2010/12/05

ཚེ་སྲོག་གི་གཤགས་བཅོས།

ཉེ་ཆར་༧གོང་ས་མཆོག་གིས་ཁོང་ཉིད་ཆབ་སྲིད་ཀྱི་ཐུགས་འགན་ལས་ཕྱེད་རྒན་ཡོལ་དུ་ཡོད་པ་ལས་རྒན་ཡོལ་ཆ་ཚང་ཞུ་འདོད་ཡོད་སྐོར་ཞིག་གསུང་བ་དེས་བོད་མིའི་སྤྱི་ཚོགས་ནང་དུ་གླེང་གཞི་གསར་བ་ཞིག་བྱུང་། སྐབས་འཚོལ་བ་ཚོས་རང་མིང་གོང་མཐོར་འདེགས་པའི་ལག་ཆ་ཞིག་རག་པ་དང་། ཐུགས་ཁུལ་ཅན་འགའ་རེར་བཅོས་མེད་ཀྱིས་བློ་འཚབ་སོགས་བྱུང་ཡོད། འདིའི་སྐོར་ལ་བདག་གི་བསམ་ཚུལ་དེ་གསལ་ཁ་ཞིག་མ་བཏོན་ན་ཇོ་བཟང་གི་ངང་ཚུལ་དུ་འགྱུར་བས་འདི་ཆེད་དུ་གླེང་བ་ཡིན།
དགེ་དང་སྐྱོན་ཟེར་བ་ནི་དགེའི་གཞོགས་གཞན་པའི་ངོས་དེ་སྐྱོན་ཡིན་པ་དང་སྐྱོན་གྱི་གཞོགས་གཞན་པ་དེ་དགེ་ཡིན་པས་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་ཞེས་པ་ནི་ཐུན་མོང་འཇིག་རྟེན་པའི་སྣང་ངོར་འོང་སྟངས་མེད་པར་རིག་ལམ་གྱིས་གཞལ་ཐུབ་པ་ཞིག་རེད། གླེང་གཞི་འདི་བཤད་པར་ངོ་བོ་དང་མཇུག་འབྲས་གཉིས་ཀྱིས་དགེ་སྐྱོན་བཤིབ་སྡུར་བྱེད་པའི་སྒོ་ནས་འདིའི་གསང་དུ་ཡོད་པའི་གནད་དོན་དེ་ཀློག་པོ་དག་ལ་འབུལ་འདོད།
དང་པོ་ངོ་བོ།
ཁོང་གིས་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་མི་བཞེས་པ་ལ་འགན་འཁུར་དང་ཐུགས་བསྐྱེད་ཀྱི་གཏིང་ཟབ་པའི་དགོས་པ་དང་རྒྱུ་མཚན་གཉིས་ཡོད་སྣང་།
དང་པོ་ཟོལ་མེད་ཀྱི་འགན་འཁུར་། ༧གོང་ས་མཆོག་ནི་དོན་དམ་པའི་བོད་མའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་རྩོད་མེད་ཡང་དག་པ་དེ་ཡིན་པ་མ་ཟད་བོད་མི་རིགས་ཀྱི་བསམ་བློའི་སྣེ་ཁྲིད་པའང་ཡིན། ༧ཁོང་གིས་ལན་གྲངས་དུ་མར་རྒན་ཡོལ་ལ་ཕེབས་ཀྱི་ཡིན་གསུང་བ་འདི་དོན་དམ་པའི་འགན་ཁུར་བཞེས་ནས་གསུང་བ་ཡིན། འདི་ནི་དམངས་གཙོ་སྲ་བརྟན་དང་དེ་འབྲེལ་གྱི་སྲིད་གཞུང་སྲ་བརྟན་འབྱུང་ཆེད་དུ་ཡིན།
