2022/08/11

བདུན་བཅུ་བཞིའི་གདུང་སེམས་ཀྱི་ལས་འགུལ།

ལོ་འགའ་ཞིག་གི་གོང་གི་ཕྱི་ཟླ་༧་པའི་ཚེས་༡༤་ཉིན་གུས་པ་ཕ་རན་སིའི་རྒྱལ་སྟོན་དུས་ཆེན་ཉིན་མོར་བདག་ས་གནས་ལ་སླེབས་ཡོད་ཅིང་། དེ་དུས་བདུན་ཕྲག་འགའ་ཞིག་དེར་བསྡད་མྱོང་བ་ཙམ་ལས་ཕ་རན་སི་དང་གུས་པ་ལ་འབྲེལ་བ་གང་ཡང་མེད། འོན་ཀྱང་འདི་ལོའི་༧་པའི་༡༤་ཡི་ལས་འགུལ་ནང་དུ་ཞུགས་མཁན་རྣམས་ལ་གཉེན་ཉེའི་འབྲེལ་བ་གང་ཡང་མེད་ན་ཡང་རིགས་ཞེན་གྱི་འབྲེལ་བ་ཟབ་མོ་ཞིག་ཡོད།  

 

བདུན་བཅུ་བཞིའི་ལས་འགུལ་གྱི་ངོ་མཚར་རང་བཞིན།

བདུན་བཅུ་བཞིའི་ལས་འགུལ་འདིར་ངོ་མཚར་གྱི་རང་བཞིན་ཞིག་ཡོད། དེ་ནི་ཚོད་ཧ་ཅང་རན་པོར་ཟིན་པ་དེ་རེད། འཐེན་ཚོད་ལྷོད་ཚོད་ཟིན་པ། མཆོང་ཚོད་བབ་ཚོད་ཟིན་པ། གཏོར་ཚད་འཇོག་ཚོད་ཟིན་པ། འདི་འདྲའི་ཚོད་ཐིགས་ཤིག་ཚོར་བས་དེད་པའི་མི་ཚོགས་ཤིག་ལ་བྱུང་ལོས་དཀོན་ཏེ། ཚོར་བ་ལ་དགྲ་ལྟར་འཛིན་པའི་རྟོག་གེ་བ་ཞིག་ལ་ཡང་ཧ་ཅང་དཀའ་མོ་ཡིན། གཡས་ཀྱི་དངོས་པོ་མ་བཅག གཡོན་གྱི་ཁང་པ་མ་གཏོར། མདུན་གྱི་ཟ་ཁང་མ་སྤར། འགྲམ་གྱི་མི་ལ་མ་གནོད། རྒྱབ་ཀྱི་གྲོགས་ལ་ཐུག འདི་འདྲ་ཞིག་ཡོང་བ་སྲིད་མཐའ་ཙམ་ཡིན་ཞིང་། ད་ལན་གཞོན་སྐྱེས་དག་གིས་སྣེ་ཁྲིད་པའི་ཞི་བའི་ལས་འགུལ་དེར་དེ་འདྲའི་ཚོད་འཛིན་ཞིག་ཡོད་པ་ནི་ངོ་མ་ངོ་མཚར་གྱིས་མཚན་པའི་ངོ་མཚར་ཞིག་རེད། ཚོར་བའི་དབང་དུ་མ་སོང་བའི་དགོས་ངེས་ཀྱི་ལས་འགུལ་ཟེར་བ་ངོ་མ་འདི་འདྲ་ཆགས་ཡོད།

