2011/01/07

སྨྲ་བརྗོད་རང་དབང་གི་རྣམ་བཤད།

ཁ་བརྡས་སྨྲ་བརྗོད་རང་དབང་དང་གང་ཟག་སྒེར་ལ་དམོད་མོ་བྱེད་པ་གཉིས་ཀྱི་བར་ན་གནས་པའི་རྣོ་སྐུད་ཀྱི་སྐུད་ལམ་ཕྲ་མོ་དེའི་སྟེང་གོམ་པའི་འདེགས་འཇོག་འཁྱོར་ཞོར་དང་འགྲོ་ཞོར་བྱས་ནས་ད་བར་དུ་སླེབས་པ་རེད།”་ཁ་བརྡ་དྲ་ཚིགས་ལས་དྲངས།  
ཉེ་ཆར་དོན་དག་ཅིག་གི་བྱུང་རབས་ལ་བརྟེན་ནས་སྨྲ་བརྗོད་རང་དབང་དང་གང་བྱུང་མཚང་འབྲུ་གཉིས་ཀྱི་ས་མཚམས་སྐྲ་ཉག་ལས་ཕྲ་བས་སུས་ཀྱང་སོ་སོར་འབྱེད་མི་ཐུབ་པར་བཤད་པ་དེའི་ས་མཚམས་ཤིག་ཁོ་བོས་ལྟས་དབང་གིས་རྙེད་པའི་སྣང་བ་བྱུང་། གལ་སྲིད་ངོ་མ་དེ་ལྟར་ཡིན་ན་འདི་ནི་ཚགས་པར་ལས་ཁུང་ཁག་དང་། ཟིན་བྲིས་པ། དཔྱད་བརྗོད་པ་སོགས་མང་པོ་ཞིག་ལ་ཕན་ཐོགས་འབྱུང་བར་ཐེ་ཚོམ་མེད་པས་དེ་ཁོ་བོས་ཅུང་ཟད་ཞུ་བར་འདོད།
དམངས་གཙོའི་སྲིད་གཞུང་གི་སྟོབས་ཤུགས་ནི་སྨྲ་བརྗོད་རང་དབང་ཡིན། སྨྲ་བརྗོད་རང་དབང་མེད་ན་དམངས་གཙོའི་སྲིད་གཞུང་གནས་མི་ཐུབ་པས་དམངས་གཙོའི་སྲིད་གཞུང་ནི་སྨྲ་བརྗོད་རང་དབང་གི་རྨང་གཞི་ཁོ་ན་ལ་རྟེན་ནས་གནས་ཡོད། སྨྲ་བརྗོད་རང་དབང་ལ་ཚད་མཐོ་དམན་ཡོད་པ་ལས་ཐ་ཤལ་གྱི་སྨྲ་བརྗོད་རང་དབང་ཞིག་མེད་པར་འདོད།
སྨྲ་བརྗོད། སྨྲ་བརྗོད་ནི་འགྲོ་བ་མི་སེམས་ཅན་གཞན་ལས་ཁྱད་དུ་འཕགས་པར་བྱེད་པའི་ཡོན་ཏན་གཅིག་བུ་དེ་ཡིན། སྨྲ་བརྗོད་ཀྱི་ནུས་པ་ལ་བརྟེན་ནས་མི་བུ་རྣམས་སེམས་ཅན་གཞན་དང་ལྷག་པར་དུ་རང་རིགས་སྤྲ་སྤྲེལ་རྣམས་ལས་སྔོན་ཐོན་དུ་གྱུར་ཡོད། སྨྲ་བརྗོད་ཀྱི་ནུས་པ་ལ་བརྟེན་ནས་མེ་ལས་མེ་མཆེད་པ་བཞིན་མི་བུ་དག་གི་ཤེས་རིག་གི་རྒྱ་དང་དཔངས་ཆེ་བ་ནས་ཆེ་བར་སོང་ཡོད། དེས་ན་སྨྲ་བརྗོད་ལ་ཚད་བཀག་བྱེད་པ་ནི་མི་བུའི་གཞི་རྩའི་ནུས་བ་པ་ཕོགས་ཐུག་གཏོང་བ་ཡིན་ཞིང་། ཆོས་ལུགས་གསར་གཏོད་པ་དག་གིས་གནད་དོན་འདི་བསམ་བློར་མ་འཁོར་བ་མ་གཏོགས་གལ་སྲིད་འཁོར་ཡོད་ན་སྨྲ་བརྗོད་ལ་ཚད་བཀག་བྱེད་པ་ནི་དམྱལ་བ་རྡོར་གདན་དུ་ལན་སྟོང་ལ་སྐྱེ་བྱེད་ཀྱི་སྡིག་པ་རླབས་པོ་ཆེར་བགྲང་ཡོད་ངེས།
རང་དབང་།  རང་དབང་ནི་སྒྲིག་ཁྲིམས་ཀྱི་ཆེས་མཐོའི་ཚད་གཞི་དེ་ཡིན་པར་འགྲེལ་མཁན་ཡོད། སྒྲིག་ཁྲིམས་དང་རང་དབང་འགལ་འདུར་མཐོར་བ་ནི་ཁྲིམས་དང་རང་དབང་གཉིས་ཀའི་གོ་བ་མ་ལོན་པའི་རྟགས་ཡིན་འདུག ཁྲིམས་ནི་རང་དབང་དང་རང་དབང་ནི་ཁྲིམས་ཡིན། རང་དབང་དང་ར་ལང་ཆ་ལང་ཕྱོགས་འདྲ་བ་འམ་ས་འབྲེལ་དུ་མཐོང་བ་ནི་རང་དབང་གི་གོ་བ་མ་ལོན་པ་ཡིན། རང་དབང་གི་དོན་བྱེད་འདོད་པ་གང་ཡོད་དེ་བྱེད་པ་ལ་གོ་བ་ལོས་ཡིན་ཀྱང་། བྱེད་འདོད་པ་ཞེས་པ་ཉིད་བྱེད་པའི་དགོས་པ་ཡོད་ལ་གོ་དགོས་པ་ལས་དགོས་པ་མེད་པར་གང་ཐོན་བྱེད་པ་ལ་གོ་རྒྱུ་མིན། དེས་ན་དགོས་པ་ཡོད་པའི་བྱ་ཞིག་འགོག་པ་ནི་གོང་བཞིན་སྲིད་ཀྱིས་བལྟས་ན་ཉེས་ཅན་དང་། ཆོས་ཀྱིས་བལྟས་ན་སྡིག་ཅན་དུ་ལོས་འགྱུར་། དེ་གཉིས་ནི་སྨྲ་བརྗོད་དང་རང་དབང་གཉིས་ཀྱི་རང་གི་གོ་བ་ལོན་ཚོད་དེ་ཡིན།