དམངས་གཙོ་སྲ་བརྟན། འདིར་སྐབས་སུ་འབྲེལ་ནས་སྔོན་མའི་གཏམ་ཉོག་ཅིག་གླེང་དགོས་བྱུང་། མཁས་དབང་ཟམ་གདོང་རིན་པོ་ཆེས་སྐབས་ཤིག་ལ་༧གོང་ས་མཆོག་གལ་ཆེའམ་དམངས་གཙོ་གལ་ཆེ། ཞེས་པའི་བསམ་ཚུལ་བསྡུས་པ་དེའི་རྒྱབ་ཏུ་༧གོང་ས་མཆོག་དམངས་གཙོ་མར་གསོལ་རས་སྩོལ་མཁན་དེ་དམངས་གཙོའི་བཀག་རྡོ་ཡིན་མདོག་བསྟན་ཡོད། ཅེས་སྤྱི་ཚོགས་ཐོག་ཧང་སང་སང་གིས་གཅིག་སྟོད་གཅིག་སྨད་ཀྱིས་དབྱེན་དཀྲུག་ལྟ་བུའི་ཁྲེལ་བཀྱོན་གནང་བྱུང་། བཀའ་མོལ་འདིའི་ཤུགས་རྐྱེན་ངན་པ་ལ་བསམ་སྐབས་དེ་དུས་བདག་གི་བློ་ལ་མི་འགྲོ་བ་ཆེན་པོ་བྱུང་ཡང་། རང་རེའི་སྤྱི་ཚོགས་ན་ཟམ་གདོང་རིན་པོ་ཆེ་ལ་སྐྱོན་བརྗོད་བྱེད་པ་དེ་རང་ཉིད་ཀྱི་བཟི་བརྗིད་ཅིག་ཏུ་མཐོང་ནས་གང་ཐུབ་ཀྱིས་དེ་ལ་འཇུག་མཁན་ཡོད་པ་ལྟ་བུའི་ཚོར་སྣང་ཞིག་བྱུང་བས་ངས་བཏང་སྙོམས་སུ་བཞག་པ་ཡིན། འོན་ཀྱང་དེ་རིང་སྐབས་དང་འབྲེལ་བའི་ཆ་ནས་འཆད་དགོས་པར་གྱུར་། གལ་སྲིད་མི་ཞིག་གིས་༧གོང་ས་མཆོག་དམངས་གཙོའི་བཀག་རྡོ་ཡིན་པར་བཤད་ན་ཡང་དེ་ནི་བརྗོད་ལུགས་ཀྱི་ཆ་ནས་ཞེ་ས་དང་གུས་ཞབས་ཀྱིས་མ་བརྗོད་པ་ཙམ་ལས་དོན་དག་གི་ཐོག་ནས་ཧ་སོང་ཆེན་པོ་གང་ཡང་མིན། དེ་ནི་༧གོང་ས་མཆོག་རང་ངོས་དམངས་གཙོ་ལ་འགོག་རྐྱེན་བྱེད་མཁན་ཞིག་ཡིན་པར་གོ་དགོས་ཀྱི་མེད་པར་རང་རེའི་བོད་མིའི་སེམས་ཁམས་ལ་བལྟོས་ཏེ་༧ཁོང་དམངས་གཙོའི་བཀག་རྡོར་འགྱུར་ཆོག་པར་གོ་བ་ཡིན། ཟམ་གདོང་མཆོག་མཁས་དབང་ཞིག་ཡིན་པ་དང་ལྷག་པར་དུ་རིག་ལམ་ལྡན་པ་ཞིག་གིས་གནད་དོན་འདི་འདྲ་མ་མཁྱེན་པ་ཡེ་ནས་ཡིན་མདོག་མི་ཆེ་ཡང་ཁོང་འདི་འདྲའི་སུན་འབྱིན་ཁོ་ནར་དམིགས་པའི་གཏམ་སྨྲ་བར་ཐུགས་མཉེས་ཙམ་ཡོད་པ་ད་ལན་སླར་ཡང་ལན་གཅིག་བསྟན།  