སྤུན་ཟླ་བསད་པས་མ་ཚད་གསོད་ལུགས་ལ་གཅིག་ལྟོས་དང་། འདས་པའི་དུས་སུ་ཕ་མྱེས་བསད། ད་ལྟའི་དུས་སུ་སྤུན་ཟླ་གསོད། མ་འོངས་བར་བུ་ཕྲུག་གསད་ཀྱང་ཚོར་བ་གང་ཡང་མེད་པ་ནི་ཚོར་བ་ལྡིབ་སོང་བ་ལས་གཞན་གང་ཡང་མིན། ས་ཡ་གཅིག་དང་འབུམ་གཉིས་ཀྱི་རོ་བདག་ཕྲག་ལ་བབ་པའི་མི་རིགས་ཤིག་གི་ཁོག་ན་ཤ་མཁོན་གྱི་མེ་ལྕེ་མེད་པ་ནི་ནང་རུལ་བའི་མཚན་ཉིད་ལས་བྱང་ཆུབ་སེམས་པའི་མཚན་ཉིད་མིན། ང་ཚོ་ནི་བྱང་ཆུབ་སེམས་དཔའ་མིན་ལ། བྱང་ཆུབ་སེམས་པ་བྱེད་ཁོམས་ཀྱང་མེད་པ་མ་ཟད། བྱང་ཆུབ་སེམས་དཔའ་ད་དུང་བྱེད་འདོད་ཀྱང་མེད། ཤ་འཁོན་དེ་ལྟར་ཆེ་རུང་རང་ཚུགས་བཟུང་ནས་དྲག་ལས་ལ་མ་ཤོར་བ་དེ་འདྲ་འཇིག་རྟེན་ན་འབྱུང་བ་སྲིད་མཐའ་ཙམ་ཡིན།

 

ཚོར་ཤེད་ཀྱིས་དེད་པའི་གཞོན་སྐྱེས་ཀྱི་ལས་འགུལ།

རིགས་ཞེན་ཅན་བྱམས་པ་ལྷ་མཚོའི་གྲོགས་མོ་འཛངས་མ་དེའི་དང་གཙང་གི་རིགས་ཞེན་གྱིས་བསྐུལ་བའི་ལས་འགུལ་དེས་བོད་པའི་མཐུན་སྒྲིལ་དང་བོད་པའི་མིང་གྲགས་འཛམ་གླིང་ན་བཞག ཚོིར་བའི་དགྲ་བོར་འགྲེང་བའི་རང་རེའི་མཁས་པ་རེ་ཟུང་གིས་ཚོར་བ་འདིས་མ་འགྲིག་ཅེས་རྟག་ཏུ་ཚོར་བ་ཟེར་བ་ཞིག་ལ་སྨད་ཅི་ཐུབ་ཀྱིས་རང་ཉིད་བསམ་ཤེས་པ་དང་དཔྱོད་ལྡན་པ་ཞིག་ཡིན་པའི་སྣང་བརྙན་སྐྲུན་ཐབས་བྱེད་ན་ཡང་། དེའི་ངོས་གཅིག་ན་རང་ཉིད་ཀྱི་འཚོ་གནས་ཀྱི་ཚོར་བ་ལྡིབ་སོང་བ་ཡིན་ཞེས་རང་ཉིད་ཀྱིས་སྐད་བསངས་ནས་སྒྲོག་གིན་ཡོད་པ་མི་ཚོར། ལར་ནས་ཚོར་བ་དགྲ་ལང་བ་དེ་ཚོ་གཞོགས་གཞན་ཞིག་ན་ཚོར་བ་གཞན་ལས་ཆེ་བ་ཞིག་ཡིན་པ་ཡང་ཡང་ཡང་མཐོང་རྒྱུ་ཡོད། མ་ཟད་ད་བར་འཇིག་རྟེན་འདི་ཁྱེད་ཅག་གིས་བཤད་པའི་ཚོར་བ་ཟེར་བ་དེའི་སྒུལ་ཤུགས་ལ་བརྟེན་ནས་མདུན་སྐྱོད་ཡོང་ཡོད་པ་ཚན་རིག་གི་རིགས་ལམ་ལ་བཅལ་ན་ཡང་གསལ་བོ་མངོན་ཡོང་། ཚོར་བ་དེ་མེད་ན་ད་ལན་གྱི་བྱས་རྗེས་དེ་ཡང་མི་ཞོག

འུ་ཅག་གི་རྩ་དོན་འཐབ་རྩོད་ཀྱི་ལས་འགུལ་དེ་ཡང་ཚོར་བས་དེད་ནས་བྱུང་བ་ཡིན་ལ། འདེད་མཁན་གྱི་ཚོར་བ་འདི་མེད་ན་རང་དབང་འཐབ་རྩོད་ཀྱི་མེ་ཕུང་སྔར་ནས་ཤི་ཟིན་ཡོད། འཛམ་གླིང་འདིར་རང་ཚུགས་དང་རྐང་རྗེས་ཡོད་མཁན་ཚང་མ་ཚོར་བ་ཟེར་བ་དེའི་སྒུལ་ཤུགས་ལ་བརྟེན་ནས་བྱུང་ཡོད། ཚོར་བ་རིན་པོ་ཆེ་མཁྱེན། མདོར་ན་ཚོར་བའི་རྟ་ཕོ་ལ་རིགས་པའི་དཀྱུས་ས་བསྟན་ན་ད་གཟོད་དམིགས་ཡུལ་གྱི་གཏད་སོ་ལ་སླེབས་ཐུབ་པ་ལས་ཚོར་བ་ཟེར་བ་དེ་ལ་དགྲ་རུ་བཟུང་ན་ནམ་ཡང་རྗེས་ལུས་སུ་གནས་ངེས་སོ།  

