང་གི་བོད་ཀྱི་ལོ་རྒྱུས་མི་སྣ་དག་གི་རྣམ་ཐར་ལ་བལྟས་ན་ཤེས་ཡོང་གི་འདུག་པ་འདི་རེད། དེ་ལྟར་ཆོས་པ་ཞིག་རྣམ་དག་ཅིག་ལ་མཚོན་ན་སྲིད་དོན་གྱི་བྱ་བ་ནི་བརྒྱ་ཆའི་དགུ་བཅུ་ཙམ་བྱེད་མི་འོས་པའི་སྡིག་ལས་ཤ་སྟག་ཡིན་པ་དང་། སྲིད་དོན་པ་རྣལ་མ་ཞིག་ལ་མཚོན་ན་ཆོས་ཀྱི་བྱ་བ་ནི་བརྒྱ་བརྒྱད་ཅུ་ཙམ་རང་ཉིད་ཀྱི་ལས་དོན་ལ་འགལ་རྐྱེན་སྤྲོད་པའི་བྱེད་དཀའ་བའི་ལས་དོན་ཤ་སྟག་ཡིན།
དེ་དག་ནི་རྒྱལ་སྲིད་ཆོས་ཁྲིམས་བཞིན་སྐྱོང་མི་འོས་པར་བཤད་པ་ལས་རྒྱལ་སྲིད་ཁྲེལ་མེད་ལུགས་མེད་ཀྱིས་སྐྱོང་བའམ་ལེགས་ཉེས་ཀྱི་བླང་དོར་ཡེ་ནས་མེད་པར་སྡིག་པ་མིག་བཙུམ་ཁོ་ནར་ལྐུག་པའི་ངང་ཚུལ་གྱིས་སྐྱོང་དགོས་ཟེར་བ་ག་ལ་ཡིན། ལར་ནས་ཆབ་སྲིད་ལ་ནི་ཁོ་རང་ཉིད་ཀྱི་སྐྱོང་སྟངས་ཤིག་ཡོད། དེ་ནི་བཟང་ངན་ནམ་དགེ་སྡིག་གི་དབྱེ་འབྱེད་མེད་པར་འདིར་སྣང་གི་ལས་དོན་གཏན་དུ་འགྲུབ་ཆེད་སྐབས་དང་དུས་ལ་བལྟ་རྒྱུ་དེ་རེད། དེ་ཡང་ཆོས་འགྲོ་སར་ཆོས་ཀྱིས། ཧམ་པ་འགྲོ་སར་ཧམ་པས། དབང་ཡོད་འགྲོ་སར་དབང་ཡོད་ཀྱིས། ཡ་རབས་འགྲོ་སར་ཡ་རབས་ཀྱིས་སོགས་མདོར་ན་རང་དོན་དེ་སྦུག་གི་སྦུག་ཏུ་བཞག་ནས་སྐྱོང་བ་དེ་སྲིད་ཀྱི་སྐྱོང་སྟངས་མཐར་ཐུག་པ་དེ་ཡིན་ཡིན་འདུག ཡང་དུས་ཐུང་ངུའི་ནང་དུ་རྐུབ་རྡོལ་འགྲོ་བའི་བྱ་བྱེད་ཅིག་ལ་ནི་ག་ལ་བྱེད་དེ། དེ་ནི་རྒྱལ་སྲིད་སྐྱོང་ཐབས་ཕར་ཞོགས་ཐབས་ཇུས་ཕལ་བ་ཞིག་ཏུ་ཡང་མི་འགྲོ་བས་སོ།
དེ་ལྟར་སྲིད་ཁྲིམས་ཀྱི་ནང་དུ་ཆོས་ཁྲིམས་འཇོག་མི་འོས་པའམ་བཞག་ན་སྐྱོན་ཡོད་པའི་གཞི་རྩའི་བལྟ་སྟངས་ཞིག་ཀྱང་ཡོད་དགོས་ཀྱི་འདུག གོང་དུ་བཤད་པ་དེ་ནི་ཆོས་ཕྱོགས་ལ་བལྟ་སྟངས་དེ་ཡིན་ཞིང་། དེ་ནི་འཇིག་རྟེན་བལྟ་སྟངས་བྱེ་བྲག་གཅིག་རེད། འདིར་ཁོ་བོས་ཆོས་ཕྱོགས་ལ་བལྟ་སྟངས་དེ་འདྲ་ངེས་པར་དུ་དགོས་པའི་ཀླན་ཀ་ཅང་བྱེད་ཀྱི་མེད། གཙོ་བོ་འཇིག་རྟེན་བལྟ་སྟངས་ཟེར་བའི་གནད་དོན་འདི་འདྲ་ཞིག་ཡོད་ཅེས་ངོས་སྤྲོད་ཆེད་དུ་དཔེར་མཚོན་དུ་དྲངས་པ་ཡིན།
ད་དུང་དབུ་ཁྲིད་འདི་རིགས་ལ་ཡོད་དགོས་པའི་འཇིག་རྟེན་བལྟ་སྟངས་ལ་ད་དུང་གཞན་དང་གཞན་དུ་ཡང་ལོས་ཡོད། དཔེར་ན་བལྟ་གྲུབ་ལས་ལག་ལེན་དངོས་ལ་གལ་ཆེན་དུ་བལྟ་བ་འདི་ཡང་གནད་འགན་ཅན་གྱི་འཇིག་རྟེན་བལྟ་སྟངས་ཤིག་རེད། ཟམ་གདོང་རིན་པོ་ཆེ་ལ་ལག་ལེན་ལས་གཞུང་ལུགས་གལ་ཆེན་དུ་བརྩི་བའི་བལྟ་ཚུལ་ཞིག་ཀྱང་ཡོད་པར་སྣང་། དེ་ཡང་ཁོང་གི་བྱས་རྗེས་ལ་གནོད་པ་བྱུང་བའི་རྒྱུ་རྐྱེན་ཞིག་ཏུ་ཁོ་བོས་མཐོང་།
ད་དུང་ལས་དོན་ཀུན་གྱི་གཞི་རྩ་བདེན་པ་ལ་བཅོལ་དགོས་པའི་འཇིག་རྟེན་བལྟ་ཚུལ། ཡང་དེ་ལས་ལྡོག་པར་ལས་དོན་ཐམས་ཅད་སྒྱུ་ཐབས་ལ་བརྟེན་ནས་སྒྲུབ་དགོས་པའི་འཇིག་རྟེན་བལྟ་ཚུལ། འདས་པ་ལས་ད་ལྟ་གལ་ཆེ་བའི་འཇིག་རྟེན་བལྟ་ཚུལ་དང་། ཡང་དེ་ལས་མ་འོངས་པ་གལ་ཆེ་བའི་འཇིག་རྟེན་བལྟ་ཚུལ། དེ་བཞིན་དེའི་ལུགས་ལྡོག་དང་ལུགས་དཀྲོགས་ཀྱི་འཇིག་རྟེན་བལྟ་ཚུལ། དེ་དང་དེ་ལ་སོགས་པའི་འཇིག་རྟེན་སྟངས་མི་འདྲ་བ་གལ་ཆེན་མང་པོ་ཡོད། དེ་འདྲ་བའི་འཇིག་རྟེན་བལྟ་ཚུལ་རྣམས་ནི་གང་ཟག་སོ་སོའི་གཏིང་ཟབ་པའི་རང་གཤིས་ལ་འཇག་ནས་ཡོད་པས་སློབ་སྟོན་པས་ཀྱང་བཅོས་དཀའ་མོ་ཡིན། ང་ཚོར་དགོས་པ་ནི་འཇིག་རྟེན་བལྟ་ཚུལ་རན་པོ་ཡོད་པའི་མི་ཞིག་བཀའ་ཁྲིའི་ཁྲི་ཐོག་ཏུ་སྟབས་ལེགས་ནས་འདེམས་ཐོན་ཡོང་དགོས་པ་དེ་རེད།
མདོར་ན་རྒྱལ་ཁབ་ཅིག་གི་ཆབ་སྲིད་སྐྱོང་བ་པོ་ལ་གོང་གི་ཤེས་འཇོན་ལྷག་གསུམ་གྱི་ཐོགས་འཇིག་རྟེན་བལྟ་ཚུལ་མ་ནོར་བ་བཅས་འདི་བཞི་ཀ་སྐྱེས་བུ་གཅིག་གི་ཐོག་ཏུ་བབས་ཡོད་ན་ད་གཟོད་སྐྱེས་བུ་དེ་ཀུན་གྱིས་སྔགས་པའི་ཆབ་སྲིད་པ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་འདྲ། དེ་འདྲ་བའི་སྐྱེས་བུ་དེ་ནི་ལོ་རྒྱུས་སྐྲུན་པ་པོའི་རླབས་ཆེན་མི་སྣ་ཞིག་ཏུ་འགྱུར་རྒྱུ་ཡིན་འདུག་སྙམ། 