སྨྲ་བརྗོད་རང་དབང་གི་གོ་བ། ད་ནི་སྐབས་དོན་སྨྲ་བརྗོད་རང་དབང་གི་སྐོར་ལ་བསམ་ཚུལ་དེ་ཞུ། གོང་དུ་བཤད་པ་དང་ཕྱོགས་མཐུན་པར་སྨྲ་བརྗོད་རང་དབང་གི་གོ་དོན་དང་ཚད་བཀག་གི་སྐོར་ལ་ཅུང་ཟད་ཞུ། སྤྱིར་སྨྲ་བརྗོད་རང་དབང་ལ་སྒྲ་ཡངས་དོག་གི་འཇུག་པ་གཉིས་སམ་ཚད་མཐོ་དམན་གཉིས་སུ་ཡོད་པར་སྣང་ན་ཡང་ངས་གོ་བའི་སྨྲ་བརྗོད་རང་དབང་གི་དོན་ནི་མདོར་བསྡུས་ན་གང་ཡང་བཤད་ཆོག་པ་དེ་ཡིན། དེ་ནི་ཚད་མཐོ་བའི་དབང་དུ་བྱས་པ་ཡིན། སྨྲ་བརྗོད་རང་དབང་ལ་བཤད་རུང་མ་རུང་གི་ས་མཚམས་ཡེ་ནས་མེད་པར་གང་བཤད་འདོད་པ་བཤད་ཆོག་པ་ལ་གོ་བ་ཡིན་ན་ཡང་སྒྲ་དོག་འཇུག་གི་དབང་དུ་བྱས་ན་སྨྲ་བརྗོད་རང་དབང་ལ་ཚད་བཀག་ཅུང་ཟད་ཀྱང་མེད་པ་འང་མིན། ངས་བཤད་དོན་ནི་སྨྲ་བརྗོད་རང་དབང་ལ་ཚད་བཀག་ཡོད་པ་ནི་སྨྲ་པོ་རང་ཉིད་ལས་གཞན་མེད་པ་དང་། ཚད་བཀག་མེད་པ་ནི་རང་ཉིད་ལས་གཞན་པའི་གང་ཟག་གཉིས་པའམ་གསུམ་པ་སུ་གང་ཞིག་གིས་ཀྱང་ཚད་བཀག་ཡེ་ནས་ཡོད་མི་ཆོག་པ་དེ་ཡིན།
ཡང་བསྐྱར་བཤད་ན་ཅི་སྟེ་སྨྲ་བརྗོད་རང་དབང་ལ་ཚད་བཀག་བྱེད་ན་སྨྲ་པ་པོ་རང་ངོས་ནས་དཔྱད་རིག་དང་འགན་ཁུར་གྱི་བསམ་བློས་ཚད་བཀག་བྱེད་དགོས་པ་ཡིན། དེ་ལས་གཞན་པའི་ཚད་བཀག་ག་འདྲ་ཞིག་ཡིན་རུང་སྨྲ་བརྗོད་རང་དབང་ལ་བརྡལ་བཤིག་བཏང་བ་རང་ཡིན། རྒྱུ་མཚན་ནི་ནམ་ཞིག་གང་ཟག་ཀ་བས་གང་ཟག་ཁ་བ་ལ་འདི་བཤད་ཆོག་དང་འདི་བཤད་མི་ཆོག་གི་བཀའ་བཏང་བ་དེའི་ཚེ་གང་ཟག་ཁ་བའི་ཆེ་མཐོང་དང་རིན་ཐང་ལ་བརྩིས་མེད་བཏང་བ་ཡིན། དེ་ལྟར་བཤད་ཆོག་ན་གང་ཟག་ཁ་བ་ལ་སྨྲ་བརྗོད་རང་དབང་དགོས་དོན་མེད་དེ། གང་ཟག་ཀ་བས་ཐག་གིས་གཅོད་ཆོག་པས་སོ། རྒྱལ་ཁབ་ཕན་ཚུན་གཅིག་གི་ནང་སྲིད་ལ་གཞན་གྱིས་ཐེ་གཏོགས་བྱེད་མི་ཆོག་པ་བཞིན་གང་ཟག་ཕན་ཚུན་གཅིག་གི་སྒེར་གྱི་རྣམ་འགྱུར་ལ་གཞན་གྱིས་ཐེ་གཏོགས་བྱེད་འོས་པ་ཡེ་ནས་མེད། དེའི་ཕྱིར་སྨྲ་བརྗོད་རང་དབང་གི་ཚད་མཐོ་བའི་དབང་དུ་བྱས་ན་སྨྲ་བརྗོད་ལ་ཚད་བཀག་བྱེད་མཁན་ནི་སྨྲ་པ་པོ་རང་ཉིད་ལས་གཞན་སུ་ཡང་ཡོད་མི་ཆོག ས་གང་ཡང་བཤད་ཆོག་པ་དེ་རེད།
ཚད་བཀག  སྒྲ་དོག་འཇུག་གི་དབང་དུ་བྱས་ན་ད་སྐབས་སྨྲ་བརྗོད་རང་དབང་གི་ཁོངས་མི་འགྲོ་བའི་རིགས་འགའ་ཞིག་ཡོད། འདི་དག་ནི་ཉན་པ་པོའི་གནས་ཚད་ལ་བལྟོས་ནས་ཚད་བཀག་ཆེད་དུ་བཟོས་པ་ཞིག་ཡིན་པ་ལས་གཞི་རྩའི་སྨྲ་བརྗོད་རང་གི་མཚན་ཉིད་ངོ་མར་ཁོ་བོས་ནམ་ཡང་མི་འདོད། འོན་ཀྱང་དགོས་དབང་གིས་བཞག་པའི་ཚད་བཀག་འདི་དག་ནི་སྨྲ་པ་པོ་དག་གིས་ངེས་པར་དུ་ཉམས་འཇོག་བྱེད་དགོས། དེ་དག་ནི་སྨྲ་བརྗོད་གང་ཞིག་ལ་མངོན་གསལ་གྱི་ཉེན་ཁ་ཡོད་པ།་ཞེས་གང་ཟག་དང་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་པ་ཚབ་ཆེན་ཡོད་པ་ཡིན་ན་བཀག་འགོགས་བྱེད་ཆོག་པ་ཡིན། བཀག་འགོགས་ཞེས་པ་ནི་ཉེ་ཆར་རྡ་ས་མདོ་སྨད་རྒྱུན་ལས་ཀྱིས་བྱེད་སྟངས་ཏེ་སྡིག་ར་སྐུལ་བའི་ལས་དེ་འདྲ་མིན་པར་དཔར་སྐྲུན་མི་བྱེད་པ་སོགས་ཀྱི་ཐབས་ལམ་སྤྱོད་རྒྱུ་ཡིན། སྨྲ་བརྗོད་རང་དབང་སྒྲ་དོག་འཇུག་གི་དབང་དུ་བྱས་པ་ཚད་བཀག་ཅན་འདིའི་ནང་དུ་མཚང་འབྲུ་དང་ཆགས་སྲེད་ཀྱི་གཏམ་ཀྱང་ཚུད་ཡོད།
