Showing posts with label བསམ་ཚུལ།. Show all posts
Showing posts with label བསམ་ཚུལ།. Show all posts

2022/08/11

བདུན་བཅུ་བཞིའི་གདུང་སེམས་ཀྱི་ལས་འགུལ།

ལོ་འགའ་ཞིག་གི་གོང་གི་ཕྱི་ཟླ་༧་པའི་ཚེས་༡༤་ཉིན་གུས་པ་ཕ་རན་སིའི་རྒྱལ་སྟོན་དུས་ཆེན་ཉིན་མོར་བདག་ས་གནས་ལ་སླེབས་ཡོད་ཅིང་། དེ་དུས་བདུན་ཕྲག་འགའ་ཞིག་དེར་བསྡད་མྱོང་བ་ཙམ་ལས་ཕ་རན་སི་དང་གུས་པ་ལ་འབྲེལ་བ་གང་ཡང་མེད། འོན་ཀྱང་འདི་ལོའི་༧་པའི་༡༤་ཡི་ལས་འགུལ་ནང་དུ་ཞུགས་མཁན་རྣམས་ལ་གཉེན་ཉེའི་འབྲེལ་བ་གང་ཡང་མེད་ན་ཡང་རིགས་ཞེན་གྱི་འབྲེལ་བ་ཟབ་མོ་ཞིག་ཡོད།  

 

བདུན་བཅུ་བཞིའི་ལས་འགུལ་གྱི་ངོ་མཚར་རང་བཞིན།

བདུན་བཅུ་བཞིའི་ལས་འགུལ་འདིར་ངོ་མཚར་གྱི་རང་བཞིན་ཞིག་ཡོད། དེ་ནི་ཚོད་ཧ་ཅང་རན་པོར་ཟིན་པ་དེ་རེད། འཐེན་ཚོད་ལྷོད་ཚོད་ཟིན་པ། མཆོང་ཚོད་བབ་ཚོད་ཟིན་པ། གཏོར་ཚད་འཇོག་ཚོད་ཟིན་པ། འདི་འདྲའི་ཚོད་ཐིགས་ཤིག་ཚོར་བས་དེད་པའི་མི་ཚོགས་ཤིག་ལ་བྱུང་ལོས་དཀོན་ཏེ། ཚོར་བ་ལ་དགྲ་ལྟར་འཛིན་པའི་རྟོག་གེ་བ་ཞིག་ལ་ཡང་ཧ་ཅང་དཀའ་མོ་ཡིན། གཡས་ཀྱི་དངོས་པོ་མ་བཅག གཡོན་གྱི་ཁང་པ་མ་གཏོར། མདུན་གྱི་ཟ་ཁང་མ་སྤར། འགྲམ་གྱི་མི་ལ་མ་གནོད། རྒྱབ་ཀྱི་གྲོགས་ལ་ཐུག འདི་འདྲ་ཞིག་ཡོང་བ་སྲིད་མཐའ་ཙམ་ཡིན་ཞིང་། ད་ལན་གཞོན་སྐྱེས་དག་གིས་སྣེ་ཁྲིད་པའི་ཞི་བའི་ལས་འགུལ་དེར་དེ་འདྲའི་ཚོད་འཛིན་ཞིག་ཡོད་པ་ནི་ངོ་མ་ངོ་མཚར་གྱིས་མཚན་པའི་ངོ་མཚར་ཞིག་རེད། ཚོར་བའི་དབང་དུ་མ་སོང་བའི་དགོས་ངེས་ཀྱི་ལས་འགུལ་ཟེར་བ་ངོ་མ་འདི་འདྲ་ཆགས་ཡོད།

སྤུན་ཟླ་བསད་པས་མ་ཚད་གསོད་ལུགས་ལ་གཅིག་ལྟོས་དང་། འདས་པའི་དུས་སུ་ཕ་མྱེས་བསད། ད་ལྟའི་དུས་སུ་སྤུན་ཟླ་གསོད། མ་འོངས་བར་བུ་ཕྲུག་གསད་ཀྱང་ཚོར་བ་གང་ཡང་མེད་པ་ནི་ཚོར་བ་ལྡིབ་སོང་བ་ལས་གཞན་གང་ཡང་མིན། ས་ཡ་གཅིག་དང་འབུམ་གཉིས་ཀྱི་རོ་བདག་ཕྲག་ལ་བབ་པའི་མི་རིགས་ཤིག་གི་ཁོག་ན་ཤ་མཁོན་གྱི་མེ་ལྕེ་མེད་པ་ནི་ནང་རུལ་བའི་མཚན་ཉིད་ལས་བྱང་ཆུབ་སེམས་པའི་མཚན་ཉིད་མིན། ང་ཚོ་ནི་བྱང་ཆུབ་སེམས་དཔའ་མིན་ལ། བྱང་ཆུབ་སེམས་པ་བྱེད་ཁོམས་ཀྱང་མེད་པ་མ་ཟད། བྱང་ཆུབ་སེམས་དཔའ་ད་དུང་བྱེད་འདོད་ཀྱང་མེད། ཤ་འཁོན་དེ་ལྟར་ཆེ་རུང་རང་ཚུགས་བཟུང་ནས་དྲག་ལས་ལ་མ་ཤོར་བ་དེ་འདྲ་འཇིག་རྟེན་ན་འབྱུང་བ་སྲིད་མཐའ་ཙམ་ཡིན།

 

ཚོར་ཤེད་ཀྱིས་དེད་པའི་གཞོན་སྐྱེས་ཀྱི་ལས་འགུལ།

རིགས་ཞེན་ཅན་བྱམས་པ་ལྷ་མཚོའི་གྲོགས་མོ་འཛངས་མ་དེའི་དང་གཙང་གི་རིགས་ཞེན་གྱིས་བསྐུལ་བའི་ལས་འགུལ་དེས་བོད་པའི་མཐུན་སྒྲིལ་དང་བོད་པའི་མིང་གྲགས་འཛམ་གླིང་ན་བཞག ཚོིར་བའི་དགྲ་བོར་འགྲེང་བའི་རང་རེའི་མཁས་པ་རེ་ཟུང་གིས་ཚོར་བ་འདིས་མ་འགྲིག་ཅེས་རྟག་ཏུ་ཚོར་བ་ཟེར་བ་ཞིག་ལ་སྨད་ཅི་ཐུབ་ཀྱིས་རང་ཉིད་བསམ་ཤེས་པ་དང་དཔྱོད་ལྡན་པ་ཞིག་ཡིན་པའི་སྣང་བརྙན་སྐྲུན་ཐབས་བྱེད་ན་ཡང་། དེའི་ངོས་གཅིག་ན་རང་ཉིད་ཀྱི་འཚོ་གནས་ཀྱི་ཚོར་བ་ལྡིབ་སོང་བ་ཡིན་ཞེས་རང་ཉིད་ཀྱིས་སྐད་བསངས་ནས་སྒྲོག་གིན་ཡོད་པ་མི་ཚོར། ལར་ནས་ཚོར་བ་དགྲ་ལང་བ་དེ་ཚོ་གཞོགས་གཞན་ཞིག་ན་ཚོར་བ་གཞན་ལས་ཆེ་བ་ཞིག་ཡིན་པ་ཡང་ཡང་ཡང་མཐོང་རྒྱུ་ཡོད། མ་ཟད་ད་བར་འཇིག་རྟེན་འདི་ཁྱེད་ཅག་གིས་བཤད་པའི་ཚོར་བ་ཟེར་བ་དེའི་སྒུལ་ཤུགས་ལ་བརྟེན་ནས་མདུན་སྐྱོད་ཡོང་ཡོད་པ་ཚན་རིག་གི་རིགས་ལམ་ལ་བཅལ་ན་ཡང་གསལ་བོ་མངོན་ཡོང་། ཚོར་བ་དེ་མེད་ན་ད་ལན་གྱི་བྱས་རྗེས་དེ་ཡང་མི་ཞོག