2011/02/13

ཀ་རྩོམ་དྲ་གྲོགས་དཀྲུགས་པའི་ཐུར་མ།


ཀ་ཡིག་གྱེན་ལ་བསླངས་འདྲའི་གྲོང་ཁྱེར་དུ།
ཁ་ཤ་ཐ་མག་མེ་ཡིས་འཚིག་ཞོར་དུ།
ག་ཅན་གནག་རྫི་ཆ་བོའི་ཁ་ཐད་དུ།
ང་རྒྱལ་ངོམ་སོ་བྱེད་པ་ཐེངས་མ་དུ།
ཅ་རིལ་དབྱིབས་ལ་འགྲན་པའི་དབུ་རིལ་ནས།
ཆ་མེད་སྐྲ་སེར་ཡུལ་ལ་ཁ་བསྲིང་ནས།
ཇ་ཟས་ཟ་བའི་ཁོམས་ཀྱང་མི་སྟེར་ནས།
ཉ་ཁུག་གུག་ནས་སྡོད་པ་ཉོ་བཞིན་གནས།
ཏ་ལའི་དྲུང་དུ་ཉེ་བར་བཅར་ན་ཡང་།
ཐ་མལ་བོན་ལ་བྱིན་རླབས་བྲན་ན་ཡང་།
ད་དུང་དད་པའི་ཨ་ལོང་མ་ཡོད་ན།
ན་མོ་བླ་མའི་ལྕགས་དཀྱུས་ཨེ་ཟིན་ན།
པ་རྒན་ཞིག་གི་ལས་འགན་ཁུར་ནས་སུ།
ཕ་མར་དྲིན་ལན་ལོག་འཇལ་མཁན་སྐྱེ་བོ་སུ།
བ་ཕྱུགས་མིན་ན་མ་ཧེའི་ཆ་ལུགས་སུ།
མ་ལུས་གཅིག་ཏུ་བརྙེས་པའི་ཧམ་ཅན་སུ།
ཙ་གེ་ཙི་གེ་བྲིས་ནས་ང་རྒྱལ་ཅན།
ཚ་བའི་ལུང་པར་ལུས་པའི་རྗེས་ལུས་ཅན།
ཛ་རེ་ཛོ་རེ་བྱེད་པའི་ལས་ངན་ཅན།
ཝ་ལེར་ཀླད་པའི་ནང་དུ་འཆར་རྒྱུ་ཅན།
ཞ་ལུགས་གོམ་སྟབས་བརྗེས་ནས་ད་ལྟའི་བར།
ཟ་ཁང་ཆང་ཁང་ནས་བཟུང་གཞང་ཁང་བར།
འ་འུར་འདི་འཛི་སྤོང་བར་མི་ཡོང་བར།
ཡ་རེ་ཡོ་རེའི་མི་ཚེ་རྫོགས་པར་འབར།
ར་མ་ལུག་གི་ཆ་ལུགས་དངས་དུ་བླངས།
ལ་ལུང་མི་གཅིག་ཆུང་མ་པང་དུ་བླངས།
ཤ་ཁྲག་གཅིག་པའི་ལས་དོན་རྒྱབ་ཏུ་སྤངས།
ས་སྐལ་ལག་མཐིལ་འདྲ་བོ་དགྲ་ལ་བྱངས།
ཧ་ལོ་ཁྱེད་ཚོ་ཁོང་ཁྲོ་ཨེ་ལངས་སོང་།
ཨ་རིགས་ལ་སོགས་དྲ་གྲོགས་རིགས་གསུམ་ལ།
ཨ་ཡོང་མི་ཡོང་བལྟས་ནས་བསག་འབྲུ་བའི་།
ཧ་ཅང་བཙིར་ནས་བྲིས་པའི་རྩོམ་འདི་བཙངས།