སྟབས་མ་ལེགས་པ། སྨྲ་བ་པོ་ལ་འགན་ཁུར་གྱི་བསམ་བློ་མེད་ན་སྟབས་མ་ལེགས་པ་ཡིན་པ་ལས་ཐབས་ཤེས་གང་ཡང་མེད། སྨྲ་བརྗོད་རང་དབང་ནི་ཁྲིམས་ལ་སྦྱོར་བའི་འཇིགས་སྣང་མེད་པར་བརྗོད་ཆོག་པ་ལ་ཟེར་བ་ཡིན་པས་སྨྲ་པ་པོས་རང་ཉིད་ཁྲིམས་ལ་སྦྱོར་མི་འོང་བའི་གདེངས་ཚོད་ཀྱིས་བཤད་མི་འོས་པ་ལ་བཤད་ལུང་བཤད་བརྒྱ་བཤད་རུང་ཁྲིམས་ཐོག་ནས་འགན་སྲུང་ཡོད་དགོས། གལ་སྲིད་ཁྱེད་ལ་སྨྲ་བ་པོ་དེའི་སེམས་སུ་འགན་འཁུར་གྱི་བསམ་བློ་དེ་བཙན་ཐབས་ཀྱིས་སྐྲུན་ཐུབ་ཀྱི་ནུས་པ་ཡོད་ན་ཁྱེད་ཀྱིས་ཁོའི་སེམས་སུ་དེ་སྐྲུན་དགོས་པ་ནི་ཁྱེད་ཀྱི་འོས་འགན་ཡིན། སྨྲ་བརྗོད་རང་དབང་ཡོངས་སུ་ལོངས་སྤྱོད་པ་ལ་དེའི་སྤྱོད་ཡུལ་དུ་རུང་བའི་སྤྱི་ཚོགས་ཤིག་འགྲུབ་དགོས་པ་ལས། དམངས་གཙོའི་ལམ་ལུགས་འགྲོ་བཞིན་པའི་སྤྱི་ཚོགས་ཡིན་པས་སྨྲ་བརྗོད་རང་དབང་ཡོད་དགོས་ཞེས་གང་བྱུང་བཤད་ན་མི་འགྲིག འོན་ཀྱང་དེ་ནི་སྨྲ་བརྗོད་རང་དབང་གི་ལོངས་སྤྱོད་པ་པོའི་མཚན་ཉིད་མ་ཚང་བའི་སྐྱོན་ཞིག་ལས་སྨྲ་བརྗོད་རང་དབང་གི་ངོ་བོ་ག་ལ་ཡིན། འདིར་མི་འགྲིག་ཅེས་པ་ཡང་སྨྲ་བརྗོད་རང་དབང་གི་མཚན་ཉིད་དང་འགལ་བས་མི་འགྲིག་ཅེས་པ་མིན་པར་གནས་སྐབས་གནས་སྟངས་ཀྱི་དབང་གིས་སྨྲ་བ་པོའི་དོན་དག་སྨྲས་པའི་དགོས་པ་མ་འགྲུབ་པ་སོགས་དོན་དག་མི་དགོས་པ་གཞན་འབྱུང་སྲིད་པས་མི་འགྲིག་ཅེས་བཤད་པ་ཡིན། གོང་དུ་སྨྲ་བརྗོད་རང་དབང་ཚད་མཐོ་དམན་བཤད་དགོས་པ་དེ་ཡང་འདིའི་རྐྱེན་གྱིས་ཡིན། མི་རྣམས་གོ་རྟོགས་ཇེ་མཐོར་སོང་ན་ཚད་དམའ་བའི་སྨྲ་བརྗོད་རང་དབང་འདི་དགོས་དོན་མེད། ཉན་པ་པོས་རང་རང་གི་རྣམ་རིག་བེད་སྤྱད་ནས་གཏམ་གང་ཞིག་བདག་པོ་རྒྱག་རིན་ཡོད་མེད་ཀྱི་བླང་དོར་འབྱེད་ཐུབ།
དམིགས་བསལ།  སྨྲ་བརྗོད་རང་དབང་ནི་སྐྱེ་བོ་སུ་ཡང་གི་སྐྱེས་ཐོབ་ཀྱི་ཐོབ་ཐང་ཡིན་པས་སུ་གང་གིས་འཕྲོག་དབང་མེད། འོན་ཀྱང་སྨྲ་བརྗོད་རང་དབང་ཆ་ཚང་བར་ལོངས་སུ་སྤྱོད་དབང་མེད་པའི་སྐྱེ་བོ་རེ་འགའ་ནི་ངེས་པར་དུ་ཡོད། དེ་དག་ནི་གཞན་གྱིས་བཙན་བསྐུལ་གྱིས་བཞག་པ་མིན་པར་རང་མོས་དངས་བླངས་ཀྱིས་འཛུལ་བ་ཡིན། དེ་དག་ནི་སྐྱེ་བོ་གང་ཞིག་གི་ངག་ལས་བྱུང་བའི་གཏམ་ལ་ཁྲིམས་ཐོག་ནས་ཕན་གནོད་འདྲེན་ཐུབ་པའི་རིགས་ལ་བཤད་པ་ཡིན། སྐྱེ་བོ་གང་ཞིག་ཡུལ་གྱི་གོ་གནས་གལ་ཆེན་དུ་བསྡད་ཡོད་མཁན་དང་། ཚོགས་པ་བྱེ་བྲག་ཅིག་གི་ནང་དུ་ཞུགས་ཡོད་པ། རང་བཞིན་གྱིས་ཁོའི་སྐད་ཆ་ལ་གནད་འགག་ཅན་དུ་གྱུར་བའི་མི་སྣ་རྣམས་ལ་སྨྲ་བརྗོད་རང་གི་ཐོབ་ཐང་ཆ་ཚང་བ་ཞིག་ལོངས་སུ་སྦྱོད་རྒྱུ་མེད། དང་པོ་ནི་དཔེར་ན་དཔལ་ལྡན་བཀའ་བློན་ཁྲི་བ་སོགས་བོད་གཞུང་གི་གནད་ཡོད་མི་སྣ་དང་། གཉིས་པ་ནི་བོད་ཀྱི་གཞོན་ནུ་ཚོགས་པའི་ཚོགས་མི་སོགས། གསུམ་པ་ནི་ཆབ་སྲིད་བཙོན་པ་མིང་གྲགས་ཅན་རྟ་ནག་འཇིགས་མེད་བཟང་པོ་ལྟ་བུ་སོགས་ཡིན། འོན་ཀྱང་འདི་དག་ལ་ཡང་རང་རང་གི་འབྲེལ་ཡོད་ཀྱི་གནད་དོན་ལ་ཁྲིམས་ཐོག་ནས་ཤུགས་རྐྱེན་སྤྲོད་པའི་གནད་དོན་གྱི་སྐོར་ལ་གང་དྲན་བཤད་མི་འོས་པ་ལས་གནད་དོན་གཞན་གྱི་སྐོར་ལ་གང་བཤད་ལ་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ལོས་ཡོད།
ཅི་སྟེ་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ཆ་ཚང་བར་ལོངས་སུ་སྦྱོད་འདོད་ན་རང་ཉིད་གང་ཟག་དཀྱུས་མའི་གོ་བབས་ངེས་པར་དུ་ལེན་དགོས། དེས་ན་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ཡོངས་སུ་རྫོགས་པ་ལོངས་སུ་སྤྱོད་རྒྱུ་ཡོད་མཁན་ནི་མང་ཚོགས་དཀྱུས་མ་ལ་གོ་བ་ཡིན། ཁྲིམས་ཐོག་ནས་གནད་འགག་ཅན་གྱི་སྐད་ཆ་ནི་སྐྱེ་བོ་ཀུན་ལ་ཡོད། འོན་ཀྱང་དེ་ལ་ཕན་གནོད་གང་དུ་འགྱུར་བ་སྐྱེ་བོ་རང་རང་གིས་འགན་འཁུར་དགོས། རང་ཉིད་ལ་ཁྲིམས་ཐོག་ནས་གནོད་པ་འབྱུང་བའི་སེམས་ཁྲལ་མེད་ན་གང་བཤད་འདོད་པ་ཆོག་པ་ཡིན།