དེ་ཡང་དགེ་རྒན་གྱི་ལས་ཞིག་ལ་ཆ་བཞག་ན་དགེ་རྒན་གྱིས་སློབ་ཁྲིད་གསལ་ཇི་ཐུབ་གང་ཐུབ་ཁོ་ན་བྱེད་པ་ནི་སློབ་ཕྲུག་གི་སློབ་སྦྱོང་འཕེལ་བའི་འགོག་རྐྱེན་དུ་བརྩི་བ་ཡིིན། རྒྱུ་མཚན་ནི་སློབ་སྦྱོང་ནི་སློབ་ཕྲུག་རང་ངོས་ནས་རིག་སྟོབས་སད་ནས་ཤེས་དགོས་པས་ཡིན། ཨ་མས་བུ་མོ་གནས་ལ་བརྩེ་བའི་དབང་གིས་ནང་ལས་གཅིག་ཀྱང་བྱེད་དུ་མ་བཅུག་ན་བུ་མོ་གནས་ལ་སླེབས་སྐབས་ནང་ལས་བྱེད་མི་ཤེས་པའི་དཀའ་ངལ་འབྱུང་། དཀའ་ངལ་དེའི་འབྱུང་རྩ་ནི་ཨ་མ་ཡིན་པར་བཤད་པ་ལ་རིག་པས་གནོད་པ་གང་ཡང་མེད། གོང་ནས་རྦ་ཆུ་ཤུགས་ཀྱིས་བབས་བས་གཤམ་དུ་དོང་ཆགས་ནས་ཆུ་འཁྱིལ་བ་རེད། གཤམ་ནས་ཆུ་ཤར་གྱིས་བཞུར་མི་ཐུབ་པ་དེ་གོང་གི་ཤུགས་ཀྱིས་ཐུར་བཞུར་བའི་དབང་གིས་ཡིན་པར་བཤད་ན་དོན་དུ་དངོས་འགལ་ལྟར་སྣང་མོར་དེ་ལ་མི་བདེན་པ་མེད། སྔ་མོ་ཁྱིམ་བྱ་དེ་ཕོ་རྣམས་རྒྱུན་ལྡན་གྱི་བྱ་བཞིན་དགོངས་སྔོན་མཁའ་ལམ་གཅོད་ཐུབ་མཁན་གཅིག་མཚུངས་ཡིན་ན་ཡང་ད་སྐབས་མི་ལུས་གཅིག་ཙམ་ལ་ཡང་འཕུར་མི་ཐུབ་དེ་བདག་པོའི་བཟོས་པའི་བྱ་ཁང་གྲུ་བཞི་དེའི་དབང་གིས་བྱུང་བ་རེད་ཅེས་གླེང་ན་དོན་གོ་རྒྱུ་མེད་པ་གང་ཡང་མིན། འཁོར་བ་སྤང་པའི་བྱ་བ་ཡང་དག་དང་འཁོར་བ་སྐྱོང་བའི་བྱ་བ་ཡང་དག་གཉིས་འགལ་འདུ་ལྟག་སྤྲོད་ཡིན་དགོས་པའི་སྟབས་ཀྱིས་ད་སྐབས་རང་རེའི་ཆོས་ཀྱིས་སྲིད་ཉམས་སུ་བཅུག་སོང་ཟེར་བ་འདིར་མོས་མཐུན་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། དེ་ལྟར་ན་གླེང་ཕྱོགས་དེ་ཡང་ཚིག་འཁྲི་ལ་བསམ་གྱིན་མ་བསྡད་ན་འགྲིག་ཡོད་པར་འདོད་མཁན་མང་དུ་སོང་བ་རེད། ང་ཚོ་ལ་སྦྱིན་བདག་མང་པོ་རག་པ་འདིས་གཞན་རྟེན་གྱི་བསམ་བློ་ངང་གིས་འཕེལ་ནས་བོད་ཀྱི་སྤྱི་ཚོགས་ནང་སྒྱིད་ལུག་གི་བསམ་བློ་སྤེལ་གྱི་ཡོད་པ་དང་། དེའི་དབང་གིས་རང་ཁ་རང་གསོའི་ཆེད་དུ་ལང་འདོད་ཀྱི་སེམས་ཤུགས་ཉམས་སུ་འཇུག་གི་ཡོད་པ་ཟམ་གདོང་རིན་པོ་ཆེ་རང་ཉིད་ཀྱིས་དགོངས་པ་མིན་ནམ། སུར་པན་ཁ་ཚ་སོགས་ཟས་ཚ་དྲོད་ལྡན་པ་བཟས་མང་ན་ནང་གི་གྲོད་པའི་ཚ་དྲོད་ཉམས་ཀྱི་ཡོད་པ་སྨན་པ་ཐབས་ཆག་ཅིག་གི་རྒྱུན་ཤེས་ཆུང་ཆུང་ཞིག་རེད།