2011/02/09

སྤྱི་འཐུས་འདིས་སུ་ཞིག་གི་སྐུ་ཚབ་བྱེད།


སྤྱི་འཐུས་འདིས་སུ་ཞིག་གི་སྐུ་ཚབ་བྱེད།

ཉེ་སྔོན་བོད་མི་མང་སྤྱི་འཐུས་འོས་གཞི་གསལ་བསྒྲགས་གནང་ཟིན་ནས་མི་རིང་བར་དངོས་གཞིའི་འོས་བསྡུ་ཆེན་མོ་བྱ་འཆར་ཡོད་པས་འདི་དང་འབྲེལ་བའི་དོན་དོན་ཞིག་བརྗོད་འདོད། ང་ཚོ་དམངས་གཙོ་ལ་ཕྱིན་པ་འདི་གོམ་ཁ་དལ་རུང་། གོམ་པའི་ཁ་ཕྱོགས་འཁྱུག་མེད་པར་འདོད། འོན་ཀྱང་འདིའི་ནང་དུ་ནང་གི་གོ་རྟོགས་ཀྱི་ཆ་ནས་ན་ཚོད་སྨིན་མེད་པ་སྨྲོས་པས་མི་ལང་ཞིང་། དེ་ཕར་ཞོགས། ཕྱིའི་འགྲོ་ལུགས་ཀྱི་ཆ་ནས་ཀྱང་ལེགས་བཅོས་གཏོང་དགོས་ས་རེ་ཟུང་འདུག (ཉེ་ཆར་ཁོ་བོས་བྲིས་པའི་དམངས་གཙོ་བཅོས་བསྒྱུར་བྱ་རན།་ཞེས་པ་དེ་ཀློག་པར་ཞུ)
ཆོས་རྒྱུད་སྤྱི་འཐུས་འདི་ཡང་དེའི་རིགས་ཤིག་ཡིན་པར་འདོད། ད་དུང་ནུབ་ཕྱོགས་ལ་ཕྱིན་ཚར་བའི་བོད་མི་དང་རྒྱ་བལ་འབྲུག་གི་བོད་མིའི་འོས་ཀྱི་ཐོབ་ཐང་མི་མཚུངས་། གཞིས་བཞུགས་ཆོལ་གསུམ་ལས་དབུས་གཙང་གི་མི་ཉུང་ཤོས་དང་མདོ་སྨད་མང་ཤོས་ཡིན་ཀྱང་འདིར་འཐུས་མི་གྲངས་གཅིག་པ་ཡིན་པ་སོགས་སོ།

ད་ལྟ་འདིར་ཆོས་རྒྱུད་སྤྱི་འཐུས་ཀྱི་སྐོར་འདི་ཅུང་གནང་ཆེ་བས་ཅུང་ཟད་ཞུ། ཆོལ་གསུམ་གང་རུང་ལ་མ་འདུས་པའི་བོད་མི་ཞིག་མེད་པས་ཆོས་རྒྱུད་སྤྱི་འཐུས་ཀྱིས་སུ་ཞིག་གི་སྐུ་ཚབ་བྱེད། ཆོས་རྒྱུད་སྤྱི་འཐུས་ཁོ་རང་ཚོས་ཆོས་རྒྱུད་སྤྱི་འཐུས་དགོས་པའི་རྒྱུ་མཚན་གང་ཞིག་འདྲེན། ཆོས་རྒྱུ་སྤྱི་འཐུས་མི་དགོས་ཟེར་མཁན་ཚོས་རྒྱུ་མཚན་གང་འདྲེན།
འདི་དག་ལ་དབྱེ་ཞིབ་སྟབས་བསྡུས་ཤིག་བྱ་འདོད། སྔར་གྲོས་ཚོགས་སུ་ཆོས་རྒྱུད་སྤྱི་འཐུས་དགོས་མིན་གྱི་ཐོག་ལ་འོས་འཕངས་བས་གྲངས་ཀ་འདྲ་མཉམ་དུ་གྱུར་བའི་སྐབས་སུ་ཟམ་གདོང་རིན་པོ་ཆེས་ཚོགས་གཙོ་ཡིན་པའི་ཆ་ནས་ཚོགས་འདུ་སྟངས་འཛིན་བྱེད་མཁན་ཡིན་བཞིན་དུ་འོས་ཤོག་འཕངས་ནས་མཐར་འོས་གྲངས་གཅིག་གིས་མང་བར་གྱུར་ནས་ཆོས་ལུགས་སྤྱི་འཐུས་དགོས་པར་གྱུར་རོ།
ཞེས་པ་ཞིག་དྲན་པར་གནས།