མཚང་འབྲུ།  མི་གཞི་ལ་མཚང་འབྲུ་དང་སྨྲ་བརྗོད་རང་དབང་གཉིས་ལ་འབྲེལ་བ་ཧ་ལམ་མེད། རྒྱུ་མཚན་མེད་པར་མི་གཞི་ལ་མཚང་འབྲུ་བྱེད་པ་ནི་སྨྲ་བརྗོད་རང་དབང་གི་ནང་ཚུད་དུ་མེད་ངེས། རྒྱུ་མཚན་ནི་དེའི་དམིགས་ཡུལ་ནིི་སྤྱི་ཚོགས་དབྱེན་སྦྱོར་རམ་མི་གཞི་དམའ་འབེབས་བྱེད་རྒྱུ་ཙམ་ཡིན་པའི་དབང་གིས་ཡིན། འོན་ན་གང་ཞིག་གི་དམིགས་ཡུལ་དེ་མི་གཞི་ལ་དམའ་འབེབས་ཡིན་པ་དང་མིན་གྱི་ཁྱད་པར་འབྱེད་རྒྱུ་དེ་གནད་འགག་ཏུ་གྱུར་བ་ཡིན། སྨྲ་བརྗོད་གང་ཞིག་གི་དམིགས་ཡུལ་དེ་ཙམ་ཡིན་ན་སྨྲ་བརྗོད་རང་དབང་དུ་མི་འགྲོ་བ་དང་དེ་མིན་པར་ལས་བརྒལ་བའི་དོན་དག་སྨྲ་བ་པོས་ལེགས་ཕྱོགས་ལ་དམིགས་པ་ཞིག་ཡིན་ན་སྨྲ་བརྗོད་རང་དབང་གི་ནང་དུ་ཚུད་དགོས་པ་ཡིན། དེས་ན་སླར་ཡང་སྨྲ་བརྗོད་རང་དབང་ནི་སྨྲ་པ་པོས་གང་བཤད་འདོད་པ་དེ་བཤད་ཆོག་པར་བབས་པ་ཡིན།
མི་གཞི་ལ་མཚང་འབྲུ་བྱེད་པ་ཙམ་ལ་དམིགས་ནས་གང་བཤད་པ་ནི་མི་འོས་པར་བརྩི་ཆོག འོན་ཀྱང་དེ་ཡང་སྨྲ་བ་པོ་རང་ངོས་ཐག་གཅོད་དགོས་པ་ལས་གང་ཟག་གཞན་ཞིག་གིས་ཁྱོད་ཀྱིས་འདི་ལ་དམིགས་ཡུལ་འདི་གཅིག་ལས་མི་འདུག་ཅེས་བརྗོད་དུ་མི་སྲིད་མིན་ཡང་བརྗོད་དཀའ་བ་ཡིན། རྒྱུ་མཚན་འདི་གཞིགས་པའི་ཚེ་ན་ཡང་སྨྲ་བརྗོད་རང་དབང་ནི་སྨྲ་པ་པོས་གང་བཤད་འདོད་པ་དེ་བཤད་ཆོག་པར་བབས་པ་ཡིན།
གཞན་ཡང་སྨྲ་བ་པོས་དོན་དག་དང་གནད་དོན་གཞན་ཞིག་བརྗོད་ཆེད་དུ་དམིགས་ནས་བརྗོད་བྱེད་ཀྱི་ཚིག་ལ་སྐྱེ་བོ་བྱེ་བྲག་ཅི་ལ་མཚང་འབྲུ་བའི་ཚིག་བེད་སྤྱོད་བྱེད་པ་ཡོང་ཆོག མ་གཞི་བརྗོད་ཐབས་དེ་འདྲ་སྨྲ་བ་པོ་བརྗོད་མི་མཁས་པར་བརྩི་ལོས་ཆོག་མོད་དོན་དག་གཞན་ཞིག་བརྗོད་པའི་ཆེད་དུ་སྐྱེ་བོ་བྱེ་བྲག་པ་ཞིག་ལ་མཚང་འབྲུའི་ཚིག་བྱུང་བ་ཡང་སྨྲ་བརྗོད་རང་དབང་གི་ཁོངས་སུ་གཏོགས་དགོས། ལར་ན་སྨྲ་བ་པོས་རང་གིས་གང་བཤད་པའི་མཇག་འབྲས་རང་གི་འགན་ཁུར་དགོས་པ་ལས་སུ་གཅིག་གི་ཁུར་མི་ཐུབ་ཅིང་། ལྷག་པར་དུ་གནས་སྐབས་འདི་འདྲའི་སྐབས་སུ་ལྷག་པར་འགན་ཡོངས་རྫོིགས་སྨྲ་པ་པོ་རང་ཉིད་ཀྱིས་ཁུར་དགོས། དེས་ན་འདི་ལ་བསམ་ན་ཡང་སྨྲ་བརྗོད་རང་དབང་ནི་སྨྲ་པ་པོས་གང་བཤད་འདོད་པ་དེ་བཤད་ཆོག་པར་བབས་པ་ཡིན།
ཐབས་ལམ།  མི་གཞི་ལ་མཚང་འབྲུ་རུ་འགྲོ་མི་འགྲོ་ནི་དེ་ལྟར་གང་ཟག་གི་འདུ་ཤེས་འཛིན་སྟངས་ལ་གྱུར་ཡོད་པས་གཞན་ཞིག་གིས་ཁ་ཚོན་གཅོད་དཀའ་བ་ཡིན། ཡིན་ན་ཡང་སྟབས་ལེགས་པ་ཞིག་ལ་དེ་ལ་དབྱེ་མཚམས་འབྱེད་བྱེད་ཀྱི་ཐབས་ཤེས་ཤིག་ཡེ་ནས་མེད་པ་མིན། དེ་ནི་སྐྱེ་བོ་ཞིག་གི་བྱ་བ་ལ་སྐྱོན་བརྗོད་བྱས་པ་དང་སྐྱེ་བོ་དེའི་མི་གཞི་ལ་སྐྱོན་བརྗོད་བྱེད་པ་གཉིས་ཀྱི་ཁྱད་པར་འབྱེད་པ་དེ་ཡིན། དེ་ནི་འདིའི་སྐབས་སུ་ཕན་ཐོགས་ཧ་ཅང་ཆེ་བར་མཐོང་། དཔེར་ནཿ ཁྱོད་ཀྱིས་འདི་ལྟར་བྱེད་པ་ནི་ཁྱོད་བླུན་པོ་ཡིན་པའི་རྟགས་རེད།ཅེས་ན་མི་གཞི་ལ་མཚང་འབྲུ་རུ་འགྱུར་བས་སྨྲ་རང་དབང་གིས་སྲུང་སྐྱོབ་ཏུ་ཚུད་མེད་པ་དང་། ཁྱོད་ཀྱིས་འདི་ལྟར་བྱེད་པ་ནི་བླུན་པོའི་བྱེད་སྟངས་སུ་འགྲོ།ཞེས་བརྗོད་ན་མི་གཞི་ལ་མཚང་འབྲུར་མི་འགྱུར་བས་སྨྲ་བརྗོད་རང་དབང་གི་ལྕགས་རིའི་ནང་དུ་ཚུད་ཡོད། འདི་ཡང་བཤད་མི་ཆོག་པར་བརྗོད་ན་སྨྲ་བརྗོད་རང་དབང་ལ་ཐོ་འཚམས་པ་ཡིན། ད་དུང་འདིར་གོ་བརྡ་འཕྲོད་ཆེད་དངོས་བྱུང་གི་དཔེར་མཚོན་གྱིས་ཞུ་རྒྱུར་། ཉེ་ཆར་རྡ་ས་མདོ་སྨད་ལས་ཁུངས་ཀྱིས་ཞུ་ཡིག་ཅེས་པ་དེ་ལས་དུམ་བུ་འགའ་ཞིག་དྲངས་ནས་ཞུ་ནཿ སྤྱིར་ན་ཀླུ་མཁར་བྱམས་འདི་བ་བོད་ནང་གཞི་རིམ་སློབ་གྲྭའི་ཤེས་ཚད་ལས་མེད་པའི་མི་ཞིག་ཡིན་པ་དང་་་ཞེས་པ་ནས་་་་བརྡ་མི་འཕྲོད་པ་ཞིག་ཡིན་རབས་ཀུན་ལ་གྲགས་ཤིང་།” ཞེས་པ་ནི་སྐབས་དོན་འབྲེལ་མེད་མི་གཞི་ལ་མཚང་འབྲུ་ཁོ་ན་ཡིན། དེ་ནས་“འོ་ན་ཀླུ་མཁར་བྱམས་ཀྱིས་ཉི་མ་ཁ་དཀར་ངོ་དཀར་ལ་འདི་ལྟར་་་་ཞེས་པ་ནས་་་ཡོང་མིན་དོགས་པ་ངང་གིས་འཆར་ཞིང་།”ཞེས་པའི་བར་ནི་སྐྱོན་རྗོད་ལས་མཚང་འདྲུ་མིན། དེའི་མཇུག་དེ་མ་ཐག་ཏུ་ “མཚམས་ཚིགས་མེད་པར་ཕུ་དཀྲུགས་མདའ་དཀྲོགས་དང་། དགྲ་དགའ་གཉེན་སྡུག་གི་བྱ་བར་ཡ་ང་བག་ཚ་གཏན་ནས་མེད་པའི་མི་འདི་རིགས་”་ཞེས་པ་ནི་མི་གཞི་ལ་དམའ་འབེབས་ཡིན།
གནད་འགག   གནད་འགག་བཤད་འོས་པ་གཞན་ཞིག་ནི་སྨྲ་བརྗོད་གང་ཞིག་གི་ཚིག་ཟིན་ལ་མི་གཞི་ལ་མཚང་འབྲུ་བྱས་མེད་ན་སྨྲ་བརྗོད་རང་དབང་གི་སྲུང་སྐྱོབ་འོག་ཏུ་ཚུད་ཡོད། གལ་སྲིད་རྩོམ་པ་པོ་ཞིག་གིས་སྐྱེ་བོ་གང་ཞིག་ལ་མཚང་འབྲུ་བྱེད་འདོད་ན་ཤུགས་བསྟན་དང་། མཉམ་ཉིད་ཀྱི་རྒྱན། ཏིང་འཛིན་གྱི་རྒྱན་སོགས་ཀྱི་སྙན་ངག་གི་ངག་རྩལ་སྤྱད་ནས་བྱོས་དང་ཁྱོད་ལ་མི་གཞི་ལ་མཚང་འབྲུ་བྱས་པའི་སྐྱོན་མི་ཚུགས་པ་ཡིན། 
དེས་ན་སྤྱི་ཚོགས་གང་ཞིག་ལ་སྨྲ་བརྗོད་རང་དབང་ཡོད་ན་སྨྲ་བརྗོད་རང་དབང་དང་འགལ་བ་ཡང་མང་དུ་འབྱུང་ངེས་ཡིན་པར་རང་བཞིན་གྱིས་གྲུབ། ཡིན་ན་ཡང་དེ་ནི་སྨྲ་བརྗོད་རང་དབང་འགོགས་ཆོག་པའི་ཆ་རྐྱེན་དུ་གཏན་ནས་མི་འགྲོ། གཞུང་ལམ་གྱི་ཐོག་ཏུ་འཁོར་ལོ་བརྡབ་སྐྱོན་དེ་ཙམ་འབྱུང་ཡང་དེ་གཞུང་ལམ་བཟོ་མི་འོས་པའི་རྒྱུ་མཚན་དུ་འགྲོ་འམ། དེས་ན་སྨྲ་བརྗོད་རང་དབང་ཡོད་པ་དང་སྨྲ་བརྗོད་རང་དབང་ལ་འགལ་རྒྱུ་ཡོད་པ་གཉིས་ནི་སྒོར་གཅིག་གི་ངོས་གཉིས་དང་མཚུངས་པས་གཅིག་ཤོས་བླང་ནས་གཅིག་ཤོས་དོར་བའི་ཐབས་ཤེས་ཤིག་མེད། དེས་ན་སྨྲ་བརྗོད་རང་དབང་དང་འགལ་རྒྱུ་ཡོད་པ་དེ་དགེ་རྟགས་ཤིག་གམ་སྤོབས་པ་བྱ་འོས་པ་ཞིག་ལས་སེམས་ངལ་བྱེད་དགོས་མེད། དེ་དག་ནི་བདག་གིས་གོ་བའི་སྨྲ་བརྗོད་རང་དབང་གི་གོ་དོན་དང་དེའི་ཁྱབ་ཚད་རྣམས་ཡིན།
འདྲ་མཉམ། སྨྲ་བརྗོད་རང་དབང་ཞེས་བརྒྱ་བཤད་སྟོང་གི་མཐའ་མར་གོ་རྟོགས་རང་དབང་ཞེས་པ་ཞིག་ཀྱང་ལོས་ཡོད། རིག་ལམ་གྱི་རིགས་སྒྲེ་བཏང་ན་སྨྲ་བ་པོས་གང་བཤད་འདོད་པ་བཤད་ཆོག་ན་ཉན་པ་པོས་ཀྱང་གང་ལྟར་གོ་བ་ལེན་ན་ལེན་ཆོག་པའི་ཐོབ་ཐང་འདྲ་མཉམ་དུ་ཡོད་དགོས་པར་འདོད། དེ་བཞིན་སྨྲ་བ་པོས་ཁ་ནས་གང་བཤད་ན་ཆོག་པ་བཞིན་ཉན་པ་པོས་ཚིག་གང་ཞིག་ཁུར་ནས་སྨྲ་པ་བོ་ཁྲིམས་ལ་གཏུགས་རུང་ཆོག་པ་རེད། དེའི་ཕྱིར་སྨྲ་བ་པོ་ཚོས་རང་ཉིད་ཀྱི་སྐད་ཆའི་ཚིག་སྣ་གང་ཞིག་ལ་འཇུས་ནས་སྐྱེ་བོ་སུ་ཞིག་གིས་རང་ཉིད་ཁྲིམས་ལ་སྦྱར་རུང་དེའི་སྐབས་སུ་དེ་ལ་ལན་དོན་མཐུན་འདེབས་རྒྱུ་ཡོད་པའམ་ཡང་ན་ཁྲིམས་ཐོག་ནས་རང་ཉིད་ལ་ནག་ཅན་དུ་ཐག་བཅད་རུང་འགྱོད་པ་མེད་པའི་གྲ་སྒྲིག་གཉིས་ཀ་སྔོན་ནས་བྱས་ཡོད་ངེས་ལ་དེ་བྱེད་དགོས་པའང་ཡིན། སྨྲ་བ་པོས་ཚེ་རིང་གིས་མི་འཇོན།་ཞེས་སྨྲ་ན་ཉན་པ་པོ་རྡོ་རྗེས་ཁོ་ལ་བརྙེས་དམོད་བྱས་སོང་བར་གོ་ལེན་ཀྱང་ཆོག