འུ་ཅག་གི་རྩ་དོན་འཐབ་རྩོད་ཀྱི་ལས་འགུལ་དེ་ཡང་ཚོར་བས་དེད་ནས་བྱུང་བ་ཡིན་ལ། འདེད་མཁན་གྱི་ཚོར་བ་འདི་མེད་ན་རང་དབང་འཐབ་རྩོད་ཀྱི་མེ་ཕུང་སྔར་ནས་ཤི་ཟིན་ཡོད། འཛམ་གླིང་འདིར་རང་ཚུགས་དང་རྐང་རྗེས་ཡོད་མཁན་ཚང་མ་ཚོར་བ་ཟེར་བ་དེའི་སྒུལ་ཤུགས་ལ་བརྟེན་ནས་བྱུང་ཡོད། ཚོར་བ་རིན་པོ་ཆེ་མཁྱེན། མདོར་ན་ཚོར་བའི་རྟ་ཕོ་ལ་རིགས་པའི་དཀྱུས་ས་བསྟན་ན་ད་གཟོད་དམིགས་ཡུལ་གྱི་གཏད་སོ་ལ་སླེབས་ཐུབ་པ་ལས་ཚོར་བ་ཟེར་བ་དེ་ལ་དགྲ་རུ་བཟུང་ན་ནམ་ཡང་རྗེས་ལུས་སུ་གནས་ངེས་སོ།  

 

འཚེ་མེད་ཞི་བའི་གོ་དོན།

འཛམ་གླིང་རིག་མཛོད་དྲ་བ་ཝི་ཁི་ཕེ་ཌི་ཡ་ཡི་ནང་དུ་འཁོད་པ་ལྟར་ན་འཚེ་མེད་ཞི་བ་ནི་གནས་སྟངས་གང་ཞིག་གི་ནང་དུ་གཞན་དག་ལ་གནོད་པ་མི་བྱེད་པའི་ཉམས་ལེན་ཞེས་འཁོད་འདུག འདིའི་ནང་དུ་གཞན་དག་ཅེས་པ་ནི་གང་ཟག་ལ་གོ་བ་ལས་ཅ་དངོས་ལ་མི་གོ་བ་མ་ཟད་སེམས་ཅན་ལ་ཡང་གོ་བ་མིན། ལར་ནས་འཚེ་མེད་ཞི་བའི་ལམ་ལུགས་ཞེས་པ་ལ་འགྲེལ་བཤད་མང་ཐག་ཆོད་ཅིག་ཡོད་པས་མཐའ་གཅིག་ཏུ་འདི་འོ་ཞེས་པ་ཞིག་མེད། དེས་ན་ཚོར་ལྡིབ་པ་དག་གི་གོ་བ་ལེན་སྟངས་ལྟར་ལས་གཞན་གང་དུ་ཡང་ལེན་མི་ཆོག་པ་དང་། དེ་དག་གི་གོ་བ་ལྟར་དུ་མ་སོང་ན་འཚེ་མེད་ཞི་བའི་ལམ་ལུགས་དང་འགལ་སོང་བར་ངོས་འཛིན་པ་ཞིག་གང་དུ་ཡང་གསལ་མེད།

བདུན་བཅུ་བཞིའི་ལས་འགུལ་དེ་ཡང་འཚེ་མེད་ཞི་བའི་རྒྱ་ལས་མ་འདས་པ་ཞིག་ཡིན་པ་ལས་དྲག་པོའི་ལས་འགུལ་ཞིག་ནམ་ཡང་ཆགས་མེད། ཧ་ཧ་ཧ་་་ གད་མོ་ད་དུང་མ་ཤོར། སྡེར་མ་བཅག་སོང་། ཤེལ་སྒོ་གཏོར་སོང་བས་འཚེ་བ་ཡིན་ཟེར་ན། འུར་སྒྲ་བརྒྱབས་སོང་། ལམ་ཁ་བཀགས་སོང་། སྒོར་མོ་གཏོར་སོང་བས་ཀྱང་འཚེ་བ་ལ་འགྱུར་མི་དགོས་སམ་ཞེས་འདྲི། དེས་ན་འཚེ་བ་མེད་པའི་ལས་འགུལ་ཞིག་ཉལ་ནས་བསྡད་ཀྱང་འཇོག་རྒྱུ་མེད།  

 

འཛམ་གླིང་ལ་ཞི་ངོ་རྒོལ་གྱི་མིག་སྟོན་བཟང་པོ།

ངོ་མཚར་ཆེ་བའི་བདུན་བཅུ་བཞིའི་ལས་འགུལ་དེས་འཛམ་གླིང་འདིར་མིག་དཔེ་བཟང་པོ་ཞིག་བསྟན་ཡོད། ཕ་རན་སིའི་གསར་བརྗེ་སོགས་ལས་འགུལ་གྱི་རིག་གཞུང་སྔོན་ཐོན་དུ་སོན་པའི་ཕ་རན་སིའི་ནང་དུ་བདུན་བཅུ་བཞིའི་ལས་འགུལ་དེ་ཚད་མཐོ་བའི་ངོ་རྒོལ་ཞིག་ལ་ངོས་འཛིན་བྱས་ཡོད་པ་ལས་ཁྲིམས་ལུགས་ཀྱི་ནང་དོན་མི་ཤེས་པ་འགའ་ཞིག་གིས་བཤད་སྟངས་ལྟར་ངོ་གནོངས་དགོས་པ་དང་། ཚབ་ཆེའི་ཁྲིམས་འགལ་ལས་འགུལ་ཞིག་ལ་ངོས་བཟུང་མེད་པ་མ་ཟད། ནང་རུལ་བ་འགའ་ཞིག་གིས་བཤད་སྟངས་ལྟར་ཇག་པའི་ལས་འགུལ་ཞིག་ཡིན་པར་དེ་བས་ངོས་འཛིན་བྱས་མེད། ལས་འགུལ་གྱི་རིག་གཞུང་ལ་ཉམས་མྱོང་ཕུན་སུམ་ཚོགས་པའི་ཕ་རན་སི་ནང་དུ་བདུན་བཅུ་བཞིའི་ལས་འགུལ་གྱི་ནང་དུ་བྱུང་བའི་བཅག་དཀྲུག་དེ་དག་བསམ་ཤེས་ཀྱི་དཀྱེལ་ཡངས་སུ་འཇོག་མི་ཐུབ་པ་ཞིག་མིན།

ལས་འགུལ་འདིའི་གྲུབ་འབྲས་ནི་རང་ཕྱོགས་ལ་ཆིག་སྒྲིལ་དང་། དགྲ་ཕྱོགས་ལ་ཉེན་བརྡ། ཕར་ཕྱོགས་ལ་གོ་བརྡ། གྱོད་དོན་ལ་སྐུལ་འདེད། གཤིན་པོ་ཕྱོགས་ལ་སེམས་གསོ་སོགས་བཟང་པོ་མང་པོ་བྱུང་། ད་དུང་ལས་འགུལ་འདིས་རང་རེའི་ནང་རུལ་བ་དག་གི་དྲི་མ་བསང་བ། འགོ་བྱེད་པ་དག་ལ་ཁ་ཕྱོགས་སྟོན་པ། འཐོམ་འཁྱལ་བ་དག་གི་འཐོམ་གཉིད་ལས་དཀྲོགས་པ། ན་གཞོན་པ་དག་རིགས་ཞེན་སྐྲུན་པ། འཐབ་རྩོད་པ་དག་ལ་སེམས་ཤུགས་སྤྲོད་པ་སོགས་དགེ་མཚན་གང་མང་འདྲེན་རྒྱུ་ཡོད།

 