དེས་ན་ཆོས་རྒྱུད་སྤྱི་འཐུས་དགོས་པར་འདོད་མཁན་དག་དང་མི་དགོས་ཟེར་མཁན་དག་གིས་འདོད་ཕྱོགས་རྒྱུ་མཚན་གསུམ་རེ་དྲངས་ནས་དེ་དག་ལ་ཅུང་ཞིག་བརྟག་ནཿ

དང་པོ་ཆོས་རྒྱུད་སྤྱི་འཐུས་དགོས་ཏེ།

གཅིག རང་ཅག་གི་གཞུང་འདི་ཆོས་སྲིད་ཟུང་འབྲེལ་གྱི་གཞུང་ཡིན་པའི་ཕྱིར་རོ་ཞེས་གསུང་།

གཉིས། བོད་ཀྱི་ཆབ་སྲིད་ཀྱི་ནང་དུ་ཆོས་ལུགས་གྲུབ་མཐའ་ཁག་གི་བར་ལ་ཀྱི་རྙོག་དྲ་དེ་ཅུང་གཏིང་ཟབ་མོ་ཡིན་པས་ཆབ་སྲིད་ཀྱི་གྲུབ་ཆའི་ནང་དུ་ཆོས་རྒྱུད་ཁག་གི་སྐུ་ཚབ་ཡོད་ན་དགེ་མཚན་ཆེ་ཞེས་གསུང་།

གསུམ། བོད་ལ་ཡོད་པ་ནི་ཆོས་ཁོ་ན་ཡིན།
ཆོས་མེད་ན་བོད་ལ་རིག་གཞུང་ཀྱང་མེད། དེས་ན་ཆོས་རྒྱུད་སྤྱི་འཐུས་འདིས་གལ་འགང་རང་བཞིན་འདི་སྟོན་དགོས་སོ་ཞེས་གསུང་།

  དང་པོ་འདི་ནི་གཞི་རྩའི་ལྟ་གྲུབ་དང་འབྲེལ་བའི་གནད་དོན་ཞིག་ཡིན་པས་གཅིག་གིས་གཅིག་ལ་གོ་བ་སྐོན་ཐུབ་པ་ཞིག་མིན།
འོན་ཀྱང་རང་ཉིད་ཀྱི་གཞི་རྩའི་ལྟ་བ་དེ་སྔར་ནས་གསལ་སྟོན་བྱས་ཟིན་པས་མང་དུ་འཆད་པར་མི་སྤྲོ་ཡང་།
མདོར་ན་ཇི་སྲིད་གང་ཟག་གཅིག་གིས་ཆོས་སྲིད་མཉམ་དུ་སྒྲུབ་པ་ན་ཆོས་སྲིད་གཉིས་ཀ་རྣལ་མར་མི་འཁྱོལ་བར་བདག་འདོད།
དེའི་ཕྱིར་སྲིད་དོན་གྱི་ལས་ཀའི་ནང་དུ་ཆོས་པ་ཐེ་བྱུས་བྱེད་མཁན་མེད་ན་དགའ་བསམ་པ་ཡིན།
འོན་ཀྱང་འདི་ནི་གནད་དོན་གཞན་ཞིག་ཡིན་པས་འདིར་སྤྲོ་མི་འོས། གང་ལྟར་ཅི་སྟེ་རང་རེའི་གཞུང་འདི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་དུ་མུ་མཐུད་དེ་འགྲོ་རྒྱུར་བོད་མི་མང་གིས་བདམ་ན་སྐྱོན་ཆེར་མེད་པ་ལྟ་བུ་ཡིན་ན་ཡང་ཆོས་རྒྱུད་སྤྱི་འཐུས་འདིས་དེའི་ཕྱོགས་ནས་དགེ་མཚན་འདོན་པ་ལས་གཞན་གྱི་ཕྱོགས་ནས་སྐྱོན་འབྱུང་རྒྱུ་ཡིན་པ་འོག་ཏུ་གསལ།
 