གོང་གི་དཔེ་དེ་དག་ལས་ཅི་ལྟར་བསྟན་པ་ཇི་བཞིན་༧གོང་ས་མཆོག་ཇི་སྲིད་བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་དུ་ཡོད་པ་དེ་སྲིད་དུ་བོད་མི་མང་གིས་ཁོང་ལ་བློ་ལིང་གིས་འགེལ་བའི་བསམ་བློ་ཞིག་རང་བཞིན་གྱིས་འབྱུང་བ་རེད། འདི་དབུ་སེམས་ཀྱི་རིག་པས་བརྡར་ཤ་བཅད་ནས་དཔྱད་ན་༧གོང་ས་མཆོག་དམངས་གཙོའི་བཀག་རྡོ་ལ་འགྲོ་བའི་རིག་པའི་སྒྲུབ་བྱེད་ཡང་དག་ཏུ་འགྲོ་འམ་མི་འགྲོ་ཇི་ལྟར་ན་ཡང་མ་བརྟག་མ་དཔྱད་པའི་བསམ་བློ་རང་བཞིན་པའི་ངོར་དམངས་གཙོའི་བྱ་འགུལ་ནང་དུ་འཛུལ་ཞུགས་ཧུར་ཐག་ཅིག་བྱེད་མི་ཐུབ་པའི་རྒྱུ་མཚན་ཙམ་དུ་ངེས་པར་དུ་འཇོག་ཆོག
བར་ལམ་ནས་ང་ཚོའི་དམངས་གཙོ་འདི་ཚད་མཐོ་བོར་སླེབས་ཡོད་པའི་བཤད་སྲོལ་བྱུང་ཞིང་། ངོ་མ་དེ་ལྟར་དོན་ལ་མ་གནས་པ་ཡང་ཆེར་མེད། ང་ཚོའི་དམངས་གཙོའི་ཚད་འདི་ཙམ་ལ་སླེབས་པ་ཡང་ཁོང་གིས་བར་ལམ་ནས་ཕྱེད་རྒས་ཡོལ་དུ་བཞུགས་པའི་ཉེར་ལེན་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན། ད་ལྟ་ང་ཚོའི་དམངས་གཙོ་ཚད་མཐོན་པོར་སླེབས་ཡོད་དུ་ཆུགས་ཀྱང་རྩ་བ་བརྟན་པོར་ཡེ་ནས་ཚུགས་མེད། མ་འོངས་པར་དམངས་གཙོ་སྲ་བརྟན་ཞིག་ཡོང་བར་ཁོང་གིས་རྒན་ཡོལ་དུ་ཧྲིལ་གྱིས་མ་བཞུགས་པར་དུ་མི་འོང་བར་ཁོང་གིས་མཁྱེན་ནས་བཀའ་མོལ་འདི་དག་གསུང་བ་ཡིན། ད་བར་དུ་བྱུང་བའི་རང་རེའི་དམངས་གཙོའི་འཕེལ་རིམ་གྱི་ཀྱོག་མཚམས་གལ་ཆེན་ཡོངས་རྫོགས་༧གོང་ས་མཆོག་ཁོ་ནའི་ངོས་ནས་མར་བསྒུལ་བ་ཞིག་ལས་བོད་མི་མང་གིས་ཡར་གནོན་ཤུགས་སྤྲད་ནས་བྱུང་བ་གཅིག་ཀྱང་མེད་པ་འདི་དྲན་དགོས་ཀྱི་འདུག