མང་ཚོགས་ངོ་རྒོལ་གྱི་ངོས་འཛིན།

ཁྲིམས་ལུགས་དང་མང་གཙོའི་སྒྲ་ཙམ་ལས་གོ་བ་མ་ལོན་པའི་ནང་རུལ་བ་འགའ་ཞིག་གིས་ལས་འགུལ་དེས་མི་གསོད་དོན་རྐྱེན་གྱི་ཁྲིམས་ལུགས་འཐབ་བརྩོད་ལ་གནོད་པ་བྱས་རབས་དང་། རྒྱལ་ཁ་ཁྲིམས་ཐོག་ནས་ལེན་དགོས་སོགས་ཟེར། འདི་ནི་སེམས་ཐག་ཉེ་བོ་མེད་པའི་སྐད་ཆ་དང་། སྤུན་མཆེད་ལ་གདུང་སེམས་མཉམ་བསྐྱེད་ཀྱི་འདུ་ཤེས་མེད་པའི་སྐད་ཆ་ཙམ་ལས་གང་ཡང་གོ་རྒྱུ་མེད། རྒྱལ་ཁ་ཁྲིམས་ཐོག་ནས་ལེན་པའི་ཆེད་དུ་སྐུལ་སློང་ཐང་ཐོག་ནས་བྱེད་དགོས་ལ། ཡུལ་འདིར་རྒྱལ་ཁ་ཁྲིམས་ཐོག་ནས་ལོན་ངེས་པ་ཡང་ཡིན། ཁྲིམས་ཀྱིས་འགྲོ་ལུགས་གསལ་པོ་ཤེས་པའི་རྒྱལ་ཁབ་འདིར་གྱོད་དོན་གཉིས་གསུམ་ཉ་ཉོག་མཉམ་བསྲེས་བྱས་ཡོང་བསམ་པ་ནི་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་ལོ།

ནང་རུལ་བ་རེ་ཟུང་གིས་ལས་འགུལ་བ་དེ་དག་གིས་ཁྲིམས་འགལ་བྱས་པ་ཚབ་ཆེ་བ་དང་། ཁྲིམས་འགལ་བྱས་པ་དེ་ལ་བརྟེན་ནས་ཁོང་ཅག་གི་ཡིག་ཆ་ལ་གནོད་ཀྱི་རེད་ཅེས་སྒྲོག་བཞིན་འདུག དེ་ནི་ཐོབ་ཐང་ཡོད་པའི་མང་ཚོགས་ཀྱི་ངོ་རྒོལ་ལ་ངོས་འཛིན་བྱ་སྟངས་མ་ཤེས་པ་རེད། གཅིག་ནས་ངོ་རྒོལ་བ་དག་གིས་མཇུག་འབྲས་ཐམས་ཅད་རིགས་ཞེན་གྱི་ཆེད་དུ་བློས་བཏང་ཟིན་པ་ཡིན་པས་གལ་སྲིད་གྱོང་ཙག་ཙིག་ཅིག་བྱུང་རུང་དེ་ལ་གྲ་སྒྲིག་དང་བློས་བཏང་ཟིན་པ་ཡིན་ལ། གཉིས་ནས་ཅི་སྟེ་བདུན་བཅུ་བཞིའི་ལས་འགུལ་དེ་ཁྲིམས་ག་གེ་མོ་ཞིག་ལ་འགལ་ཡོད་རུང་། དེ་ནི་ཐོབ་ཐང་ཡོད་པའི་ཁྲིམས་འགལ་ཞིག་ཡིན་པས་དེ་མི་སེར་གྱི་ཐོབ་ཐང་སོགས་མི་སྦྱིན་པའི་ཆ་རྐྱེན་ལ་ནམ་ཡང་འགྱུར་མི་སྲིད། རྒྱུ་མཚན་ནི་ཁྲིམས་ལུགས་ཀྱི་ཕྱི་ནང་ཡོངས་སུ་སྨིན་ཟིན་པའི་རྒྱལ་ཁབ་དེར་བདུན་བཅུ་བཞིའི་ལས་འགུལ་དེ་འདྲ་བ་ལ་བསམ་ཤེས་མི་ཐུབ་པའི་གུ་དོགས་ཀྱི་བསམ་བློ་དེ་འདྲ་ནམ་ཡང་འཆང་གི་མ་རེད། རྒྱུ་མཚན་རྒྱལ་ཁབ་འདིར་ལས་འགུལ་ནི་མང་ཚོགས་ཀྱི་ཐོབ་ཐང་ཡིན་པའི་ངོས་འཛིན་གསལ་པོ་ཡོད་པའི་རིག་གཞུང་སྲ་བརྟན་དུ་ཚུགས་ཟིན་ཡོད་པས་སོ། མི་འདི་དག་གིས་ཉེས་ཁྲིམས་དང་འབངས་ཁྲིམས་ཟེར་བ་ལོགས་སུ་ཡོད་པ་ཡང་གོ་མྱོང་མེད་འདྲ།

ཡང་འགའ་ཞིག་གིས་ད་ལན་གྱི་དོན་རྐྱེན་འདི་བོད་མི་ཞིག་སྒེར་དོན་དུ་ཤི་བ་ལས་བོད་སྤྱིོ་བའི་དོན་ལ་ཤི་བ་མིན་པས་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་དེ་ཡང་མི་འོས་ཚུལ་ཕྲག་དོག་འདྲ་བ་ཞིག་བཤད། གལ་སྲིད་ཕྲག་དོག་མིན་ན་སྐད་ཆ་དེ་འདྲ་བཤད་མི་རིགས་ཏེ། ང་ཚོ་ནི་རྩ་དོན་འཐབ་རྩོད་པ་ཞིག་ཡིན་ཞིང་། རྩ་དོན་འཐབ་རྩོད་པ་ལ་གོ་སྐབས་ལས་གནད་ཆེ་བ་ཞིག་མེད། གོ་སྐབས་ནམ་བྱུང་ལ་དམ་འཛིན་བྱས་ནས་རྩ་དོན་ལ་གཞོལ་དགོས་པ་ལས་ལོ་རེར་ཐེངས་རེར་བྱང་ཆུབ་སེམས་མཆོག་མ་རེ་བཏོན་ནས་གང་ཡང་མི་ཡོང་། གསོད་མཁན་རྒྱ་རེད། གསད་ཡུལ་བོད་རེད། གསོད་ལུགས་ཁྱི་རེད། ཤ་མཁོན་མེ་རེད། འདི་རྩ་དོན་རྩོད་པའི་གོ་སྐབས་ལ་སྒྱུར་བ་ནི་ཧ་ཅང་སྤྱང་གྲུང་གི་བྱ་བ་ཞིག་རེད། ན་གཞོན་རྣམ་པ། ངོ་སོ་བསྟོད།

 

ལས་འགུལ་འདིའི་ལྡོག་ཕྱོགས་ཀྱི་འབྲས་བུ།

སྤྱིར་ན་བདུན་བཅུ་བཞིའི་ལས་འགུལ་ལ་སྐྱོན་བརྗོད་བྱེད་པ་དེ་མི་འོས་པ་ཞིག་མིན་པ་མ་ཟད། གྲོངས་མཁན་དང་ཆོལ་ཁུངས་གཅིག་པ་ནང་ཁུལ་ལ་སྐྱོན་བརྗོད་བྱས་ཀྱང་སྐྱོན་ཆེན་པོ་མེད། འོན་ཀྱང་ད་ལྟའི་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་གནས་སྟངས་འདིའི་ནང་དུ་ཆོལ་ཁ་མི་གཅིག་པའི་མི་དག་གིས་སྐྱོན་བརྗོད་བྱེད་པ་ནི་ཆོལ་ཁ་ཕན་ཚུན་སེམས་ཐག་རིང་དུ་འགྲོ་བྱེད་ཅིག་ལས་ཕན་ཐོགས་གང་ཡང་མེད།