གཉིས་པ་འདི་ནི་ཅུང་ལྗིད་ཁོག་ཏིག་པའི་གླེང་ཕྱོགས་ཤིག་ཡིན་པས་ཤར་མར་འཕེན་ཆོག་པ་ཞིག་ཀྱང་མིན།
འོ་ན་བྱེད་དགོས་པ་གང་ཡིན་ཞེ་ནཿ ཡང་ལྗིད་བཅལ་ནས་ཐག་གཅོད་བྱེད་དགོས་པ་ཡིན། ཆོས་ལུགས་དང་གྲུབ་མཐའི་རྩོད་རྙོག་འདི་རིགས་ནི་མགོ་འབུས་སུ་མ་བཅུག་པར་མགོ་མནན་ནས་གོང་འཕེལ་དུ་མི་འགྲོ་བའི་ཐབས་བྱས་ན་ལེགས་ཤོས་སུ་ཡོད་པ་ལས་གདོང་དང་གདོང་ཐུག་གིས་ཐག་ཆོད་ཡོང་བ་ཞིག་དང་རྙོག་དྲ་སེལ་ཡོང་བ་ཞིག་ཧ་ལམ་མེད་སྙམ།
འཛམ་གླིང་ན་ཅོག་ཙེའི་མདུན་དུ་བསྡད་ནས་ཐག་ཆོད་མི་ཐུབ་པའི་རྩོད་རྙོག་ཀྱང་ཡོད་པ་ནི་འདིའི་རིགས་ཁོ་ན་ཡིན་པར་བདག་འདོད།
མགོ་མནན་ནས་ཟེར་བ་དེ་ཡང་གནོན་ཤུགས་སྤྲད་ནས་མགོ་གནོན་པ་མིན་པར་གླེང་སློང་མི་བྱེད་པ་དང་ཕོགས་ཐུག་མི་གཏོང་བའི་ཐབས་ལམ་ཁོ་ན་ལ་བཤད་པ་ཡིན།
ལུས་ཐོག་གི་རྨ་ངན་ཇི་ཙམ་འཕྲུག་ན་ཟ་འཕྲུག་ཇེ་ཟ་ཡིན་པ་དང་། ཇི་ཙམ་འཕྲུག་པའི་གྲངས་ལ་རྨ་ལ་དེ་ཙམ་གནོད་པ་ལས་དྲག་པར་ཕན་མི་སྲིད།
དེ་ལས་ཟ་འཕྲུག་ལང་རུང་མགོ་གཡེང་དུ་བཅུག་ནས་བརྗེད་དུ་བཅུག་ན་ཟ་འཕྲུག་དེ་ཡང་ཇེ་ཆུང་ནས་ཇེ་ཆུང་འགྱུར་བ་ཡིན།
ཆོས་རྒྱུད་ཀྱི་རྙོག་དྲ་འདི་ཡང་འདི་དང་ཡོངས་སུ་འདྲ་བར་བདག་འདོད། ཆོས་རྒྱུད་སྤྱི་འཐུས་འདི་ནི་ཏག་ཏག་རྨ་རྙིང་ལ་འདྲད་ཙམ་འདྲད་ཙམ་གྱིས་རྗེད་དུ་མི་འཇུག་པ་དང་འདྲ་སེ་བ་ཞིག་ཏུ་མཐོང་།

ཅི་ཙམ་སྔར་གྱི་ནད་རྙིང་སྔོག་ན་ལང་རྒྱུ་ཡོད་པ་དང་།
དེ་གླེང་སློང་མི་བྱེད་པར་རྩིས་མེད་ཀྱིས་བསྐྱུར་ན་དུས་ཚོད་དང་མི་རབས་འགྲོ་རིམ་བཞིན་རྔམ་ཇེ་ཞན་དུ་འགྲོ་རྒྱུ་ཡིན་པར་བདག་འདོད།
གཉིས་ནས་གཞུང་གི་ནང་དུ་དམིགས་བསལ་སྐུ་ཚབ་ཡོད་པས་གཞུང་གི་བཀའ་འོག་ཏུ་འགྲོ་དགོས་པའི་ངེས་པ་འང་མེད་དེ།
སྟབས་ཉེས་ན་གཞུང་ལ་མཛད་དཀའ་བྱེད་པའི་རྒྱུད་ལམ་སྟབས་བདེ་ཞིག་ཏུ་ཡང་མི་འགྱུར་བའི་ངེས་པ་མེད།
དེ་ལྟར་དགེ་དང་སྐྱོན་སྡུར་ན་ཧ་ལམ་ཆོས་རྒྱུད་སྤྱི་མཐུས་མེད་པ་འདི་དགེ་མཚན་ཆེ་བར་བསམ་པ་ཡིན།

གསུམ་པ་ཆོས་རྒྱུད་སྤྱི་འཐུས་ཀྱིས་བོད་ཀྱི་ཆོས་ལུགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཞིག་འཐོན་པའི་རྒྱུ་མཚན་གང་ཡང་མེད།
ཆོས་ལུགས་གོང་འཕེལ་ནི་གཙོ་བོ་ལུང་རྟོགས་ཀྱི་བསྟན་པ་གོང་འཕེལ་དུ་སོང་མིན་ལ་བལྟ་དགོས་ཤིང་།
དེ་ནི་གྲོས་ཚོགས་དང་འབྲེལ་བ་ཡེ་ནས་མེད། ཆོས་ཆོས་ཀྱི་ས་ནས་འཕེལ་དུ་བཅུག་ན་སྲིད་དོན་གྱི་དྲི་མས་མ་སླད་པའི་ཆོས་རྣམ་དག་ཅིག་འབྱུང་བའི་རེ་བ་དེ་བས་ཆེ།
 

གཉིས་པ་ཆོས་རྒྱུད་སྤྱི་མཐུས་མི་དགོས་ཏེ།
གཅིག གལ་སྲིད་ཆོས་བརྒྱུད་ཆེན་པོ་ལྔ་ལ་སྤྱི་འཐུས་དགོས་ན་ཇོ་ནང་དང་ཞི་བྱེད་སོགས་ལྟ་ཅི་སྨྲོས།
ཁ་ཆེ་དང་ཡེ་ཤུ་སོགས་ལ་ཡང་དགོས་པར་མ་ཟད། མཐའ་ན་ཤུགས་ལྡན་ཚོགས་པ་ལ་ཡང་དགོས་པར་འགྱུར་བ་དེ་མི་འོས་པས་སོ་ཞེས་ཟེར་།
དེར་མ་ཟད་ད་དུང་ཆོས་ལུགས་ཀྱི་མི་སྣ་ལ་རྐུབ་སྟེགས་ཟུར་དུ་དགོས་ན་ལས་གནས་གཞན་པ་དཔེར་ནཿ
ཚོང་པ། དགེ་རྒན། ཚན་རིག་པ། སྒྱུ་རྩལ་བ། རྩེད་མོ་བ་སོགས་འཚོ་ཐབས་གཞན་དང་གཞན་པ་དག་ལ་ཡང་དགོས་པར་འགྱུར་རོ་ཞེས་ཟེར་།

གཉིས། སྔར་ནས་ད་བར་དུ་བོད་ཀྱི་ཆོས་ལུགས་ཀྱིས་བོད་ཀྱི་ཆབ་སྲིད་ལ་ཕོངས་ཕོངས་གང་གིས་ཡང་མ་ཕོངས་བས་ཆོས་ལུགས་སྤྱི་མཐུས་མི་དགོས་སོ་ཞེས་ཟེར་།

གསུམ། དམངས་གཙོའི་གཞི་རྩའི་བལྟ་གྲུབ་དང་མི་མཐུན་པས་མི་འོས་ཟེར།

དང་པོ་འདི་ཆོས་རྒྱུད་སྤྱི་མཐུས་མི་དགོས་པའི་རྒྱུ་མཚན་དུ་ཐད་ཀར་འགྲོ་བ་ཡང་མིན།
འོན་ཀྱང་ཆོས་རྒྱུད་སྤྱི་འཐུས་བཞག་ན་ཉ་ཉོག་འདི་འདྲ་ཞིག་འབྱུང་རྒྱུ་ཡོད་པས་དོན་དུ། སོ་ཡང་མེད་ལ་ཧྲིན་ཡང་མེད།
མིག་ཀྱང་མེད་ལ་ལང་ཏོག་ཀྱང་མེད། ཅེས་པ་བཞིན་རྙོག་དྲའི་འབྱུང་ཁུངས་མེད་ན་རྙོག་དྲ་མི་འབྱུང་བར་བསམ་འདུག
ལར་ནས་རྙོག་དྲ་ལས་གཡོལ་བ་ནི་རྙོག་དྲ་སེལ་བའི་ཐབས་མཆོག་མིན་ན་ཡང་། དགོས་མེད་ཀྱི་རྙོག་དྲ་ཐོད་དུ་ལེན་དགོས་དོན་མེད་པ་ནི་བདེན་པ་རེད།
དེ་ནི་འཇིག་རྟེན་གནའ་མིའི་གཏམ་དཔེརཿ ས་ཡི་རྡོ་བླངས་ནས་རང་གི་མགོ་ལ་བཞུས། ཟེར་བ་དེ་ཡིན་པས་སེམས་རྣལ་དུ་གནས་པའི་མི་ཞིག་གིས་དེ་ལྟར་ཅིའི་ཕྱིར་བྱེད།
དེ་བཞིན་ཚོང་པ་སོགས་ལ་ཡང་སྤྱི་འཐུས་དགོས་པར་འགྱུར་བའི་རིག་པ་འདི་ནི་ཆོས་རྒྱུད་སྤྱི་མཐུས་མི་དགོས་པའི་སྒྲུབ་བྱེད་དུ་བགྲང་རུང་དེ་ལྡོག་ཕྱོགས་སུ་ཡང་འདྲེན་གཏུབ་པ་ཡིན།
 

གཉིས་པ་འདི་ཡང་གོང་གི་དང་པོ་དང་འདྲ་བར་འདིར་གཞི་རྩའི་བལྟ་གྲུབ་གྱིས་གནད་དོན་འདྲེས་ཡོད་པས་ལན་དོན་མཐུན་ཞིག་སུའི་ཕྱོགས་ནས་ཀྱང་ཐེབས་དཀའ་།
ལྷག་པར་དུ་འདིའི་ནང་དུ་ཆོས་ལུགས་ཞེ་མཁོན་གྱི་རྣམ་པ་ཡང་ཐིམ་ཡོད་པས་ཆོས་རྒྱུད་སྤྱི་མཐུས་མི་དགོས་པར་སྒྲུབ་པའི་རྒྱུད་རིམ་ནང་དུ་རིགས་མཐུན་པ་དག་གི་ངོ་ལ་མ་གཏོགས་སྔ་རྒོལ་དང་ཕྱི་རྒོལ་གཉིས་ཀར་ཟུགས་ཐུབ་པའི་ནུས་ལྡན་གྱི་རྒྱུ་མཚན་དུ་མི་འགྲོ།

གསུམ་པ་འདི་ལ་ཞིབ་ཆ་ཞིག་མ་བྱས་ན་འདི་ཡང་བདེན་བརྫུན་གཉིས་སུ་འདྲེན་གཏུབ་པར་སྙམ།
ཆོས་རྒྱུད་སྤྱི་འཐུས་འདི་དག་གང་ཟག་བྱེ་བྲག་དག་གི་འཐུས་ཚབ་ཏུ་མ་སོང་བར་ཆོས་རྒྱུད་ཁག་དེ་དག་གི་འཐུས་འཚབ་ཏུ་སོང་ན་དམངས་གཙོའི་ལྟ་བ་དང་འགལ་འགྲོ་བའི་གླན་ཀ་གང་ཡང་བྱེད་མི་ཐུབ་མོད།
ཆོས་རྒྱུད་སྤྱི་འཐུས་འདི་དག་དོན་ལག་ལེན་གྱི་ཐོག་ནས་ཆོས་ཉམས་ལེན་བྱེད་མཁན་གང་ཟག་དག་གི་འཐུས་ཚབ་ཏུ་འགྱུར་འགྲོ་བ་ཡིན་པས་དེ་ནི་ངོ་མ་དམངས་གཙོའི་ལྟ་བ་དང་འགལ་ཡོད་སྙམ།

