2011/01/16

ཨོྃ་མ་ནི་པད་མེ་ཧཱུྃཿ

འཛམ་གླིང་འདིར་རང་ཉིད་ཀྱི་ནང་གི་ནོར་བུའི་ཆེད་དུ་ཡོངས་སུ་བློས་བཏང་བའི་རྒྱལ་ཁབ་གཅིག་རང་ཡོད་པ་ནི་བོད་རེད། དེས་རྙེད་དོན་ནི་ངོ་མཚར་འོས་པ་ཞིག་རེད། ཨོྃ་མ་ཎི་པདྨེ་ཧཱུྃཿ་ཞེས་པ་འདི་མཐར་ཐུག་གི་མྱོང་བ་སྟོན་བྱེད་མཆོག་ཏུ་གྱུར་བ་ཞིག་རེད། དེའི་དོན་ནི་ལྷིང་འཇགས་ཀྱི་སྒྲ་གའུ་ནང་གི་ཕ་ལམ་ལྟ་བུ་དེ་རེད། ཕྱིའི་མིག་གིས་ཇི་ལྟར་མཐོང་མི་ཐུབ་པ་བཞིན་ཕྱིའི་རྣ་བས་ཐོས་མི་ཐུབ་ན་ཡང་ལྷིང་འཇགས་ལ་ཡང་རང་ཉིད་ཀྱི་སྒྲ་དང་རོལ་མོ་ཡོད། ང་ཚོར་ཕྱིའི་དབང་པོ་དྲུག་ཡོད། འདས་པའི་སྐབས་སུ་མིས་ཕྱིའི་དབང་པོ་ལྔ་ལས་ཤེས་མེད་པས་དབང་པོ་དྲུག་པ་ནི་གསར་རྙེད་ཅིག་རེད། དེ་ནི་ཁྱེད་རང་གི་རྣ་བའི་ནང་དུ་ཡོད་པས་མི་རྣམས་ཀྱིས་དེ་མ་རྙེད་པ་རེད། དེ་ནི་དོ་མཉམ་པའི་ཚོར་བ་དེ་རེད། ཁྱེད་རང་མགོ་ཡུར་འཁོར་བ་དང་། ར་བཟི་བའི་སྐབས་སུ་ཁྱེད་རང་གི་དོ་མཉམ་པའི་ཚོར་བ་ལ་ཤུགས་རྐྱེན་ཐེབས་པ་རེད། ཕྱིའི་དབང་པོ་དྲུག་པོ་འདི་ཕྱིའི་དངོས་པོ་མྱོང་ཆེད་དུ་ཡིན་པ་བཞིན་ནང་གི་དབང་པོ་དྲུག་པོ་འདི་ཡང་ནང་གི་དངོས་པོ་མྱོང་ཆེད་དུ་དང་། མཐོང་ཆེད། ཐོས་ཆེད། ཚོར་ཆེད་དུ་རེད། དེ་ནི་ཕྱི་ཡི་མིག་དབང་ལ་མི་སྣང་ན་ཡང་ནང་གི་མིག་དབང་ལ་སྣང་གི་རེད། ཁྱོད་རང་གིས་ཕྱིའི་ཚོར་བས་ཐོགས་རེག་བྱེད་མི་ཐུབ་ན་ཡང་ནང་གི་དབང་པོ་ནི་དབྱེར་མེད་དུ་འགྱུར་།
ཨོྃ་ནི་ཡོད་ཚད་མི་སྣང་བར་གྱུར་དུས་ཀྱི་སྒྲ་དེ་རེད། བསམ་གཞིགས་མེད་པ། རྨི་ལམ་མེད་པ། རེ་ལྟོས་མེད་པ། འདོད་འདུན་མེད་པ། མཐའ་ན་ཆུ་གཉེར་ཕྲ་མོ་ཞིག་ཀྱང་མེད་པ། ཁྱོད་རང་གི་འདུ་ཤེས་ཀྱི་མཚོ་མོ་ཡོངས་སུ་ལྷིང་འཇགས་སུ་གྱུར་ནས་མེ་ལོང་ཉིད་དུ་གྱུར་བའི་དུས་སྐབས་དཀོན་པོ་དེ་འདྲའི་སྐབས་སུ་ཁྱོད་ཀྱིས་གཞི་ནས་ལྷིང་འཇགས་ཀྱི་སྒྲ་དེ་ཐོས། དེ་ནི་ཆེས་རིན་ཐང་ལྡན་པའི་མྱོང་ཚོར་དེ་ཡིན། གང་ལགས་ཤེ་ན་དེས་ནང་གི་རོལ་མོ་སྟོན་པ་ཙམ་དུ་མ་ཟད། དེས་ནང་ནི་ཞི་འཇམ། དགའ་བ། བདེ་བ། སོགས་ཀྱིས་བལྟམས་པ་དེ་ཡང་སྟོན། འདི་ཐམས་ཅད་ཨོྃ་གྱི་རོལ་མོའི་ནང་དུ་ཐིམ་ནས་ཡོད། ཁྱོད་ཀྱིས་མྱོང་བ་དེ་བརྗོད་དུ་མེད། གལ་སྲིད་ཁྱོད