གཤིན་པོ་དང་ཆོལ་ཁ་གཞན་པའི་མི་རེ་ཟུང་གིས་རང་ཉིད་བསམ་ཤེས་ཅན་དང་འགན་ཁུར་ཅན་ཡིན་མདོག་གིས་འགན་ཁུར་མེད་པའི་སྐྱོན་བརྗོད་དྲག་པོ་བྱས་སོང་། དེ་ནི་བོད་མི་རིགས་ལ་ཕན་པ་ཞིག་ཕར་ཞོག་ཐ་ན་རང་ཉིད་བསམ་ཤེས་ཅན་ཡིན་པའི་གདེངས་འཇོག་ཆེ་རུ་འགྲོ་བའི་རེ་བ་དེ་ཡང་མངོན་གྱུར་བྱུང་མེད་ཚོད། ལྡོག་ཕྱོགས་ནས་ཁྱོད་རང་དང་ཆོལ་གཞན་གྱི་མི་རྣམས་ཀྱི་བར་ལ་གོམ་པ་གཉིས་ཀྱིས་སེམས་ཐག་རིང་དུ་སོང་ཡོད་ལ། དེ་ལ་བརྟེན་ནས་ཆོལ་ཁ་གཉིས་བར་གྱི་སེམས་ཀྱི་བར་ཐག་དེ་གོམ་པ་གང་གིས་རིང་དུ་ཕྱིན་ཡོད། དཀྲུགས་ཤིང་ཟེར་ན་འདི་འདྲ་ཞིག་ལས་རྭ་ཅན་ཞིག་འབྱུང་རྒྱུ་མེད་དོ།

དྲང་མོ་བཤད་ན་མྱི་མི་དགའ་། དབྱུག་པ་འཕྱར་ན་ཁྱི་མི་དགའ་། ཞེས་པའི་གཏམ་དཔེ་དེ་ཁ་ནས་སྐྱོར་ཤེས་ཀྱི་འདུག་ན་ཡང་དེའི་ནང་དོན་ཤེས་ཀྱི་མེད་པ་འདྲ། དེ་མིན་མྱི་མི་དགའ་བའི་ལས་ཡིན་པ་ཤེས་བཞིན་དུ་ལས་དེ་ལ་ཅིའི་ཕྱིར་ཞུགས། དམིགས་ཡུལ་གཞན་ཞིག་མེད་ན་དེ་ནི་རང་ཉིད་ཀྱིས་སྡིག་པ་གསོགས་བྱེད་ཙམ་ཡིན་པ་ཡང་ངོས་འཕྲོད་མི་འདུག གཞན་སེམས་མ་དཀྲུགས། རང་ཚུགས་མ་ཤོར།་ཅིའི་མ་བདེན།

བདུན་བཅུ་བཞིའི་ལས་འགུལ་འདི་ལ་མོས་མཐུན་མེད་པ་ཡོང་སྲིད་པ་ཞིག་རེད། འོན་ཀྱང་དེ་ཡུལ་དུས་གནས་སྟངས་གསུམ་ལ་ལྟོས་པར་སྒྲོག་རྐྱང་བྱ་འོས་པ་ཞིག་རེད་དམ་མ་རེད་བལྟ་ཤེས་པ་ཧ་ཅང་གནད་འགག་ཆེ། 

བདེན་པ་དང་དྲང་མོ་ཟེར་བ་ཡུལ་དུས་གནས་སྟངས་ལ་བལྟ་མ་ཤེས་པར་སྒྲོག་རྐྱང་བྱེད་པ་ནི་དོན་དུ་བདེན་པ་དང་དྲང་མོའི་ངོས་འཛིན་ཡང་གསལ་པོ་ཞིག་ཐོབ་མེད་པའི་རྟགས་སུ་ཤེས། སངས་རྒྱས་ཀྱི་གསུང་ཡིན་ཡང་ཡུལ་དུས་ལ་མ་གཟིགས་པར་ནུས་པ་མི་འཐོན། དེའི་དབང་གིས་ཡུལ་དུས་ལ་མ་གཟིགས་པར་གསུང་མི་རིགས་པ་ཡིན་ན་ཕྱོགས་ཞེན་གྱི་ཆུ་ཡིས་འགྲངས་ཟིན་པའི་གང་ཟག་དཀྱུས་མ་ཞིག་གི་སྐད་ཆ་ལ་ཡུལ་དུས་ལ་བལྟ་མི་དགོས་པ་ཇི་ལྟར་ཡོང་སྲིད་དམ། ཁོ་ཅག་གི་སྐད་ཆ་དེ་སངས་རྒྱས་ཀྱི་གསུང་ལས་ཀྱང་ལྷག་པའི་ནུས་པ་ཅན་ཞིག་རློམ་ཡིན་ནམ།

མདོར་ན་བདུན་བཅུ་བཞིའི་ཞི་བའི་ལས་འགུལ་དེ་ལ་ངན་འབྲས་ཤིག་བྱུང་བ་ནི་ནང་རུལ་ཚོར་ལྡིབ་པ་དེ་དག་ལ་ནང་ཁུལ་འཁོན་སེམས་སློང་བའི་གོ་སྐབས་ཤིག་ཐོབ་པ་དེ་ཡིན་ཞིང་། མང་པོ་ཞིག་གིས་གོ་སྐབས་དེ་དམ་འཛིན་ཡང་བྱས་སོང་བ་ནི་འགྱོད་པའི་རང་བཞིན་ནོ།  

 