དེ་ལས་ཀྱང་མངོན་གསལ་དོད་པ་ཞིག་ནི་ཆོས་རྒྱུད་ཁག་གི་སྤྱི་འཐུས་ཀྱིས་ཆོས་རྒྱུད་ཁག་ཏུ་གཏོགས་པའི་མི་རྣམས་ཁོ་ན་མ་གཏོགས་ཆོས་དད་མེད་པའི་མི་བུ་དག་གི་ངོ་ཚབ་ཏུ་ནི་ལག་ལེན་གྱི་ཐོག་ནས་ཀྱང་མི་འགྲོ།
དེའི་དབང་གིས་ཆོས་མེད་སྨྲ་བ་དག་ལ་ངོ་ཚབ་གཅིག་གམ་གཉིས་ཀྱིས་ཉུང་དུ་སོང་བ་ཡིན་པས་གྲོས་ཚོགས་ཀྱི་ནང་དུ་ངོ་ཚབ་དོ་མི་མཉམ་པ་དེ་ལས་ཀྱང་གསལ་བོར་གྱུར་བ་ཡིན།
འདི་ནི་དམངས་གཙོའི་ལྟ་གྲུབ་དང་འགལ་བའི་གནད་དོན་དེ་ཡིན། བྱས་ན་རང་རེའི་བོད་པའི་ནང་དུ་ཆོས་དད་མེད་མཁན་གྱི་གང་ཟག་སུ་ཡོད་དམ།
ཞེས་བྲིས་ན་ངས་དེ་ལ་ལན་མི་འདེབས་སོ།

སྐབས་དོན་བདག་གིས་གླེང་འདོད་པ་ནིཿ
བཙན་བྱོལ་སྤྱི་ཚོགས་ནང་དུ་ལོ་ངོ་ཉི་ཤུ་ལྷག་ལ་བསྡད་པའི་མཉམ་མྱོང་ལས་ཁོ་བར་ཞུ་རྒྱུ་གཞན་ཞིག་ཡོད་པ་ནི་ཆོས་རྒྱུད་སྤྱི་འཐུས་འདི་ནམ་རྒྱུན་བྱེད་མི་ཉན་པར་ཀུན་གྱི་ཁ་ན་རླུང་གྲགས་པའི་ཆོལ་ཁ་ཆོས་ལུགས་ཀྱི་ཞེན་ཁོག་འདི་དག་གོང་སྤེལ་གཏོང་བྱེད་ཅིག་གམ།
དམའ་མཐར་ཡང་གསོན་པོར་གནས་སུ་འཇུག་བྱེད་ཅིག་ཏུ་གྱུར་འདུག་པས་ཀྱང་ཆོས་རྒྱུད་སྤྱི་མཐུས་མི་དགོས་ཞུ་བ་ཡིན།

སྤྱིར་ན་རྒྱུ་མཚན་འདི་ལ་དགོངས་ནས་ཆོས་རྒྱུད་སྤྱི་མཐུས་ལ་འོས་ཤོག་འཕེན་པའི་ཐོབ་ཐང་གྲ་བཙུན་རྣམས་ལ་མ་གཏོགས་མེད་པར་སྔར་ནས་བཟོས་ཡོད་ཀྱང་།
དེ་ཙམ་གྱིས་ཆོས་ལུགས་ཀྱི་ཞེན་ཁོག་དེ་ད་དུང་མི་སྐྱའི་ནང་དུ་མེད་པར་གཏོང་ཐུབ་མི་འདུག
ཆོས་ལུགས་ཀྱི་སྤྱི་འཐུས་ཡོད་པ་ཙམ་གྱིས་མི་སྐྱ་ལ་འོས་ཤོག་འཕེན་པའི་ཐོབ་ཐང་མེད་པ་ན་ཡང་ཁོ་ཚོའི་ནང་དུ་ཆོས་ལུགས་ཀྱི་ཞེན་ཁོག་མཉམ་མེད་གསོན་པོར་གནས་སུ་བཅུག་འདུག
ངའི་ཉེ་སྐོར་ན་དོན་དུ་སྐྱབས་འགྲོའི་མཚན་ཉིད་ཡང་དག་ཅིག་ཀྱང་སྐྱོར་རྒྱུ་མེད་མཁན་མི་སྐྱ་དག་གི་སེམས་སྦུག་ཏུ་ང་ཆེ་གེ་མོའི་ཆོས་ལུགས་པ་ཡིན།
འདི་ང་དང་ཆོས་རྒྱུད་གཅིག་པ་རེད། ཁོ་མ་རེད། ཅེས་པའི་འདུ་ཤེས་ཤིག་མིད་པའི་སྲུབ་ན་འདོན་ཆོག་ཆོག་ཉར་ནས་བསྡད་ཡོད་པ་མང་དུ་མཐོང་སོང་།
དེ་ཡང་ཝ་ར་ན་སི་ནས་སློབ་སྦྱོང་བྱས་པའི་མི་དག་གི་ནང་དུ་གནས་ལུགས་དེ་མང་དུ་གནས། མི་ཞིག་གིས
ང་ལ་ཆོས་ལུགས་ཀྱི་ཞེན་ཁོག་མེད་མ་གཏོགས། དངོས་གནས་བྱས་ན་གཞིས་ཆགས་འདིའི་ནང་དུ་སུ་ང་ཡི་ཆོས་ཡིན་དང་སུ་མིན་ངས་ཏག་ཏག་ཧ་གོ་གི་ཡོད་ད།་ཞེས་ཟེར་། སྐད་ཆ་འདི་ལ་གཅིག་གཞིགས་དང་། ཆོས་ལུགས་ཀྱི་ཞེན་ཁོག་མེད་ཟེར་ཀྱང་དོན་དུ་སུ་དང་སུ་ཞིག་ཆོས་ལུགས་གང་དང་གང་ལ་གཏོགས་པ་སྔ་ས་ནས་རྒྱུས་ལོན་བྱས་ཚར་འདུག་པས་དེ་ནི་ཆོས་ལུགས་ཞེན་ཁོག་གི་གཞི་མ་བརྟན་པོར་བཏིང་ཚར་བ་རང་རེད་འདུག
ད་དུང་སྐད་ཆ་འདི་ཙམ་མིན་པར་བར་བར་ན་ཚོར་སྣང་དེ་འདྲ་འདྲེན་པའི་སྐད་ཆ་མང་དུ་གོ་རྒྱུ་ཡོད།
གོ་སྐབས་དང་ཕོགས་ཐུག་མ་བྱུང་བ་ཙམ་ལས་ས་བོན་གསོན་པོ་ཞིག་ག་དུས་ཡང་འབར་ཆོག་ཆོག་ཏུ་ཡོད་པར་མཐོང་།
 