 

འཚེ་མེད་ཞི་བའི་གོ་དོན།

འཛམ་གླིང་རིག་མཛོད་དྲ་བ་ཝི་ཁི་ཕེ་ཌི་ཡ་ཡི་ནང་དུ་འཁོད་པ་ལྟར་ན་འཚེ་མེད་ཞི་བ་ནི་གནས་སྟངས་གང་ཞིག་གི་ནང་དུ་གཞན་དག་ལ་གནོད་པ་མི་བྱེད་པའི་ཉམས་ལེན་ཞེས་འཁོད་འདུག འདིའི་ནང་དུ་གཞན་དག་ཅེས་པ་ནི་གང་ཟག་ལ་གོ་བ་ལས་ཅ་དངོས་ལ་མི་གོ་བ་མ་ཟད་སེམས་ཅན་ལ་ཡང་གོ་བ་མིན། ལར་ནས་འཚེ་མེད་ཞི་བའི་ལམ་ལུགས་ཞེས་པ་ལ་འགྲེལ་བཤད་མང་ཐག་ཆོད་ཅིག་ཡོད་པས་མཐའ་གཅིག་ཏུ་འདི་འོ་ཞེས་པ་ཞིག་མེད། དེས་ན་ཚོར་ལྡིབ་པ་དག་གི་གོ་བ་ལེན་སྟངས་ལྟར་ལས་གཞན་གང་དུ་ཡང་ལེན་མི་ཆོག་པ་དང་། དེ་དག་གི་གོ་བ་ལྟར་དུ་མ་སོང་ན་འཚེ་མེད་ཞི་བའི་ལམ་ལུགས་དང་འགལ་སོང་བར་ངོས་འཛིན་པ་ཞིག་གང་དུ་ཡང་གསལ་མེད།

བདུན་བཅུ་བཞིའི་ལས་འགུལ་དེ་ཡང་འཚེ་མེད་ཞི་བའི་རྒྱ་ལས་མ་འདས་པ་ཞིག་ཡིན་པ་ལས་དྲག་པོའི་ལས་འགུལ་ཞིག་ནམ་ཡང་ཆགས་མེད། ཧ་ཧ་ཧ་་་ གད་མོ་ད་དུང་མ་ཤོར། སྡེར་མ་བཅག་སོང་། ཤེལ་སྒོ་གཏོར་སོང་བས་འཚེ་བ་ཡིན་ཟེར་ན། འུར་སྒྲ་བརྒྱབས་སོང་། ལམ་ཁ་བཀགས་སོང་། སྒོར་མོ་གཏོར་སོང་བས་ཀྱང་འཚེ་བ་ལ་འགྱུར་མི་དགོས་སམ་ཞེས་འདྲི། དེས་ན་འཚེ་བ་མེད་པའི་ལས་འགུལ་ཞིག་ཉལ་ནས་བསྡད་ཀྱང་འཇོག་རྒྱུ་མེད།  

 