་ཀྱིས་བརྗོད་ན་ཁྱོད་ཀྱིས་དོན་ངོ་མ་དེ་འཆོར་བར་འགྱུར་། ཁྱོད་ཀྱིས་ཉན་དགོས། ཁྱོད་རང་ཞི་ཞིང་འཇགས་པར་གནས་དགོས། གློ་བུར་དུ་ཁྱོད་ཀྱི་མཐའ་ཡོངས་སུ་ཧ་ཅང་ཕྲ་བའི་སྟངས་སྟབས་ཤིག་གིས་སྐོར་ནས་ཡོད། ནམ་ཞིག་ཁྱོད་ཀྱིས་དེ་ཐོས་པའི་སྐབས་སུ་ཁྱོད་རང་གཞི་གྲུབ་ཀྱི་གསང་བར་ཞུགས་པ་ཡིན། ཁྱོད་རང་ཧ་ཅང་ཕྲ་བར་གྱུར་བས་ད་ནི་ཁྱོད་ལ་ལྐོག་གྱུར་གྱི་གནས་ཐམས་ཅད་མངོན་པར་གྱུར། གཞི་གྲུབ་ཀྱིས་ཁྱོད་རང་གྲ་སྒྲིག་མ་ཐུབ་པར་དུ་སྒུག་ཀྱི་རེད། ལྷིང་འཇགས་མཐར་ཐུག་གི་སྒྲ་དེ་ཨོྃ་ཞེས་པ་འདི་ལ་འདྲ་སེ་ཞིག་ཡོད་པའི་གནད་དོན་འདིར་ཤར་ཕྱོགས་པའི་ཆོས་ལུགས་ཡོད་དོ་ཅོག་གིས་མོས་མཐུན་བྱེད།
ཨོྃ་ཞེས་པའི་ཚིག་འདི་སྐད་ཡིག་གཅིག་གི་ནང་དུ་ཡང་ཡིག་གཟུགས་སུ་མི་འབྲི། གང་ལགས་ཤེ་ན་འདི་ནི་སྐད་ཡིག་གི་ཁོངས་སུ་མི་གཏོགས། འདི་ནི་མཚོན་རྟགས་ཀྱིས་འབྲི་བ་ཡིན། དེའི་ཕྱིར་ལེགས་སྦྱར། ཟུར་ཆགས། པ་ལི། བོད་ཡིག་སོགས་ཚང་མའི་ནང་དུ་མཚོན་རྟགས་འདི་གཅིག་རང་འབྲི་བ་ཡིན། གང་ལགས་ཤེ་ན་དུས་སྐབས་ཐམས་ཅད་ཀྱི་ནོར་འཁྲུལ་ཡོངས་རྫོགས་མཐར་མཉམ་མྱོང་གཅིག་གི་ཐོག་ཏུ་སླེབས་ཀྱི་ཡོད་པ་སྟེ། འདི་ནི་ང་ཚོ་འདི་ངོགས་ཀྱི་འཛམ་གླིང་གི་ཆ་ཤས་ཤིག་རེད་མེད། དེའི་ཕྱིར་འདི་ཡིག་གཟུགས་ཀྱི་ནང་དུ་མི་འབྲི། དེ་ལ་རང་ཉིད་ཀྱི་མཚོན་རྟགས་ཤིག་ཡོད་དགོས་ཤིང་དེ་ནི་སྐད་ཡིག་གི་མཐའ་ལས་བརྒལ་ཡོད།
ཤེས་བྱ་རིག་པའི་ཐོག་ནས་བསམ་བློ་བཏང་ན་དེས་དོན་དག་གང་ཡང་སྟོན་གྱི་མེད་ཀྱང་། བསམ་བློའི་འཕེལ་རྒྱས་ཀྱི་ཆ་ནས་གཞིགས་ན་དེའི་དོན་ནི་མཐའ་ཡས་སོ།ཨ 

No comments:

བཀླགས་མང་ཤོས།

ཟིན་བྲིས་བཀླགས་གྲངས་ཁྱོན་སྡོམ།

དཔར་རིས་འགྲེམ་སྟོན།

དཔར་རིས་འགྲེམ་སྟོན།
ངའི་བུ་མོ་སློབ་གྲའི་རྩེད་མོའི་ཉིན་མོ་ཨང་གཉིས་པ་ཐོབ།

ང་རང་གི་སྐོར།

My photo
I am a Tibetan, and a teacher. I have a dream that we have a unified Tibetan language. I see there is a way for this. རེ་བ་འདི་འགྲུབ་མི་སྲིད་པ་ཞིག་མིན་ལ། འདིའི་ལམ་སྣེ་གུས་པའི་ལག་ཏུ་ཡོད། དེ་ནི་ཁོ་བོས་བྲིས་པའི་(སྒྲ་སྒྲུབ་རིག་པ)ཡི་ནང་དུ་གསལ་ཡོད།