འོ་ན་ཆོས་རྒྱུད་སྤྱི་འཐུས་མེད་པར་བཏང་ན་མི་སྐྱའི་ནང་དུ་ཆོས་ལུགས་ཞེན་ཁོག་མེད་པར་འགྱུར་རམ་ཞེ་ནཿ
དེ་འདྲའི་ཁ་ཕོ་ནི་ཤོད་ག་ལ་ནུས། འོན་ཀྱང་ཆོས་ལུགས་ཀྱི་ཞེན་ཁོག་འགྲུབ་པའི་རྒྱུ་རྐྱེན་མང་པོའི་ནང་ནས་གཅིག་མེད་པར་བཏང་བར་ནི་ངེས་པར་འདོད།

གནད་དོན་དངོས་ནི་ཆོས་རྒྱུད་སྤྱི་མཐུས་ཀྱིས་སུ་ཞིག་གི་སྐུ་ཚབ་བྱེད་དམ།
ཞེས་པ་འདི་རེད། དམངས་གཙོའི་ལྟ་གྲུབ་དང་འགལ་ན་ཡང་འདི་ནས་འགལ་གྱི་ཡོད། སྤྱིར་སྤྱི་མཐུས་འདི་དག་གིས་རང་རང་གི་སྡེ་ཁག་རྣམས་ཀྱི་སྐུ་ཚབ་བྱེད་དགོས་པ་ཡིན་ཡང་།
ལག་ལེན་ཐོག་གང་ཟག་སྒེར་གྱི་ངོ་ཚབ་ཏུ་འགྱུར་། གང་ཟག་སྒེར་གྱི་ངོ་ཚབ་ཏུ་གྱུར་ན་གྲོས་ཚོགས་ཀྱི་ནང་དུ་གང་ཟག་སོ་སོར་ངོ་ཚབ་མང་ཉུང་ཤོར་བ་ཡིན་པས་དམངས་གཙོའི་བལྟ་གྲུབ་དང་མི་མཐུན་པ་འདི་ནས་བྱུང་བ་ཡིན།
དཔེར་ནཿ ས་སྐྱའི་སྤྱི་འཐུས་ཀྱིས་ས་སྐྱ་བའི་བསྟན་པའི་འཐུས་ཚབ་བྱེད་དགོས་པ་ཡིན་ཀྱང་།
ལག་ལེན་ཐོག་དེ་མིན་པར་ས་སྐྱ་བའི་མི་མང་གི་འཐུས་ཚབ་ཏུ་འགྱུར་བ་ལྟ་བུ། དཔེ་དེ་བཞིན་ཆོས་ལུགས་གཞན་དག་ལ་འབྱོར་།

ད་དུང་ཇེ་བཙོག་ཏུ་བཏང་ན་ད་སྐབས་ཆོས་རྒྱུད་ཁག་གི་སྤྱི་འཐུས་དག་ལས་མང་ཕྱོགས་ཁམས་ནས་ཡིན་པས་ན་དེ་ཚོས་རང་རང་གི་ཆོས་རྒྱུད་ཀྱི་བསྟན་པའི་ངོ་ཚབ་བྱེད་པ་ལས་ཁམས་པའི་ངོ་ཚབ་བྱེད་པའི་སྣང་ཚུལ་མང་དུ་མཐོང་།
དེ་ཚོ་དམངས་གཙོའི་ལྟ་བ་དང་འགལ་བའི་ཆ་དེ་ཡིན། གྲ་གཟུགས་སྲིད་སྟེགས་ཀྱི་ཐོག་ཏུ་འཁྲབ་པ་དེ་འོས་པོ་ཡོད་དང་མེད་ཀྱི་སྐོར་ལ་ནི་ད་དུང་གླེང་སློང་ཡང་བྱས་མེད།

བཀླགས་མང་ཤོས།

ཟིན་བྲིས་བཀླགས་གྲངས་ཁྱོན་སྡོམ།

དཔར་རིས་འགྲེམ་སྟོན།

དཔར་རིས་འགྲེམ་སྟོན།
ངའི་བུ་མོ་སློབ་གྲའི་རྩེད་མོའི་ཉིན་མོ་ཨང་གཉིས་པ་ཐོབ།

ང་རང་གི་སྐོར།

My photo
I am a Tibetan, and a teacher. I have a dream that we have a unified Tibetan language. I see there is a way for this. རེ་བ་འདི་འགྲུབ་མི་སྲིད་པ་ཞིག་མིན་ལ། འདིའི་ལམ་སྣེ་གུས་པའི་ལག་ཏུ་ཡོད། དེ་ནི་ཁོ་བོས་བྲིས་པའི་(སྒྲ་སྒྲུབ་རིག་པ)ཡི་ནང་དུ་གསལ་ཡོད།