འཛམ་གླིང་ལ་ཞི་ངོ་རྒོལ་གྱི་མིག་སྟོན་བཟང་པོ།

ངོ་མཚར་ཆེ་བའི་བདུན་བཅུ་བཞིའི་ལས་འགུལ་དེས་འཛམ་གླིང་འདིར་མིག་དཔེ་བཟང་པོ་ཞིག་བསྟན་ཡོད། ཕ་རན་སིའི་གསར་བརྗེ་སོགས་ལས་འགུལ་གྱི་རིག་གཞུང་སྔོན་ཐོན་དུ་སོན་པའི་ཕ་རན་སིའི་ནང་དུ་བདུན་བཅུ་བཞིའི་ལས་འགུལ་དེ་ཚད་མཐོ་བའི་ངོ་རྒོལ་ཞིག་ལ་ངོས་འཛིན་བྱས་ཡོད་པ་ལས་ཁྲིམས་ལུགས་ཀྱི་ནང་དོན་མི་ཤེས་པ་འགའ་ཞིག་གིས་བཤད་སྟངས་ལྟར་ངོ་གནོངས་དགོས་པ་དང་། ཚབ་ཆེའི་ཁྲིམས་འགལ་ལས་འགུལ་ཞིག་ལ་ངོས་བཟུང་མེད་པ་མ་ཟད། ནང་རུལ་བ་འགའ་ཞིག་གིས་བཤད་སྟངས་ལྟར་ཇག་པའི་ལས་འགུལ་ཞིག་ཡིན་པར་དེ་བས་ངོས་འཛིན་བྱས་མེད། ལས་འགུལ་གྱི་རིག་གཞུང་ལ་ཉམས་མྱོང་ཕུན་སུམ་ཚོགས་པའི་ཕ་རན་སི་ནང་དུ་བདུན་བཅུ་བཞིའི་ལས་འགུལ་གྱི་ནང་དུ་བྱུང་བའི་བཅག་དཀྲུག་དེ་དག་བསམ་ཤེས་ཀྱི་དཀྱེལ་ཡངས་སུ་འཇོག་མི་ཐུབ་པ་ཞིག་མིན།

ལས་འགུལ་འདིའི་གྲུབ་འབྲས་ནི་རང་ཕྱོགས་ལ་ཆིག་སྒྲིལ་དང་། དགྲ་ཕྱོགས་ལ་ཉེན་བརྡ། ཕར་ཕྱོགས་ལ་གོ་བརྡ། གྱོད་དོན་ལ་སྐུལ་འདེད། གཤིན་པོ་ཕྱོགས་ལ་སེམས་གསོ་སོགས་བཟང་པོ་མང་པོ་བྱུང་། ད་དུང་ལས་འགུལ་འདིས་རང་རེའི་ནང་རུལ་བ་དག་གི་དྲི་མ་བསང་བ། འགོ་བྱེད་པ་དག་ལ་ཁ་ཕྱོགས་སྟོན་པ། འཐོམ་འཁྱལ་བ་དག་གི་འཐོམ་གཉིད་ལས་དཀྲོགས་པ། ན་གཞོན་པ་དག་རིགས་ཞེན་སྐྲུན་པ། འཐབ་རྩོད་པ་དག་ལ་སེམས་ཤུགས་སྤྲོད་པ་སོགས་དགེ་མཚན་གང་མང་འདྲེན་རྒྱུ་ཡོད།

 

མང་ཚོགས་ངོ་རྒོལ་གྱི་ངོས་འཛིན།

ཁྲིམས་ལུགས་དང་མང་གཙོའི་སྒྲ་ཙམ་ལས་གོ་བ་མ་ལོན་པའི་ནང་རུལ་བ་འགའ་ཞིག་གིས་ལས་འགུལ་དེས་མི་གསོད་དོན་རྐྱེན་གྱི་ཁྲིམས་ལུགས་འཐབ་བརྩོད་ལ་གནོད་པ་བྱས་རབས་དང་། རྒྱལ་ཁ་ཁྲིམས་ཐོག་ནས་ལེན་དགོས་སོགས་ཟེར། འདི་ནི་སེམས་ཐག་ཉེ་བོ་མེད་པའི་སྐད་ཆ་དང་། སྤུན་མཆེད་ལ་གདུང་སེམས་མཉམ་བསྐྱེད་ཀྱི་འདུ་ཤེས་མེད་པའི་སྐད་ཆ་ཙམ་ལས་གང་ཡང་གོ་རྒྱུ་མེད། རྒྱལ་ཁ་ཁྲིམས་ཐོག་ནས་ལེན་པའི་ཆེད་དུ་སྐུལ་སློང་ཐང་ཐོག་ནས་བྱེད་དགོས་ལ། ཡུལ་འདིར་རྒྱལ་ཁ་ཁྲིམས་ཐོག་ནས་ལོན་ངེས་པ་ཡང་ཡིན། ཁྲིམས་ཀྱིས་འགྲོ་ལུགས་གསལ་པོ་ཤེས་པའི་རྒྱལ་ཁབ་འདིར་གྱོད་དོན་གཉིས་གསུམ་ཉ་ཉོག་མཉམ་བསྲེས་བྱས་ཡོང་བསམ་པ་ནི་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་ལོ།