འདི་ནས་གོ་བ་བླངས་པ་དེ་དོན་ལ་གནས་མིན་གྱི་རྩོད་པ་དེ་གཞི་ནས་མགོ་ཚུགས་པ་ཡིན། དེའི་རྗེས་སུ་བདེན་དང་ལུང་པ་ཕུ་ཐག་རིང་། །བརྫུན་དང་ཨ་བྲ་རྔ་མ་ཐུང་། ཞེས་ཟེར་བའི་གཏམ་དཔེ་དེའི་གནས་ལུགས་མངོན་པར་འགྱུར། བདེན་བརྫུན་ཤན་འབྱེད་ཀྱིས་གྲོས་གླེང་གི་མཐར་གོ་བ་བླངས་ནོར་བའམ་སྨྲ་མཁན་ནོར་བ་ལྷང་ལ་འབུད་ངེས་རེད།
ཉེས་ཆད། སྨྲ་པ་པོས་སྐྱེས་བོ་ཞིག་གཞི་མེད་ཀྱི་སྙོན་འཛུགས་བྱེད་ན་སྨྲ་བརྗོད་རང་དབང་གི་ནང་དུ་ཚུད་ཡོད་ལ་ཉན་པ་པོ་ལ་ཡང་ཁུངས་འཚོལ་བའི་ཐོབ་ཐང་གཅིག་མཚུངས་སུ་ཡོད། གཞི་མེད་ཀྱི་སྙོན་འཛུགས་ཤིག་གིས་སྐྱེ་བོ་ཞིག་གི་མིང་མཐོང་ལ་གནོད་པ་བྱུང་ཡོད་ན་སྐྱེས་བོ་དེ་ལ་སྨྲ་བ་པོས་བཤད་པའི་སྐད་ཆ་ལ་ཁུངས་སྐྱེལ་དགོས་པ་པའི་དགོས་འདུན་འདོན་པའི་ཐོབ་ཐང་ཡོད་པ་མ་ཟད། ཁུངས་མེད་ན་ཇི་ལྟར་མཚན་དམད་བྱས་པ་དེ་ལྟར་དུ་དག་འབུད་བྱེད་དགོས་པའི་འགན་ཡོངས་རྫོགས་སྨྲ་པ་པོ་ལ་ཡོད། སྨྲ་བ་པོ་ཞིག་གིས་ཁུངས་མེད་པའི་གཏམ་འཆལ་གང་བྱུང་སྨྲ་བ་ལ་ཉན་པ་པོས་ཁུངས་སྐྱེལ་དགོས་པར་བརྗོད་ན་ངེས་པར་དུ་ཡང་ན་ཁུངས་སྐྱེལ་དགོས་ཤིང་། དེ་མེད་ན་མེད་པའི་ཁྱབ་བསྒྲགས་ཉན་པ་པོའི་བློ་མ་ཚིམས་པར་དུ་བྱེད་དགོས། དེ་ནི་སྨྲ་བརྗོད་རང་དབང་བེད་ལོག་ཏུ་བཏང་བའི་ཉེས་ཆད་གཅིག་རང་འགེལ་རྒྱུ་ཡོད་པ་དེ་རེད།  
སྐྱོན་བརྗོད།  ད་ནི་དོན་དག་གལ་ཆེན་གཞན་ཞིག་ནི་སྐྱོན་བརྗོད་བྱེད་པ་དེ་རེད། དམངས་གཙོའི་སྤྱི་ཚོགས་ཀྱི་ནང་དུ་སྤྱིར་བཏང་དང་ལྷག་པར་དུ་སྲིད་གཞུང་ལ་སྐྱོན་བརྗོད་བྱེད་པ་ནི་ཐོབ་ཐང་ཡིན། གཞུང་ལ་སྐྱོན་བྱེད་པ་དེ་གཞུང་ལ་བརྩི་བཀུར་མི་བྱེད་པར་བརྩི་བ་ནི་སྐྱོན་བརྗོད་ཀྱི་གོ་དོན་དང་དམངས་གཙོའི་གོ་རྟོགས་ན་མ་སྨིན་པའི་རྟགས་མཚན་ཡིན། སྐྱོན་བརྗོད་བྱེད་པ་ནི་རེ་བ་ཞིག་བཟུང་ནས་བྱེད་པ་ཡིན། བརྩི་བཀུར་བྱེད་མི་དགོས་པའི་གཞུང་ལ་སུས་སྐྱོན་བརྗོད་བྱེད། ང་ཚོའི་སྲོལ་རྒྱུན་དང་ལྷག་པར་དབུས་ཕྱོགས་སུ་གཞན་ལ་སྐྱོན་བརྗོད་བྱེད་པ་ནི་མི་ལེགས་པའི་ཕྱོགས་སུ་བརྩི་བ་ཡིན། འདི་ནི་སྐྱོན་བརྗོད་དང་མཚང་འབྲུ་གཉིས་སོ་སོར་མ་ཁོལ་བ་ཙམ་དུ་སྣང་། གཉིས་ནས་གཞན་ལ་སྐྱོན་གང་བཙུགས་པ་དེ་རང་ལ་སྐྱོན་དེ་ཡོད་པའི་ཚོར་སྣང་ཡོད་སྟབས་མིའི་མདུན་དུ་རང་ཉིད་སྐྱོན་ཅན་དུ་བཟོ་བར་སུས་འདོད། དེ་འདྲའི་གནས་བབས་ཀྱི་འོག་ཏུ་ལུགས་སྲོལ་དེ་འདྲ་ཞིག་དར་བ་ཡིན་ན་ཡང་ད་ནི་ལུགས་སྲོལ་དེ་དུས་རབས་དང་བསྟུན་ནས་སྒྱུར་དགོས་པར་སྣང་།
སྐྱོན་བརྗོད་ནི་ལེགས་ཉེས་གཉིས་ལས་ལེགས་པ། དཀར་ནག་གཉིས་སུ་ཕྱེ་བའི་དཀར་པོ། བཟང་ངན་གཉིས་སུ་ཕྱེ་བའི་བཟང་པོ། ཕན་གནོད་གཉིས་སུ་ཕྱེ་བའི་ཕན་པ་བཅས་ཡིན། དེ་ལས་ལྡོག་སྟེ་སྐྱོན་ལ་སྐྱོན་དུ་མ་བརྗོད་ན་འགན་མ་ཁུར་བའི་ཇོ་བཟང་གི་བྱ་བར་གྱུར་བ་ཡང་ཡིན། མི་ལ་བལྟ་བའི་མིག་ཡོད་ཀྱང་། རང་ལ་བལྟ་བའི་མེ་ལོང་དགོས། ཞེས་པ་ལྟར་རང་གི་གདོང་པ་ནི་མེ་ལོང་ལ་མ་བརྟེན་པར་མི་མཐོང་བ་བཞིན་རང་གི་སྐྱོན་ནི་གཞན་གྱིས་མ་བརྗོད་པར་མི་མཐོང་། དེས་ན་སུ་ཞིག་གིས་རང་གི་སྐྱོན་བཏོན་པ་ནི་རང་ལ་གནོད་པའི་ལས་བྱས་པ་མིན་པར་ཕན་པའི་ལས་བྱས་པ་ཡིན། དེས་ན་སྐྱོན་བརྗོད་ནི་རང་གི་དྲི་མ་དག་པའི་དག་རྫས་ལྟར་དུ་མཐོང་དགོས། སྐྱོན་བརྗོད་ནི་རང་གི་ཉེས་བྱས་ངོས་འཕྲོད་པའི་ལམ་སྟོན་དུ་མཐོང་དགོས། སྐྱོན་བརྗོད་ནི་ཡོན་ཏན་ལ་འདེད་པའི་སྐུལ་ལྕགས་སུ་མཐོང་དགོས།  
བསམ་དགོས་པ། བསམ་དགོས་པ་གཞན་ཞིག་ཡོད་པ་ནིཿ དམངས་གཙོའི་སྤྱི་ཚོགས་ཀྱི་ནང་དུ་སྤྱི་དོན་གྱི་ཆེད་དུ་སྐྱོན་བརྗོད་བྱེད་པ་འོས་བབས་ཡོད་ཚུལ་བཤད་པ་གོ་བ་ལོན་ཆོག་ཆོག་ཡོད་ན་ཡང་། རང་དོན་གྱི་ཆེད་དུ་སྐྱོན་བརྗོད་བྱེད་ན་འོས་བབས་ཡོད་དམ། ངས་ནི་དྲི་བ་འདི་ལ་ཡང་ལན་ཐད་དཀར་མི་ཕོགས། གང་ལགས་ཤེ་ན་རང་ཞེས་པ་དེ་ཡང་སྲིད་གཞུང་དེའི་འབངས་མི་ཡིན་ཞིང་། འབངས་མི་ཡོངས་ཀྱི་འདོད་པ་སྒྲུབ་ཐུབ་པ་ནི་སྲིད་གཞུང་གི་ལས་འགན་ཁོ་ན་དེ་རེད། འདིར་ཟམ་གདོང་རིན་པོ་ཆེའི་བཞེད་པ་སྟེ། དམངས་གཙོ་ལས་མང་གཙོར་བཅོས་པའི་གོ་བ་དེ་བླངས་ན་ནི་མི་གཅིག་ཕར་ཞོགས། གྲངས་མང་ན་ཡང་ཉུང་བའི་ཕྱོགས་ཡིན་ན་དེ་དག་གི་འདོད་པ་རྡོག་རོལ་དུ་གཏོང་ཆོག་པའི་གོ་བ་ཡིན། འོན་ཀྱང་དམངས་གཙོའི་གོ་བ་དངོས་ཀྱི་ནང་དུ་དེ་འདྲ་གང་ཡང་མེད། རང་དོན་ཁོ་ན་ཁོག་ཏུ་བཅུག་པའི་སྐྱོན་བརྗོད་ཡིན་ན་མི་འོས་པར་བཤད་གཏུབ་རུང་། གྲངས་གཅིག་ལས་མེད་པས་དེའི་འདོད་པར་བསྟུན་མི་དགོས་པའི་བཤད་ཚུལ་དེ་ནི་དམངས་གཙོའི་གོ་བ་དང་འགལ་བར་ཡེ་ནས་བརྗོད་མི་ཐུབ། མཚང་འབྱིན་དང་སྐྱོན་འབྱིན་ལོགས་སུ་ཁོལ་ན་སྨྲ་བརྗོད་རང་དབང་ངོས་ཟིན་པའི་རྟགས་དང་། གྲངས་མང་ཉུང་མི་གཙོ་བར་གནད་ཆེ་ཆུང་གཙོ་བ་ངོས་ཟིན་ན་གཞི་ནས་དམངས་གཙོ་ཡང་དག་པར་ངོས་འཕྲོད་པའི་རྟགས་སུ་ཁོ་བོས་བསམ།
མདོར་ན། མདོར་ན་སྨྲ་བརྗོད་གང་ཞིག་སྨྲ་བརྗོད་རང་དབང་གི་ཁྱབ་ཁོངས་སུ་འགྲོ་མི་འགྲོའི་རྩོད་པ་འདི་ནི་སྨྲ་བརྗོད་གང་དེས་གཞན་ལ་ཕོགས་ཐུག་འགྲོ་མི་འགྲོ་ལ་ཐུག་ཡོད། དེས་ན་ཕོགས་ཐུག་འགྲོ་མི་འགྲོ་ནི་ཉན་པ་པོའི་སྐྱོན་ཡོན་ལ་ཐུག་ཡོད་པ་ལས་སྨྲ་པ་པོ་ལ་ཐུག་པ་ཞིག་ཡེ་ནས་མིན། ཉན་མ་ཤེས་པའི་མི་ལ་དྲང་གཏམ་བཤད་རུང་ཕོགས་རྒྱུ་ཡིན་པ་དང་། དཀྱེལ་ཡངས་པའི་མི་ལ་གདོང་ལ་བལྟས་ནས་མཚང་བྲུས་རུང་ངར་མི་ཁོལ་བ་ཡིན། དེས་ན་སྨྲ་པ་པོས་བཤད་ཆོག་མི་ཆོག་དེ་ཉན་པ་པོས་གོ་བ་ཇི་ལྟར་ལེན་པ་ལ་འཇོག་པ་ནི་ཧ་ཅང་འུ་ཐུག་གི་བྱ་བ་དང་། སྨྲ་བརྗོད་རང་དབང་ལ་བརྡལ་བཤིག་ཚད་མེད་བཏང་པ་རང་ཡིན། ད་ལྟ་ཡོད་པའི་སྨྲ་བརྗོད་ཀྱི་ཚད་བཀག་འདི་འདྲ་ཞིག་འབྱུང་དོན་ཡང་སྨྲ་པ་པོ་མི་གཅིག་ལས་མེད་པ་དང་། ཉན་པ་པོ་མང་པོ་ཡོད་སྟབས་མང་བས་ཉུང་བ་རྡོལ་རོལ་གྱི་གནས་ཚུལ་ལས་བྱུང་བ་ཉག་ཅིག་ཡིན། དེ་མིན་གལ་སྲིད་སྨྲ་པ་པོ་གཅིག་ལ་ཉན་པ་པོ་གཅིག་ལས་མེད་ན་ཁྱོད་ཀྱིས་བཤད་པ་དེས་ང་ལ་ཕོགས་སོང་བས་དེ་བཤད་མི་ཆོག་ཅེས་འདོམས་འོས་སམ།
གནའ་མི་བོད་ཀྱི་གཏམ་དཔེ་ལཿ སྐྱེས་ཕོ་རབས་ཁོག་པ་ནམ་མཁའ་འདྲ། མདའ་རྒྱང་འཕེན་བྱས་ན་ཐུག་ལེ་མིན། ཕོ་འབྲིང་ཁོག་པ་གཞུང་ལམ་འདྲ། མཛོ་ཁྱུང་དཀར་ལྔ་བརྒྱ་ཤོང་ལེ་ཡིན། ཕོ་མཐའ་མའི་ཁོག་པ་ཁབ་མིག་འདྲ། ཤིག་ཅིག་གི་འགུལ་སྐྱོད་བྱེད་ས་མེད། ཅེས་པ་ཟེར་། སྤྱི་ཚོགས་ཧྲིལ་པོ་སྐྱེས་ཕོ་རབས་དེ་འདྲ་མང་ཤོས་སུ་གྱུར་ན་ད་གཟོད་ཚད་མཐོ་བའི་སྨྲ་བརྗོད་རང་དབང་དེ་འབྱུང་བ་ཡིན་ནོ། 