བཙན་བྱོལ་སྲིད་གཞུང་སྲ་བརྟན། འགའ་ཞིག་གིས་རང་རེའི་དམངས་གཙོའི་གཞུང་འདི་བློ་ཁ་ཡོངས་སུ་ཁེངས་བའི་ཚད་ཧ་ཅང་མཐོ་བོར་སླེབས་ཡོད་པར་དགོངས་ཀྱི་འདུག་མོད་དེ་ལ་བསམ་རྒྱུ་འདི་ཡོད་དེ། གཅིག་ནས་རང་རེའི་དམངས་གཙོ་འདི་གནས་ཚད་ཧ་ཅང་མཐོན་པོ་ཞིག་ལ་སླེབས་ཡོད་མེད་ཀྱང་བཤད་དཀའ་མོར་སྣང་ལ། ལྷག་པར་དུ་ད་དུང་རང་རེའི་དམངས་གཙོ་འདིའི་རྩ་བ་སྲ་མོ་གོར་མོ་ཇི་བཞིན་དུ་གྲུབ་མེད། དམངས་གཙོའི་འཕེལ་རིམ་ནང་དུ་ཚོར་སྣང་གི་རྗེས་སུ་འགྲོ་བའི་གནས་རིམ་ཞིག་དང། དཔལ་འབྱོར་གྱི་རྗེས་སུ་འགྲོ་བའི་གནས་རིམ། རིག་དཔྱད་ཀྱི་རྗེས་སུ་འགྲོ་བའི་གནས་ཚད་བཅས་རིམ་པ་གསུམ་ཡོད། རང་རེའི་དམངས་གཙོ་ནི་ད་དུང་ཚོར་སྣང་གི་རྗེས་སུ་འགྲོ་ལྡོག་བྱེད་པའི་གནས་རིམ་ལ་ལུས་ཡོད། གལ་སྲིད་༧གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་སྐབས་སུ་གནད་དོན་འགའ་ཞིག་གསལ་བོ་བཟོ་མ་ཐུབ་ན་༧ཁོང་མ་བཞུགས་པའི་ཉིན་མོ་རང་རེའི་གཞུང་ལ་ཉེན་ཁ་ཆེན་པོ་ཡོད།
གཅིག ༧གོང་ས་མཆོག་ཆབ་སྲིད་ཀྱི་དབུ་ཁྲིད་མི་མཛད་པའི་དོན་ནི་ད་ལྟ་རང་རེའི་རྩ་ཁྲིམས་ལ་གསལ་བའི་བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་༧གོང་ས་མཆོག་ཡིན་པ་དེ་ལ་འགྱུར་བ་གཏོང་དགོས། ༧ཁོང་ཉིད་སྐུ་མ་བཤེགས་པར་དུ་སྒུག་ནས་བསྡད་ན་དེ་གཏོང་བར་ལས་སླ་བོ་ཞིག་མེད། རྒྱུ་མཚན་ནི་ང་ཚོའི་དམངས་གཙོ་འདི་ད་དུང་ཚོར་བའི་རྗེས་འབྲང་གི་རྒྱུད་རིམ་ན་ལུས་ཡོད་པའི་དབང་གིས་ཡིན། དེ་དུས་རྒྱལ་ཁབ་ཀྱི་དབུ་ཁྲིད་དེ་སུས་བྱེད་དགོས་པའི་གནད་དོན་འདིའི་ཐད་དུ་དཀའ་རྙོག་ཧ་ཅང་ཆེན་པོ་འཕྲད་སྲིད། དེ་ཡང་ཚིག་དམར་རྗེན་དུ་འཇུས་ནཿ རྒྱལ་བ་ཀརྨ་པས་གནང་རྒྱུ་ཡིན་ནམ། ས་སྐྱ་གོང་མས་གནང་རྒྱུ་ཡིན་ནམ། ཡང་ན་དགའ་ལྡན་ཁྲི་བ་སོགས་བླ་ཆེན་གཞན་ཞིག་གིས་གནང་རྒྱུ་ཡིན་ནམ། ཡང་ན་སྲིད་འཛིན་བསྐོ་དགོས་སམ། རྒྱལ་ཚབ་བསྐོ་དགོས་སམ། དགོས་ན་ཇི་ལྟར་བསྐོ་འམ། འོས་ལྡུག་གམ། ལྡུག་ན་སུས་བླུག་གམ། ད་དུང་འདི་དག་ནི་རྙོག་དྲ་ཆུང་རིགས་རེད། དེ་དུས་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་ཞབས་སྟེགས་འདིའི་དོན་དུ་ཆོས་རྒྱུད་ཁག་གི་བླ་ཆེན་རྣམས་འཚང་རྩོད་བྱུང་ན་ཅི་བྱེད། རྙོག་དྲ་འདི་རིགས་ཡོངས་རྫོགས་ཁོང་ཉིད་སྐུ་འཚོ་བཞུགས་ཀྱི་སྐབས་སུ་འབྱུང་དགོས། དེ་བྱུང་ན་༧ཁོང་གིས་དང་༧ཁོང་ཁོ་ནས་ཐག་གཅོད་ཡག་པོ་ཞིག་གིས་ལམ་ལ་ཡང་དག་པར་འཇོག་ཐུབ།
གཉིས། ༧གོང་ས་མཆོག་གིས་མུ་མཐུད་ནས་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་ཁུར་ན་གོང་གི་རྙོག་དྲ་དེ་དག་ཡོངས་རྫོགས་ཁ་འདན་ནས་བཞག་པ་ལས་གཙང་སེལ་བྱུང་ཞིག་ཡེ་ནས་མིན། ནམ་ཞིག་༧ཁོང་ཉིད་དགོངས་པ་གཞན་དོན་བཤེགས་རྗེས་སུ་ངོ་མ་བྱེའུ་ཕྲུག་ཐང་སྟོང་དུ་ལུས་པ་ལྟར་འགྱུར་ལས་མདུན་ན་རྔམ་འཐུག་པའི་རྙོག་དྲ་དེ་དག་གིས་འཇིགས་ཡེར་རེར་སྒུག་ནས་ཡོད། དེ་དུས་དཀའ་རྙོག་དེ་སེལ་འདོད་ཀྱང་སེལ་ཐུབ་མཁན་གཅིག་ཀྱང་མེད།
གསུམ། གལ་སྲིད་ཁོང་སྐུ་འཚོ་བཞུགས་ཀྱི་སྐབས་སུ་༧ཁོང་གི་རྒྱུན་འཛིན་པའི་རྩ་བ་བརྟན་པོར་བཙུགས་པ་ན་རྒྱ་ཕྱོགས་ན་རྒྱུན་དུ་བརྩིས་བཀོད་བཞིན་པའི་༧གོང་ས་མཆོག་སྐུ་ཞི་བར་བཤེགས་པར་མི་རིང་ཞིང་ནམ་ཞིག་བཤེགས་པ་ན་བཙན་བྱོལ་བོད་གཞུང་རྨེག་མེད་དུ་འགྱུར་བར་བཤད་པ་ལ་བརྡ་ལན་ཚ་བོ་ཞིག་ཀྱང་སྤྲད་པ་ཡིན། སྤྱིར་ན་བརྡ་ལན་ཚ་བོ་སྤྲོད་པ་ཙམ་གལ་མི་ཆེ་ན་ཡང་གཞིས་བཞུགས་བོད་མིའི་སེམས་ཕུགས་ཇེ་དྲོ་རུ་འགྱུར་བ་གདོན་མི་ཟ། འདི་ནི་རླབས་ཆེན་གྱི་བྱ་བཞག་ཅིག་རེད།
རྒྱ་ཆེ་བའི་ཐུགས་བསྐྱེད ༧གོང་ས་མཆོག་ནི་འཛམ་གླིང་གི་ཉི་མ་ཡིན་པས་ཁོང་གི་འོད་ཟེར་དེ་ཤར་ནུབ་ཀྱི་དབྱེ་བ་མེད་པར་ཀུན་ལ་ཁྱབ་དགོས། ༧ཁོང་བོད་མིའི་ཆབ་སྲིད་ཀྱི་དྲ་བ་ལས་ཕྱིར་འདོན་པ་ནི་༧ཁོང་གི་རྒྱ་ཆེ་བའི་ཐུགས་བསྐྱེད་གསུམ་པོ་སྔར་ལས་ཕུན་སུམ་ཚོགས་པའི་སྒོ་ནས་དང་བར་ཆད་མེད་པའི་སྒོ་ནས་ཕྱག་ལེན་སྟར་ཐུབ་ཆེད་དུ་ཡིན། ཕྱོགས་གཞན་ནས་བཤད་ན་རང་ཅག་གིས་ཁོང་ལ་དེ་ལྟར་གནང་མ་བཅུག་པ་ནི་རང་ཅག་གི་རང་གཅེས་འཛིན་གྱི་བྱ་བ་དང་། ཉི་ཟླའི་འོད་ཟེར་ལ་གཟའ་སྲིན་གྱིས་བར་ཆད་བྱས་པ་དང་འདྲ།