ནང་རུལ་བ་རེ་ཟུང་གིས་ལས་འགུལ་བ་དེ་དག་གིས་ཁྲིམས་འགལ་བྱས་པ་ཚབ་ཆེ་བ་དང་། ཁྲིམས་འགལ་བྱས་པ་དེ་ལ་བརྟེན་ནས་ཁོང་ཅག་གི་ཡིག་ཆ་ལ་གནོད་ཀྱི་རེད་ཅེས་སྒྲོག་བཞིན་འདུག དེ་ནི་ཐོབ་ཐང་ཡོད་པའི་མང་ཚོགས་ཀྱི་ངོ་རྒོལ་ལ་ངོས་འཛིན་བྱ་སྟངས་མ་ཤེས་པ་རེད། གཅིག་ནས་ངོ་རྒོལ་བ་དག་གིས་མཇུག་འབྲས་ཐམས་ཅད་རིགས་ཞེན་གྱི་ཆེད་དུ་བློས་བཏང་ཟིན་པ་ཡིན་པས་གལ་སྲིད་གྱོང་ཙག་ཙིག་ཅིག་བྱུང་རུང་དེ་ལ་གྲ་སྒྲིག་དང་བློས་བཏང་ཟིན་པ་ཡིན་ལ། གཉིས་ནས་ཅི་སྟེ་བདུན་བཅུ་བཞིའི་ལས་འགུལ་དེ་ཁྲིམས་ག་གེ་མོ་ཞིག་ལ་འགལ་ཡོད་རུང་། དེ་ནི་ཐོབ་ཐང་ཡོད་པའི་ཁྲིམས་འགལ་ཞིག་ཡིན་པས་དེ་མི་སེར་གྱི་ཐོབ་ཐང་སོགས་མི་སྦྱིན་པའི་ཆ་རྐྱེན་ལ་ནམ་ཡང་འགྱུར་མི་སྲིད། རྒྱུ་མཚན་ནི་ཁྲིམས་ལུགས་ཀྱི་ཕྱི་ནང་ཡོངས་སུ་སྨིན་ཟིན་པའི་རྒྱལ་ཁབ་དེར་བདུན་བཅུ་བཞིའི་ལས་འགུལ་དེ་འདྲ་བ་ལ་བསམ་ཤེས་མི་ཐུབ་པའི་གུ་དོགས་ཀྱི་བསམ་བློ་དེ་འདྲ་ནམ་ཡང་འཆང་གི་མ་རེད། རྒྱུ་མཚན་རྒྱལ་ཁབ་འདིར་ལས་འགུལ་ནི་མང་ཚོགས་ཀྱི་ཐོབ་ཐང་ཡིན་པའི་ངོས་འཛིན་གསལ་པོ་ཡོད་པའི་རིག་གཞུང་སྲ་བརྟན་དུ་ཚུགས་ཟིན་ཡོད་པས་སོ། མི་འདི་དག་གིས་ཉེས་ཁྲིམས་དང་འབངས་ཁྲིམས་ཟེར་བ་ལོགས་སུ་ཡོད་པ་ཡང་གོ་མྱོང་མེད་འདྲ།