2012/09/24

ཅིའི་ཕྱིར་ངས་རང་བཙན་གྱི་རྒྱབ་མི་སྐྱོར་བའི་དཔྱད་གཞི་ལྔ་འགྱུར་མ།


ལྔ་ཚན་དང་པོ།
ད་ལྟའི་དུས་འདི་དབུ་མ་དང་རང་བཙན་གྱི་བལྟ་གྲུབ་རྩོད་པའི་དུས་མིན།ཞེས་སོགས་དགོངས་སྲིད་ཀྱང་། གནའ་མི་བོད་ཀྱི་ཁ་དཔེར་། ཝ་མི་བརྒྱལ་ཀ་མེད་ལྷ་འདྲེས་མགྲམ་ལྕག ཁྱི་མི་ཟུག་ཀ་མེད་རྐུན་མས་ནག་འབུར།ཟེར་བ་བཞིན་ངས་རང་གི་ཁོག་ན་ཡོད་པའི་འཆར་སྒོ་འདི་ཕྱིར་མ་བཏོན་ན་ང་ཚོ་ལམ་ནོར་འདིའི་ནང་དུ་ཕྱིར་ལྡོག་གི་བསམ་ཞིབ་ཅིག་ཀྱང་མི་བྱེད་པར་ཤར་སྐྱོད་བྱེད་ཀྱིན་ཡོད་པས་ཡིན། ལར་ནས་དབུ་མ་དང་རང་བཙན་གྱི་བགྲོ་གླེང་འདི་ནི་ཆིག་སྒྲིལ་ལ་གནོད་པའི་ལས་དོན་ཞིག་ཏུ་བསམ་མི་འོས་པར་ལྟ་གྲུབ་བརྡར་ཤ་བཅད་ནས་འགྲོ་ལམ་ལ་ངེས་ཤེས་འདྲོངས་བའི་ཕན་གྲོགས་སུ་བསམ་དགོས། ལྷག་པར་དུ་སྤྱི་ཚོགས་ཇི་ཙམ་གྲོས་གླེང་དང་བལྟ་གྲུབ་གུ་ཡངས་བར་བཞག་པ་དེ་ཙམ་གྱིས་ཆིག་སྒྲིལ་ལ་ཕན་པ་ལས་གནོད་པ་མིན་པའི་གནད་དོན་འདི་ཡང་ཐུགས་ལ་བཅང་རོགས་ཞུ།
ངས་རང་བཙན་ལ་རྒྱབ་སྐྱོར་བྱེད་པ་ནི་གཞན་མང་པོ་ཞིག་དང་། ལྷག་པར་དུ་གསར་བུ་སྣང་སྤྲོ་མང་པོ་ཞིག་གིས་རང་བཙན་ལ་རྒྱབ་སྐྱོར་བྱས་པ་དང་མི་འདྲ། དེ་ལས་ཀྱང་ལྷག་པར་དུ་རང་དོན་ཁོག་བཅུག་གིས་རང་བཙན་ལ་རྒྱབ་སྐྱོར་བྱེད་པའི་སྲིད་དོན་པ་དེ་འདྲ་ཡོད་ན་དེ་དག་དང་ཡེ་ནས་མི་འདྲ། གཤམ་དུ་ཁོ་བོས་རང་བཙན་ལ་རྒྱབ་སྐྱོར་ཅིའི་ཕྱིར་མི་བྱེད་པའི་དོན་དག་འགའ་ཞིག་གྲངས་ཀ་ལྔ་རེ་ལ་བགོས་ནས་འཆད་རྒྱུ་ཡིན། 
ངས་རང་བཙན་ལ་རྒྱབ་སྐྱོར་བྱེད་པ་ནི་དབུ་མའི་ལམ་འདི་མཐའ་གཅིག་ཏུ་ནོར་བར་མཐོང་བས་མིན་ལ། རང་བཙན་འདི་མཐའ་གཅིག་ཏུ་བཟང་པར་རྟོགས་ནས་འང་མིན། ཡིན་པ་ནི་དབུ་མའི་ལམ་འདིས་བདག་གི་བློ་ཁ་མ་ཁེངས་བ་དང་། དེའི་བརྗེ་ལེན་ལ་ཐབས་ལམ་དེ་ལས་ལེགས་པ་གཞན་ཞིག་ད་ལྟ་རང་རེའི་སྤྱི་ཚོགས་ནང་དུ་སྟོན་རྒྱུ་མེད་པས་ཡིན། དེར་མ་ཟད་དབུ་མ་འདི་དུས་ཚོད་ཀྱི་ཆ་ནས་རན་མེད་པ་དང་། རང་བཙན་འདི་དུས་ཚོད་ཀྱི་ཆ་ནས་ཀྱང་འདི་ལྟར་བློས་གཏོང་རུང་བ་ཞིག་མིན་པས་ཡིན། དེ་བཞིན་དབུ་མ་ཉེ་བ་དང་རང་བཙན་རྒྱང་བའི་སྒྲུབ་བྱེད་གཅིག་ཀྱང་བདག་གི་བློ་ཡུལ་ལ་འཆར་མི་ཐུབ་པས་ཡིན་པ་མ་ཟད། ཆོལ་གསུམ་རང་བཙན་རྩོད་པར་རྒྱལ་སྤྱིའི་ཁྲིམས་ནང་དུ་ཐོབ་ཐང་ཤོར་ཚར་བར་བཤད་མཁན་ཡོད་པ་དེ་ལྟར་མིན་པའི་བདེན་དཔང་སྟོན་རྒྱུ་ཡོད་པས་ཡིན། བདེན་དཔང་དེ་འོག་ཏུ་གསལ་ཡོད།
 མཚན་བརྗོད་པར་དཀའ་ཞིང་དགོས་པ་དང་དོན་གྱི་སླད་དུ་མཚན་ནས་སྨྲོས་ན་རྒྱལ་གཅེས་དཔའ་བོ་སྐུ་ཞབས་བཀྲ་བྷེ་ཡིས་གཙོས་པའི་རྒྱལ་གཅེས་དཔའ་བོ་དེ་དག་གིས་རང་ལུས་ཀྱི་རྣག་ཁྲག་གི་བློས་གཏོང་ལས་ཀྱང་ཡོངས་སུ་བརྒལ་བའི་ཆེས་བླ་ན་མེད་པའི་བློས་གཏོང་སྟེ། རང་ལུས་མེ་མཆོད་ལ་འབུལ་བའི་རྒྱལ་སྲས་ཀྱི་སྤྱོད་པ་ལ་ཞུགས་ཡོད། ཁོང་རྣམས་ཀྱི་བློས་གཏོང་དེ་དག་གི་བརྗིད་ཀྱི་ལྟོས་དང་། དཔལ་གྱི་ཕུང་པོ་ནི་བདག་འདྲ་བ་དག་གི་བློ་ཡི་ཡུལ་ལས་ཡོངས་སུ་འགོང་བ་ཞིག་རེད། རླབས་ཆེན་གྱི་མཛད་པ་དེ་དག་གི་མདུན་དུ་ལས་དོན་གང་ཞིག་ཀྱང་གླེང་རིན་ཞིག་ག་ལ་ཡོད།
འོན་ཀྱང་རང་བཙན་ཆེད་དུ་འཐབ་རྩོད་ལ་གཞོལ་རྒྱུ་དང་། ད་སྐབས་ཀྱི་སྤྱི་ཚོགས་འདིར་མཐའ་ན་དེ་ལ་རྒྱབ་སྐྱོར་ཞུ་རྒྱུ་དེ་ཡང་ཞུ་མཁན་རང་ཉིད་ལ་དཔགས་པའི་བློས་གཏོང་མི་ཆུང་ཙམ་ཞིག་ཡིན། རྒྱུ་མཚན་ནི་དེ་ལྟར་བྱས་ན་གོང་ན་བླ་མའི་བཀའ་དང་འགལ་ཨེ་འགྲོ་སྙམ་པའི་ཐེ་ཚོམས། བར་ན་གཉེན་དང་སྤྱི་ཚོགས་ཀྱི་ཐུགས་དགོངས་འཁྲུགས་ཨེ་འགྲོ་སྙམ་པའི་སེམས་ཁྲལ། འོག་ན་རང་གི་ཕ་ཡུལ་བོད་ཀྱི་ས་ཐོག་ལ་འབྲེལ་བ་ཡོད་པའི་རང་ཉིད་ཀྱི་མདུན་ལམ་མཐའ་དག་རྡོག་རོལ་དུ་གཏོང་དགོས་པའི་ཕངས་སེམས་སོགས་ཆེན་པོ་དག་གི་ཐུགས་ལ་ཆུང་ཆུང་འདྲ་ཡང་ཆུང་ཆུང་དག་ལ་ཆེན་པོ་ཡིན་པའི་དོན་དག་མང་པོ་ཞིག་བློས་གཏོང་བྱེད་དགོས། ད་བར་དུ་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་མང་དག་ཅིག་གིས་དཀའ་ངལ་འདི་དག་གདོང་ལེན་བྱས་ཡོད་པ་ལས། འགའ་ཞིག་གིས་བཤད་ཚུལ་བཞིན་དོན་མེད་གཞུང་དམངས་དབར་ལ་འགལ་ཟླ་དང་། ནང་ཁུལ་དབར་དཀྲུགས་ཤིང་བཟོས་པ་ཞིག ༧རྒྱལ་བའི་བཀའ་དགོངས་དང་འགལ་ཟླ་བྱས་པ་ཞིག དངོས་ཡོད་གནས་ཚུལ་ཆ་ཚང་བ་གསལ་བོར་ཧ་མ་གོ་བ་ཞིག་སོགས་ཡེ་ནས་མིན། 