༧ཁོང་བོད་མིའི་ཆབ་སྲིད་ཀྱི་དཀྱིལ་དུ་མ་བཞུགས་པ་ལས་བོད་རིགས་དང་གཏན་དུ་གྱེས་པ་མིན། མང་པོ་ཞིག་ལ་གློ་བུར་གྱི་སེམས་འཚབ་ཡོང་བ་ལྟར་༧ཁོང་གིས་ཆབ་སྲིད་ཀྱི་ཐུགས་ཁུལ་མ་བཞེས་པ་ན་འདི་དང་འདི་འགྱུར་ཞེས་སེམས་ཁྲལ་མང་པོ་ཞིག་འདྲེན་གྱི་འདུག་མོད། དེ་དག་ཚང་མ་ཁོང་འཇིག་རྟེན་འདི་དང་གཏན་དུ་ཁ་གྱེས་པའི་སྐབས་སུ་འབྲེལ་ཆགས་པ་ཤ་སྟག་ལས་༧ཁོང་སྐུ་འཚོ་བཞུགས་ཡོད་པའི་སྐབས་འབྲེལ་བ་མེད་པ་ཤ་སྟག་རེད་འདུག ༧ཁོང་ནི་ནམ་ཡང་བོད་མིའི་སེམས་ཀྱི་སྣེ་ཁྲིད་པ་ཡིན་པ་དང་། ༧ཁོང་ནི་ནམ་ཡང་བོད་མི་རིགས་ཀྱི་མེ་ཏོག་གང་ལ་ཕོགས་པའི་ལྷ་སྐལ་ཡིན་པས་༧ཁོང་གིས་ཇི་ལྟར་ལན་མང་གསུངས་བ་བཞིན་༧ཁོང་གིས་ཆབ་སྲིད་ཀྱི་ཐུགས་འགན་མི་བཞེས་པ་དེ་༧ཁོང་གིས་བོད་ཀྱི་ལས་དབང་ཡལ་བར་དོར་བ་ཡེ་ནས་མིན། ནམ་དགོས་ན་༧ཁོང་དེར་བྱིན་རླབས་དང་བཀའ་སློབ་ཞུ་སར་ཡོད།
༧ཁོང་རྒན་ཡོལ་དུ་མི་ཕེབས་པའི་རེ་སྐུལ་ལན་གྲངས་དུ་མར་ཞུས་ཡོད། བོད་མི་རིགས་བརྒྱ་ཆ་དགུ་བཅུ་གོ་དགུ་དང་གྲངས་ཆུང་དགུ་དགུས་ཁ་ཞེ་གཉིས་མེད་ཀྱིས་བློ་སྙིང་བྲང་གསུམ་གཏོད་ས་༧གོ་ས་མཆོག་ཉག་ཅིག་ཡིན་པས་ཁོང་གིས་ཇི་སྲིད་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་བ་དེ་སྲིད་བོད་མི་ཚོ་ལ་དེ་ལས་བློ་བདེ་བ་ཞིག་དང་། སྐལ་བ་བཟང་བ་ཞིག་ག་ལ་ཡོད། དེའི་ཕྱིར་༧གོང་ས་མཆོག་གིས་རྒན་ཡོལ་གྱི་སྐོར་ནམ་གསུང་ལ་བོད་མི་ཚོས་མང་ཚོགས་ཀྱི་རང་བཞིན་ལྡན་པའི་ཚོགས་ཆེན་ཁག་གི་སྐབས་སུ་དེ་འདྲའི་ཟུར་ཙམ་ཡང་མི་གསུང་བའི་སྐྱབས་འཇུག་ལན་མང་ཞུས་ཡོད། འདི་ནི་རང་གི་དབུ་ཁྲིད་ལ་བློ་སྙིང་བྲང་གསུམ་གཏོད་ཐུབ་པའི་གཡོ་བ་མེད་ཡིད་ཆས་བརྟན་ལ་གསལ་བོ་ཡོད་པའི་མངོན་རྟགས་ཡིན་ལ། ཕྱོགས་གཞན་ནས་བཤད་ན་རང་གི་མདུན་ལམ་ལ་རང་གིས་འགན་མ་ཁུར་བ་ཡིན།