ཡང་འགའ་ཞིག་གིས་ད་ལན་གྱི་དོན་རྐྱེན་འདི་བོད་མི་ཞིག་སྒེར་དོན་དུ་ཤི་བ་ལས་བོད་སྤྱིོ་བའི་དོན་ལ་ཤི་བ་མིན་པས་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་དེ་ཡང་མི་འོས་ཚུལ་ཕྲག་དོག་འདྲ་བ་ཞིག་བཤད། གལ་སྲིད་ཕྲག་དོག་མིན་ན་སྐད་ཆ་དེ་འདྲ་བཤད་མི་རིགས་ཏེ། ང་ཚོ་ནི་རྩ་དོན་འཐབ་རྩོད་པ་ཞིག་ཡིན་ཞིང་། རྩ་དོན་འཐབ་རྩོད་པ་ལ་གོ་སྐབས་ལས་གནད་ཆེ་བ་ཞིག་མེད། གོ་སྐབས་ནམ་བྱུང་ལ་དམ་འཛིན་བྱས་ནས་རྩ་དོན་ལ་གཞོལ་དགོས་པ་ལས་ལོ་རེར་ཐེངས་རེར་བྱང་ཆུབ་སེམས་མཆོག་མ་རེ་བཏོན་ནས་གང་ཡང་མི་ཡོང་། གསོད་མཁན་རྒྱ་རེད། གསད་ཡུལ་བོད་རེད། གསོད་ལུགས་ཁྱི་རེད། ཤ་མཁོན་མེ་རེད། འདི་རྩ་དོན་རྩོད་པའི་གོ་སྐབས་ལ་སྒྱུར་བ་ནི་ཧ་ཅང་སྤྱང་གྲུང་གི་བྱ་བ་ཞིག་རེད། ན་གཞོན་རྣམ་པ། ངོ་སོ་བསྟོད།

 

ལས་འགུལ་འདིའི་ལྡོག་ཕྱོགས་ཀྱི་འབྲས་བུ།

སྤྱིར་ན་བདུན་བཅུ་བཞིའི་ལས་འགུལ་ལ་སྐྱོན་བརྗོད་བྱེད་པ་དེ་མི་འོས་པ་ཞིག་མིན་པ་མ་ཟད། གྲོངས་མཁན་དང་ཆོལ་ཁུངས་གཅིག་པ་ནང་ཁུལ་ལ་སྐྱོན་བརྗོད་བྱས་ཀྱང་སྐྱོན་ཆེན་པོ་མེད། འོན་ཀྱང་ད་ལྟའི་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་གནས་སྟངས་འདིའི་ནང་དུ་ཆོལ་ཁ་མི་གཅིག་པའི་མི་དག་གིས་སྐྱོན་བརྗོད་བྱེད་པ་ནི་ཆོལ་ཁ་ཕན་ཚུན་སེམས་ཐག་རིང་དུ་འགྲོ་བྱེད་ཅིག་ལས་ཕན་ཐོགས་གང་ཡང་མེད།

གཤིན་པོ་དང་ཆོལ་ཁ་གཞན་པའི་མི་རེ་ཟུང་གིས་རང་ཉིད་བསམ་ཤེས་ཅན་དང་འགན་ཁུར་ཅན་ཡིན་མདོག་གིས་འགན་ཁུར་མེད་པའི་སྐྱོན་བརྗོད་དྲག་པོ་བྱས་སོང་། དེ་ནི་བོད་མི་རིགས་ལ་ཕན་པ་ཞིག་ཕར་ཞོག་ཐ་ན་རང་ཉིད་བསམ་ཤེས་ཅན་ཡིན་པའི་གདེངས་འཇོག་ཆེ་རུ་འགྲོ་བའི་རེ་བ་དེ་ཡང་མངོན་གྱུར་བྱུང་མེད་ཚོད། ལྡོག་ཕྱོགས་ནས་ཁྱོད་རང་དང་ཆོལ་གཞན་གྱི་མི་རྣམས་ཀྱི་བར་ལ་གོམ་པ་གཉིས་ཀྱིས་སེམས་ཐག་རིང་དུ་སོང་ཡོད་ལ། དེ་ལ་བརྟེན་ནས་ཆོལ་ཁ་གཉིས་བར་གྱི་སེམས་ཀྱི་བར་ཐག་དེ་གོམ་པ་གང་གིས་རིང་དུ་ཕྱིན་ཡོད། དཀྲུགས་ཤིང་ཟེར་ན་འདི་འདྲ་ཞིག་ལས་རྭ་ཅན་ཞིག་འབྱུང་རྒྱུ་མེད་དོ།

དྲང་མོ་བཤད་ན་མྱི་མི་དགའ་། དབྱུག་པ་འཕྱར་ན་ཁྱི་མི་དགའ་། ཞེས་པའི་གཏམ་དཔེ་དེ་ཁ་ནས་སྐྱོར་ཤེས་ཀྱི་འདུག་ན་ཡང་དེའི་ནང་དོན་ཤེས་ཀྱི་མེད་པ་འདྲ། དེ་མིན་མྱི་མི་དགའ་བའི་ལས་ཡིན་པ་ཤེས་བཞིན་དུ་ལས་དེ་ལ་ཅིའི་ཕྱིར་ཞུགས། དམིགས་ཡུལ་གཞན་ཞིག་མེད་ན་དེ་ནི་རང་ཉིད་ཀྱིས་སྡིག་པ་གསོགས་བྱེད་ཙམ་ཡིན་པ་ཡང་ངོས་འཕྲོད་མི་འདུག གཞན་སེམས་མ་དཀྲུགས། རང་ཚུགས་མ་ཤོར།་ཅིའི་མ་བདེན།