ལྔ་ཚན་གཉིས་པ།
རྒྱ་གཞུང་ལ་རྒྱུས་ཡོད་ཅིང་། བསམ་གཞིགས་ཀྱི་རྩལ་རྫོགས་པའི་མཁས་པ་དག་གི་གསུང་སྒྲོས་ལ་བལྟས་ན་དབུ་མའི་ལམ་འདི་ལ་མདུན་ལམ་འོད་ཟེར་འཕྲོ་བ་ཞིག་མི་འདུག ཁོང་ཚོས་གུང་ཁྲན་ཏང་ལ་བློ་གཏད་བྱེད་ས་མེད་ལ། དམར་ཤོག་དྲག་གཞུང་ལ་ཞི་མོལ་ཡོང་ཐབས་གནང་བཞིན་པ་ནིསྟག་ལ་སྟག་ལྤགས་སློང་བ་དང་གཅིག་མཚུངས་ཡིན་སྟབས། རང་ཉིད་ཀྱིས་རང་ཉིད་ལ་བསླུ་བྲིད་བཏང་བ་ལས་གཞན་མེད།་ཅེས་སྡོམ་ཚིག་བརྒྱབ་ཡོད།  
འཇར་མན་དུ་བཞུགས་པའི་སྐད་གཉིས་རྩོམ་པ་པོ་དང་འབུམ་རམས་པ་གཅིག་ལྕོགས་རྒྱ་རིགས་བུད་མེད་ཞུའུ་ཕའེ་ལགས་དང་རྒྱ་ནག་ཉམས་ཞིབ་དང་རང་དབང་གི་རྩོམ་པ་པོ་ལྷ་སྡེ་གནམ་ལོ་ཡག་གཉིས་ཀྱིས་དྲི་བ་དྲིས་ལན་གྱི་ཚུལ་དུ་ཡིག་འབྲེལ་གླེང་མོལ་བྱས་པའི་ནང་དོན་ཉུང་ངུ་ཞིག་གཤམ་དུ་བཀོད་ཡོད།
ཞུའུ་ཡིས་ལྟ་ཚུལ་གསུམ་བརྒྱུད་སྤྲོད་གནང་རོགས། དང་པོ། བོད་མིར་གཉའ་གནོན་བྱེད་མཁན་ནི་དམར་ཤོག་ཚོགས་པ་ཡིན་པ་ལས་རྒྱ་མི་མིན་ལ། དམར་ཤོག་ཚོགས་པའི་ནང་དུ་བོད་མིའང་ཡོད། གཉིས་པ། པེ་ཅིན་གྱིས་བོད་ལ་དབང་བསྒྱུར་ནི་དྲང་བདེན་མིན་པ་དང་མདུན་ལམ་མེད་པ་བཞིན་དུ་རྒྱ་ནག་ལ་དབང་བསྒྱུར་བྱེད་ཀྱིན་པའང་དེ་ག་རང་ཡིན། གསུམ་པ། ང་ཚོས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་རྩོད་པ་ཞེས་པ་འདི་ནིསྟག་ལ་སྟག་སྤགས་སློངབཞིན་པ་དང་གཉིས་སུ་མེད་པས། འགྲུབ་མི་སྲིད་པ་ཞིག་ཏུ་མཐོང་། མདོར་བསྡུས་ནས་བཤད་ན། ང་རང་གིས་བོད་མི་ཚོར་ནམ་རྒྱུན་རྒྱ་ནག་དམར་ཤོག་སྲིད་གཞུང་དང་འབྲེལ་མོལ་གྱིས་བོད་ཀྱི་གནད་དོན་ཐག་གཅོད་གནང་རྒྱུའི་སྟོང་བསམ་དེ་དོར་རོགས་ཞེས་པར་གནས་ལུགས་དང་རྒྱབ་རྟེན་འཐུས་ཚང་ཞིག་ཡོད།་ཞེས་དང་། ཐ་ན་ང་རང་ལྟ་བུའི་དབང་དང་སྟོབས་ཤུགས་ཅི་ཡང་མེད་པའི་སྒེར་ཚུགས་ཅན་གྱི་ཤེས་ཡོན་པ་ཞིག་ཀྱང་ཕ་ཡུལ་ལ་ལོག་ཐུབ་ཀྱི་མེད་པས། ཏཱ་ལའི་བླ་མ་མཆོག་ཇི་ལྟར་ཕ་ཡུལ་དུ་ལོག་རྒྱུ་ཡིན་ནམ། དེ་མིན་རང་ཉིད་མགོ་བསྐོར་འོག་ཚུད་བསམ་གྱི་ཡོད་ན་དོན་དག་གཞན་པ་རེད།་ཞེས་དང་། ནང་བསྟན་ནི་བྱམས་དང་སྙིང་རྗེ་ཡི་བདག་ཉིད་ཅན་ཞིག་ཡིན་མོད། ཟིལ་ཤུགས་ཀྱང་ཡོད་པས། རེ་བ་ཡིན་ན་བོད་མི་ཚོས་ཡིན་མིན་དབྱེ་འབྱེད་དང་བཟང་ངན་གོ་འབྱེད་ཀྱིས་དམར་ཤོག་ཚོགས་པར་མཉམ་འབྲེལ་མི་བྱ་རྒྱུ་དེ་ཧ་ཅང་གི་གལ་ཆེན་རེད།་ཞེས་སོགས་གསུངས་འདུག
ལྔ་ཚན་གསུམ་པ། 
ད་ལྟ་ནི་མགོ་འདོགས་པའི་དུས་མིན། ནུབ་བྱང་མི་རིགས་སློབ་ཆེན་གྱི་གཞོན་སྐྱེས་སློབ་མ་དག་གིས་སྤེལ་བའི་ <<ཤར་དུང་རི།>> དུས་དེབ་ཀྱི་གླེང་བརྗོད་ནང་དུ་ཤར་དུང་རི་འདི་གསོན་ན་འོད་སྟོང་ལྡན་པར་གསོན་དགོས་ཤིང་། འཆི་ན་བརྗིད་ལྡན་པར་འཆི་དགོས།ཞེས་འཁོད་པ་ལྟར་བོད་གངས་ཅན་གྱི་རྒྱལ་ཁབ་འདི་ཡང་གསོན་ན་འོད་སྟོང་ལྡན་པར་གསོན་དགོས་ལ། འཆི་ན་བརྗིད་ལྡན་པར་འཆི་དགོས་པ་ལས་མགོ་བོ་མི་འོག་ཏུ་སྒུར་ནས་སྡུག་ཤི་རྒྱག་མི་འོས། གནའ་མི་བོད་ཀྱི་གཏམ་དཔེརཿ ཝ་རྔ་མ་ཤར་ལེ་འབྲོ་བ་ལས། སྟག་འཛུམ་དྲུག་ཉི་ལེ་ཤི་ན་དགའ་།ཞེས་དང་། རྒྱ་གར་གྱི་དཔའ་བོའི་ངར་གཏམ་ཞིག་ལཿ མགོ་འབྲེག་ཏུ་འཇུག་ཐུབ་པ་ལས། མགོ་སྒུར་ཏུ་འཇུག་མི་ཐུབ།ཞེས་པ་བཞིན་ང་ཚོའི་ལ་རྒྱ་དེ་ད་རུང་དེ་འདྲ་བྱས་ནས་འཆོར་ཡེ་ནས་རན་མེད། རང་རེའི་དཔའ་བོའི་སྙིང་སྟོབས་ཀྱི་ལོ་རྒྱུས་དེ་ཚོ་ད་ཆ་གང་དུ་སོང་ངམ། མེས་པོ་གཟི་བརྗིད་ཅན་དེ་ཚོའི་དཔའ་བོའི་གཏམ་རྒྱུད་དེ་དག་ད་ཆ་བརྗེད་སོང་ངམ།