 རྩོམ་འདི་བྲིས་པའི་དགོས་པ།

ཁོ་བོའི་རྩོམ་འདི་འབྲི་བའི་དགོས་པ་དེ་མ་བཤད་ན་གོ་བརྡ་ཡག་པོ་ཞིག་འཕྲོད་ཀྱི་མེད་པ་ལྟར་མཐོང་། ངའི་རྩོམ་དེ་འབྲི་བའི་དགོས་པ་ནི་སྨྲ་བརྗོད་རང་དབང་བརྡལ་བཤིག་མ་བཏང་བའི་སྒོ་ནས་སྨྲ་བརྗོད་རང་དབང་བེད་སྤྱོད་ལོག་པར་གཏོང་བ་འགོག་ཆེད་དུ་བྲིས་པ་ཡིན། དེ་ཡང་གལ་སྲིད་འདི་དང་འདི་འདི་ལྟར་དང་དེ་ལྟར་བཤད་ཆོག་དང་མི་ཆོག་གི་ཁྲིམས་ལུགས་ཤིག་ནམ་ཞིག་བཅས་པ་ན་དེ་དུས་སྨྲ་བརྗོད་རང་དབང་རྡོག་རོལ་དུ་བཏང་བ་ཡིན། གང་ལགས་ཤེ་ན་སྨྲ་པ་པོ་ལ་ཕྱིའི་དབང་ཤུགས་ཀྱིས་རང་གི་གང་བཤད་འདོད་པ་བཤད་དབང་མེད་པར་བཏང་བ་རེད། དེ་འདྲའི་ཁྲིམས་ལུགས་ཤིག་བཟོས་ཚེ་གང་ཟག་གཉིས་པ་དང་གསུམ་པས་ཁྲིམས་ལུགས་དེ་འཁོར་པའི་ཁྲིམས་ཡིག་དེ་གནམ་ལ་འཕྱར་བཞིན་ཁྱོད་ཀྱིས་འདི་དང་དེ་འདི་ལྟར་དང་དེ་ལྟར་བཤད་མི་ཆོག་སྟེ། ཁྲིམས་ཡིག་འདི་དང་འདི་ལ་འགལ་འགྲོ་སོང་བས་སོ་ཞེས་བཤད་ཀྱི་རེད། དེ་འདྲ་ལ་སྨྲ་བརྗོད་རང་དབང་གི་བརྡལ་བཤིག་མི་ཟེར་ན་སྨྲ་བརྗོད་རང་དབང་གི་ས་མཚམས་ཡེ་ནས་མི་ལོན། དེའི་ཕྱིར་སྨྲ་བརྗོད་རང་དབང་ནི་སྨྲ་པ་པོས་གང་བཤད་འདོད་པ་བཤད་ཆོག་པར་གོ་དགོས་པར་བཤད་པ་ཡིན། སྨྲ་བརྗོད་ལ་ཚད་བཀག་མེད་ཡེ་ནས་བཤད་མེད་ཅིང་། ཚད་བཀག་ནི་སྨྲ་པ་པོ་ལས་གཞན་པའི་ངོས་ནས་ཡོང་མི་འོས་པར་བཤད་ཡོད།
དེས་ན་སྨྲ་བརྗོད་རང་དབང་ནི་གང་བཤད་བཤད་ལ་ཚད་བཀག་མེད་ཀྱང་ཚད་བཀག་ཡོད་ཅེས་འགལ་འདུའི་ཚིག་ཅིག་བརྗོད་དགོས་པ་འདྲ། དེ་མིན་ཀློག་པ་པོ་དག་གིས་གོ་བརྡ་འཕྲོད་དཀའ་བར་སྣང་། དེ་ཡང་གཞན་ངོས་ནས་གང་བཤད་བཤད་ཡིན་ལ་སྨྲ་པ་པོ་རང་ངོས་ནས་ཚད་བཀག་བྱེད་དགོས་ཞེས་པ་ལ་ཟེར་བ་ཡིན། སྨྲ་པ་པོས་གཞན་ས་ལ་རང་བསྡད་ནས་སྨྲ་བརྗོད་རང་དབང་ལ་ཚད་བཀག་བྱེད་དགོས་པ་ཡིན། དེ་ལྟར་བྱས་ན་སྨྲ་བརྗོད་རང་དབང་ལ་བརྡལ་མ་སོང་བའི་སྒོ་ནས་ཚད་བཀག་དེ་བྱས་པ་ཡིན། དེ་མིན་ཐབས་ཤེས་མེད། ཅི་སྟེ་སྨྲ་པ་པོས་དེ་ལྟར་རང་ངོས་ནས་ཚད་བཀག་མ་བྱས་ན་ཁོ་སྡུག་པ་ལ་ཨང་ཟེར་བ་ཙམ་ལས་ཐབས་ཤེས་གཞན་མེད། དེའི་ཕྱིར་འབྱུང་འགྱུར་གྱི་སྨྲ་པ་པོ་དག་གི་ཐུགས་རྒྱུད་ལ་སྨྲ་བརྗོད་རང་དབང་གི་ཚད་བཀག་དེ་བསྐྱེད་པའི་ཆེད་དུ་ཁོ་བོས་རྩོམ་དེ་བྲིས་པ་ཡིན། དེ་བྱུང་ན་སྨྲ་བརྗོད་ལ་འདི་དང་དེ་བརྗོད་འོས་དང་མི་འོས་ཀྱི་ཁྲིམས་བཅའ་མི་དགོས་པར་སྨྲ་པ་པོ་རང་ངོས་ནས་འགན་ཁུར་འོང་བའི་ཁོ་བོས་རེ་ལྟོས་འཆང་གི་ཡོད་དོ

No comments:

བཀླགས་མང་ཤོས།

ཟིན་བྲིས་བཀླགས་གྲངས་ཁྱོན་སྡོམ།

དཔར་རིས་འགྲེམ་སྟོན།

དཔར་རིས་འགྲེམ་སྟོན།
ངའི་བུ་མོ་སློབ་གྲའི་རྩེད་མོའི་ཉིན་མོ་ཨང་གཉིས་པ་ཐོབ།

ང་རང་གི་སྐོར།

My photo
I am a Tibetan, and a teacher. I have a dream that we have a unified Tibetan language. I see there is a way for this. རེ་བ་འདི་འགྲུབ་མི་སྲིད་པ་ཞིག་མིན་ལ། འདིའི་ལམ་སྣེ་གུས་པའི་ལག་ཏུ་ཡོད། དེ་ནི་ཁོ་བོས་བྲིས་པའི་(སྒྲ་སྒྲུབ་རིག་པ)ཡི་ནང་དུ་གསལ་ཡོད།