བདུན་བཅུ་བཞིའི་ལས་འགུལ་འདི་ལ་མོས་མཐུན་མེད་པ་ཡོང་སྲིད་པ་ཞིག་རེད། འོན་ཀྱང་དེ་ཡུལ་དུས་གནས་སྟངས་གསུམ་ལ་ལྟོས་པར་སྒྲོག་རྐྱང་བྱ་འོས་པ་ཞིག་རེད་དམ་མ་རེད་བལྟ་ཤེས་པ་ཧ་ཅང་གནད་འགག་ཆེ། 

བདེན་པ་དང་དྲང་མོ་ཟེར་བ་ཡུལ་དུས་གནས་སྟངས་ལ་བལྟ་མ་ཤེས་པར་སྒྲོག་རྐྱང་བྱེད་པ་ནི་དོན་དུ་བདེན་པ་དང་དྲང་མོའི་ངོས་འཛིན་ཡང་གསལ་པོ་ཞིག་ཐོབ་མེད་པའི་རྟགས་སུ་ཤེས། སངས་རྒྱས་ཀྱི་གསུང་ཡིན་ཡང་ཡུལ་དུས་ལ་མ་གཟིགས་པར་ནུས་པ་མི་འཐོན། དེའི་དབང་གིས་ཡུལ་དུས་ལ་མ་གཟིགས་པར་གསུང་མི་རིགས་པ་ཡིན་ན་ཕྱོགས་ཞེན་གྱི་ཆུ་ཡིས་འགྲངས་ཟིན་པའི་གང་ཟག་དཀྱུས་མ་ཞིག་གི་སྐད་ཆ་ལ་ཡུལ་དུས་ལ་བལྟ་མི་དགོས་པ་ཇི་ལྟར་ཡོང་སྲིད་དམ། ཁོ་ཅག་གི་སྐད་ཆ་དེ་སངས་རྒྱས་ཀྱི་གསུང་ལས་ཀྱང་ལྷག་པའི་ནུས་པ་ཅན་ཞིག་རློམ་ཡིན་ནམ།

མདོར་ན་བདུན་བཅུ་བཞིའི་ཞི་བའི་ལས་འགུལ་དེ་ལ་ངན་འབྲས་ཤིག་བྱུང་བ་ནི་ནང་རུལ་ཚོར་ལྡིབ་པ་དེ་དག་ལ་ནང་ཁུལ་འཁོན་སེམས་སློང་བའི་གོ་སྐབས་ཤིག་ཐོབ་པ་དེ་ཡིན་ཞིང་། མང་པོ་ཞིག་གིས་གོ་སྐབས་དེ་དམ་འཛིན་ཡང་བྱས་སོང་བ་ནི་འགྱོད་པའི་རང་བཞིན་ནོ།  

 

བཀླགས་མང་ཤོས།

ཟིན་བྲིས་བཀླགས་གྲངས་ཁྱོན་སྡོམ།

དཔར་རིས་འགྲེམ་སྟོན།

དཔར་རིས་འགྲེམ་སྟོན།
ངའི་བུ་མོ་སློབ་གྲའི་རྩེད་མོའི་ཉིན་མོ་ཨང་གཉིས་པ་ཐོབ།

ང་རང་གི་སྐོར།

My photo
I am a Tibetan, and a teacher. I have a dream that we have a unified Tibetan language. I see there is a way for this. རེ་བ་འདི་འགྲུབ་མི་སྲིད་པ་ཞིག་མིན་ལ། འདིའི་ལམ་སྣེ་གུས་པའི་ལག་ཏུ་ཡོད། དེ་ནི་ཁོ་བོས་བྲིས་པའི་(སྒྲ་སྒྲུབ་རིག་པ)ཡི་ནང་དུ་གསལ་ཡོད།