གཏམ་འདི་ཚོ་ཕོ་གསར་ཙད་ཐུང་དག་གི་སྐད་ཆ་ཞིག་ལས་རྒད་པོ་བསམ་ཤེས་ཅན་གྱི་སྐད་ཆ་མ་རེད་དགོངས་སྲིད། འོན་ཀྱང་ད་ལྟའི་དུས་སྐབས་འདིར་སྐད་ཆ་འདི་འདྲ་ཞིག་ལས་གཞི་ལ་བབ་པའི་སྐད་ཆ་ཞིག་བཤད་པའི་དུས་ལ་ཡེ་ནས་བབ་མི་འདུག་སྙམ། དབུ་མའི་ལམ་ལ་ཞུགས་པ་ནི་སྤྱིར་ན་ཡོང་རྒྱུ་མེད་པས་ཉེན་ཁ་དེ་ཙམ་མེད་པར་བསམ་ཆོག་ན་ཡང་། སྟབས་མ་ལེགས་པར་རྒྱ་ཕྱོགས་ནས་འདི་ལ་ཡ་ལན་ཞིག་སྤྲད་ན་དེ་དུས་ནས་ང་ཚོའི་མགོ་རྣ་ཡོངས་སུ་ཤོར་ཚར་བ་རེད། ང་ཚོ་མང་པོ་ཞིག་གིས་ང་ཚོར་དབུ་མའི་ལམ་གྱི་ཆ་རྐྱེན་ནང་ནས་རང་ཡུལ་དུ་ལོག་པའི་གོ་སྐབས་ཤིག་བྱུང་ན་ང་ཚོའི་སྙིང་དུ་གནག་པའི་རང་རེའི་རིག་གཞུང་འདི་གསོན་པོར་གནས་པའི་རེ་བ་ཞིག་ཡོད་དགོངས་ཀྱིན་ཡོད་ཀྱང་དེ་ནི་ཕྱོགས་གང་ཐད་ནས་བལྟས་ཀྱང་རེ་སྟོང་ཁོ་ན་ལས་མ་འདས་པར་སྙམ། འདིའི་རྒྱུ་མཚན་ལྔ་གཤམ་དུ་ཡོད།
དེས་ན་ང་ཚོ་དབུ་མའི་ལམ་དུ་ཞུགས་ནས་བཙན་བྱོལ་གཞུང་མཇུག་བསྡུས་ཏེ་རང་ཡུལ་དུ་ལོག་པ་ཡིན་ན་ད་ལྟ་ས་ཡ་དྲུག་གི་རེ་བའི་མིག་འབུར་གཏོད་སའི་བཙན་བྱོལ་གཞུང་འདི་ཡང་མེད། ཕར་སླེབས་ནས་དབང་ཆ་ཡོངས་སུ་རྫོགས་པ་མི་ལག་ཏུ་ཤོར། ཕ་རི་གླ་བ་མེད། ཚུ་རི་ལྕི་བ་མེད། ཅེས་པའི་དཔེ་ཇི་བཞིན་ཞིག་ཡོང་གི་རེད་སྙམ་ཡོད། དེ་ནི་ངོ་མ་བོད་རྒྱལ་ཁབ་འདི་མིག་གིས་མཐོང་གིན་མཐོང་གིན་དོང་ནང་དུ་འཕུད་པ་དང་གཉིས་སུ་མེད། གལ་སྲིད་ང་ཚོའི་བདེན་པའི་ཨུ་ཚུགས་ཞིག་ལ་འཇུས་ནས། བོ་ཐོ་གཅིག་ལ་རྡོག་པ་གཏད། མདུང་ཡུ་གཅིག་ལ་མཆིལ་མ་བཏབ་ནས་བསྡད་ན་དམའ་མཐར་ཡང་ང་ཚོར་རེ་བ་འཆང་ས་ཞིག་ཡོད། ད་ལྟའི་དུས་སྐབས་ལ་འདི་འདྲ་ཞིག་ལས་འོས་པ་གཞན་གང་ཡང་ཡོད་པར་མི་མཐོང་། གལ་སྲིད་དེ་ལྟར་བྱས་ན་ལོ་མི་མང་བ་ཞིག་གི་ནང་དུ་འགྱུར་བ་ཞིག་བྱིན་ན་ལྟ་ཅི། ཅི་སྟེ་འུ་ཅག་རྒྱ་འོག་ཏུ་ལོ་བརྒྱ་སྐོར་ལྷག་རེ་ལུས་ཤིང་། དེའི་རིང་ལ་ཅི་སྟེ་རང་རེའི་རིག་གཞུང་དང་མི་རིགས་ཀྱི་ངོ་བོ་འདིའི་སྲོག་འཕྲོ་མ་ཆད་ཙམ་དུ་གནས་ཐུབ་ནས་དེ་དག་སྐྱར་གསོ་བྱེད་པའི་གོ་སྐབས་ཤིག་ཤར་ན། དེ་དུས་རེ་བའི་མིག་ཟུང་གཏད་ས་ཞིག་ཡོང་གི་རེད། གལ་སྲིད་ལོ་གྲངས་གང་མཚམས་ཤིག་ནས་ཤུལ་མེད་དུ་འགྲོ་གིན་ཡོད་ན་བསྐོས་པའི་ལས་ལ་བཅོས་པའི་ཐབས་མེད་ཟེར་བའི་དཔེ་ལྟར་རེད། གང་ལྟར་ཀྱང་གསོན་པོར་གནས་རྒྱུ་ནི་མིན་པ་ཡིན་ན་མགོ་མི་འོག་ཏུ་བཞག་ནས་ཤི་བ་ལས། རང་སྔས་སུ་བཞག་ནས་གྲོངས་བ་མི་མཛེས་སམ།  
དཔའ་བོའི་གཏམ་རྒྱུད་འཛམ་གླིང་ན་ལྡིར་བའི་ཡབ་མེས་ཚོའི་ཤ་ཁྲག་གི་རྒྱུན་ལས་སྐྱེས་པའི་འུ་ཅག་གིས་སྡར་བའི་ངང་ཚུལ་འདི་ལྟར་བཟུང་ན་དཔའ་སྙིང་ཅན་གྱི་རང་རེའི་མེས་པོ་གོང་མ་ཚོའི་བླ་དགུལ་བ་མིན་ནམ། མགོ་འདོགས་རིང་ལུགས་འདིས་ད་བར་རང་རེ་ཆུ་ལ་གཡུག་ཡོད་ཅིང་། ད་དུང་ཡང་མགོ་འདོགས་རིང་ལུགས་ལ་ཆས་ན་ཤུལ་མེད་དུ་འགྲོ་རྒྱུ་མ་གཏོགས་ལྷག་མེད་སྙམ་པ་ཡིན།
གོང་དུ་བཤད་པའི་དོན་དེ་ལ་གསལ་བཤད་དམ་རང་གི་འཆར་སྒོ་དེ་འཆད་ལོས་དགོས། ང་ཚོ་དབུ་མའི་ལམ་གྱི་ཆ་རྐྱེན་འོག་རང་ཡུལ་དུ་ལོག་ན་ཡང་རང་གི་རིག་གཞུང་སོགས་ལ་སྲུང་སྐྱོབ་སྔར་ལས་ལྷག་པ་ཞིག་བྱེད་ཐུབ་པར་སྙམ་པ་འདི་ཕྱོགས་གང་ནས་བལྟས་ཀྱང་སྟོང་བསམ་ཡིན་ཞེས་ཞུས་ཡོད། དེའི་རྒྱུ་མཚན་བདག་གི་བློ་ངོར་འཆར་ཚོད་ལྔ་ཞུ་རྒྱུར།