གཉིས་པ་མཇུག་འབྲས།
༧གོང་ས་མཆོག་རང་རེའི་ཆབ་སྲིད་ཀྱི་དབུ་ཁྲིད་དུ་མ་བཞུགས་པ་འདི་བོད་རྒྱ་ཆེའི་མི་མང་གིས་ངོ་མ་བློས་བཟོད་དཀའ་བའི་གནད་དོན་ཞིག་ཡིན། འོན་ཀྱང་སྐབས་རེ་ནད་རྔམ་ཆེན་རེ་འགོགས་ཆེད་དུ་སྨན་ཁ་མོ་རེ་ཟ་འདོད་མེད་ཀྱང་ཟ་དགོས་པ་ནི་འཇིག་རྟེན་གྱི་ཆོས་ཉིད་རེད། ཚེ་སྲོག་སྐྱོབ་ཆེད་དུ་གཤགས་བཅོས་ཀྱང་བྱེད་དགོས་ཀྱི་ཡོད། བཙན་བྱོལ་བོད་གཞུང་གི་རྒྱལ་ཁབ་ཀྱི་དབུ་ཁྲིད་སུས་མཛད་ཀྱི་གནད་དོན་འདི་ཐག་གཅོད་པར་གཤགས་བཅོས་ཤིག་བྱ་དགོས་ན་༧ཁོང་ཉིད་སྐུ་བཞུགས་པའི་སྐབས་སུ་གནང་ཐུབ་ན་བལྟོས་འཇོག་གིས་ན་ཚ་ཉུང་ལ་དྲགས་སླ་བ་ཞིག་ངེས་པར་དུ་འབྱུང་རྒྱུ་ཡིན། དེའི་ཕྱིར་ཁོང་སྐུ་འཚོ་བཞུགས་ཀྱི་སྐབས་སུ་གནད་དོན་འདི་དག་ཐག་གཅོད་ཐུབ་ན་ཟེར་ཟུག་ཆེ་རུང་མཇུག་འབྲས་ཡག་པོ་ཞིག་འབྱུང་རྒྱུ་ཡིན་པའི་ཡིད་ཆས་གཙང་མ་འདུག
གལ་སྲིད་རང་རེས་ད་དུང་༧ཁོང་ལ་རྒན་ཡོལ་དུ་མི་ཕེབས་པའི་རེ་འབོད་སྔར་བཞིན་ཞུས་ནས་གོང་གི་གནད་དོན་དེ་དག་༧ཁོང་སྐུ་མ་བཤེགས་པར་དུ་ཕྱིར་འཐེན་གྱིས་བཞག་ན་མ་འོངས་པར་དུས་ཚོད་སྡུག་པོ་དེའི་སྐབས་སུ་གཤགས་བཅོས་བྱེད་ཐུབ་མཁན་ཞིག་མེད་པས་དེ་དུས་ནད་ཚབ་ཆེ་བའི་ཁར་ཚེ་སྲོག་ཀྱང་འཕྲོག་རྒྱུ་མ་ཡིན་པའི་ངེས་པ་ཡེ་ནས་མེད་དོ།  

No comments:

བཀླགས་མང་ཤོས།

ཟིན་བྲིས་བཀླགས་གྲངས་ཁྱོན་སྡོམ།

དཔར་རིས་འགྲེམ་སྟོན།

དཔར་རིས་འགྲེམ་སྟོན།
ངའི་བུ་མོ་སློབ་གྲའི་རྩེད་མོའི་ཉིན་མོ་ཨང་གཉིས་པ་ཐོབ།

ང་རང་གི་སྐོར།

My photo
I am a Tibetan, and a teacher. I have a dream that we have a unified Tibetan language. I see there is a way for this. རེ་བ་འདི་འགྲུབ་མི་སྲིད་པ་ཞིག་མིན་ལ། འདིའི་ལམ་སྣེ་གུས་པའི་ལག་ཏུ་ཡོད། དེ་ནི་ཁོ་བོས་བྲིས་པའི་(སྒྲ་སྒྲུབ་རིག་པ)ཡི་ནང་དུ་གསལ་ཡོད།