༡། རིག་གཞུང་ངམ་ལེགས་བྱང་སྲུང་སྐྱོབ་ལ་གཞིས་ལུས་བོད་མིས་མ་འབྱོན་པ་ཞིག་ང་ཚོས་འབྱོན་ཚོད་མེད། ཤུལ་ལུས་བོད་མི་དག་གིས་ད་བར་དུ་དཀའ་ངལ་དང་གདུག་རྩུབ་བསམ་ཡུལ་ལས་འདས་པ་དེ་འདྲའི་འོག་ཏུ་རང་གི་རྒྱལ་ཁབ་ཀྱི་ལེགས་བྱང་དང་ངོས་འཛིན་དེ་ཇི་ལྟར་སྲུང་སྐྱོབ་བྱས་པ་དེ་ལས་ལྷག་པ་ཞིག་ང་ཚོ་ཕར་སོང་བས་ཀྱང་འབྱོན་རྒྱུ་ཅང་ཡོད་དམ། ཕྱི་ལོག་ན་ཡོད་པའི་བོད་མིའི་བོད་ཡིག་གི་གནས་ཚད་ལ་གཅིག་གཟིགས་དང་། དེ་དང་བོད་ནང་གི་བོད་ཡིག་གི་གནས་ཚད་གཅིག་སྡུར་དང་། ང་ཚོ་ཕར་སོང་ནས་གཞིས་ལུས་བོད་མི་དག་ལས་ལྷག་པ་ཞིག་འབྱོན་ས་རེད་དམ་བསམ་གཞིགས་བྱེད་རིན་ཡོད་པ་ཞིག་རེད། དེ་བཞིན་རང་རེའི་ལུགས་སྲོལ་དང་གོམས་གཤིས་གཞན་དང་གཞན་ཕྱི་ལོགས་ན་ཇི་ཙམ་སྲུང་སྐྱོབ་བྱས་ཡོད། བོད་ནང་དུ་ཇི་ཙམ་སྲུང་སྐྱོབ་གནང་འདུག་གམ།
༢། ང་ཚོས་ཁོང་རྣམ་པ་ལས་ལྷག་པ་ཞིག་འབྱོན་གི་རེད་ཟེར་གྱི་མེད། ང་ཚོར་དབང་ཆ་ཞིག་རག་དགོས་ཟེར་བ་ཡིན།་ཞེས་གསུང་ན། རྒྱ་ནག་གི་རྩ་ཁྲིམས་ལ་འགྱུར་བ་མ་ཐེབས་པར་དུ་དང་། ཡང་ན་རྒྱ་ནག་གི་དབུ་ཁྲིད་ཀྱི་སེམས་ཁམས་ལ་འགྱུར་བ་ཆེན་པོ་ཞིག་མ་ཐེབས་བར་དུ་ང་ཚོས་ལག་ཏུ་དབང་ཆ་ཆེན་པོ་ཞིག་རག་པའི་ལམ་ཁ་ཡེ་ནས་མེད། ད་ཡོད་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ནང་དུ་རང་ཅག་གི་མངོན་འདོད་དང་ལྡོག་ཟླར་གྱུར་བ་མང་དུ་ཡོད། རྩ་ཁྲིམས་དོན་ཚན་༡༢༧་ལ་རྒྱ་ནག་མི་མང་ཁྲིམས་ཁང་དེ་རྒྱ་ནག་རྒྱལ་ཡོངས་ཀྱི་ཁྲིམས་ཁང་མཐོ་ཤོས་དེ་ཡིན་ཞེས་འཁོད་འདུག དོན་ཚན་༡༡༦་ལ་རང་སྐྱོང་ཁག་གི་འཐུས་མིས་ཁྲིམས་ཞིག་བཟོས་ཀྱང་གོང་རིམ་ལ་ཆོག་མཆན་ཞུ་དགོས་པར་འཁོད་འདུག དོན་ཚན་༡༠༧་ལ་རང་སྐྱོང་སོགས་ཀྱི་དབང་ཚད་ལ་ཚད་བཀག་བྱས་འདུག དོན་ཚན་༦༧་ལ་རྒྱལ་སྲིད་སྤྱི་ཁྱབ་རྒྱུན་ལས་ཁང་ལ་གི་དབང་ཚད་བླ་ན་མེད་པ་དེ་སྤྲད་འདུག དོན་ཚན་༦༢་དང་༦༣་དང་༦༤་བཅས་ལ་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་ལ་གོང་ན་མེད་པའི་དབང་ཚད་དེ་སྤྲད་འདུག འདི་དག་ལ་གཅིག་གཟིགས་དང་། ང་ཚོར་དབང་ཆ་ཞིག་རག་རྒྱུ་ཞིག་ཨེ་ཡོད། ང་ཚོ་ད་ལྟ་ཕར་སོང་ན་རྒྱ་ནག་གི་རྩ་ཁྲིམས་ལ་ང་ཚོའི་མངོན་འདོད་དང་མཐུན་པའི་ཕྱོགས་སུ་འགྱུར་བ་གཏོང་ཐུབ་པའི་གདེངས་ཚོད་ཅིག་ཡོད་དམ། དེ་ལས་ཀྱང་གལ་ཆེ་བ་ནི་རྒྱ་ནག་གི་དབུ་ཁྲིད་ཀྱི་སེམས་ཁམས་དེ་བཟང་ཕྱོགས་སུ་ཇི་ལྟར་དང་། ག་དུས། ཇི་ཙམ་འགྱུར་གྱི་ཡིན་པ་དེ་རེད།
༣། ད་ལྟའི་ཆར་རྒྱ་ནག་གི་རྩ་ཁྲིམས་ནང་དུ་རང་སྐྱོང་དང་གྲངས་ཉུང་མི་རིགས་སོགས་ཀྱི་ཐོབ་ཐང་འགྲིག་ཙམ་འཁོད་འདུག་པས་དེས་མི་འགྲིག་མེད།་གསུང་ན། རྒྱ་ནག་ནང་དུ་ཚོགས་པས་དབང་སྒྱུར་ཡིན་པ་ལས་ཁྲིམས་ཀྱིས་དབང་སྒྱུར་མིན། ཡིག་ཐོག་ལ་སྙན་པོ་དང་འདྲ་ཆགས་པོ་བཅོ་བརྒྱད་བྲིས་ཡོད་ཀྱང་། དེ་ལག་ལེན་ལ་སྟར་མི་དགོས་པ་ད་ལྟ་མངོན་སུམ་དུ་ཟུར་བལྟས་ལེབ་མཐོང་ཡིན་པ་འདི་ལ་དགོངས་པ་བཞེས་དགོས་ས་ཡོད། ང་ཚོར་རྒྱ་གཞུང་གིས་དམངས་ཁྲིམས་དང་ཉེས་ཁྲིམས་གང་ཞིག་གི་ནང་དུ་ཡང་རྒྱ་ནག་རྒྱལ་ཁབ་ཀྱི་ཁྲིམས་ལ་ཇི་ལྟར་འཁོད་པ་ལྟར་ཡིན་ལུགས་ཚུལ་ལྡན་གྱིས་ཁྲིམས་ཐག་བཅད་པའི་དཔེར་མཚོན་གཅིག་ཀྱང་སྟོན་རྒྱུ་ཡོད་དམ། འཛམ་གླིང་ན་སྙན་གྲགས་འབར་བའི་མི་སྣ་དག་ལ་ཁྲིམས་ཐག་གཅོད་སྐབས་དེ་འདྲ་བྱེད་དགོས་ཀྱི་མེད་ན་གཞན་དག་ལ་ལས་དོན་རྣམས་ཁྲིམས་ལྟར་བསྒྲུབ་ཡོང་བའི་རེ་བ་དེ་འདྲ་བྱས་པ་ནི་ལྐུགས་པའི་རྣམ་ཐར་ལས་མ་འདས་པ་མིན་ནམ།  
༤། ད་ལྟ་ང་ཚོའི་སེམས་སུ་ཡོད་པའི་དབུ་མའི་ལམ་གྱི་སྒྲ་སྤྱི་དེ་ནི་འཁྲུལ་སྣང་ཞིག་ཡིན། རྒྱུ་མཚན་ནིཿ ང་ཚོས་སྤྲད་པའི་དབུ་ལམ་གྱི་བསམ་འཆར་དེ་ནི་གྲོས་གླེང་མ་བྱས་སྔོན་གྱི་ང་ཚོའི་ངོས་ནས་སྤྲད་པའི་དགོས་འདུན་གྲོས་གཞི་དེ་ཡིན་སྟབས་དེའི་ཁ་ཐད་དུ་དེ་ལས་ལྡབ་བཅུ་འགྱུར་གྱིས་ཚད་དམའ་བའི་ཁོ་ཚོའི་ངོས་ནས་དགོས་འདུན་གྲོས་གཞི་ཞིག་ཡོང་གི་རེད། གྲོས་གླེང་དངོས་སུ་མགོ་བཙུགས་པའི་བརྒྱུད་རིམ་ནང་དུ་ཕྱོགས་གཉིས་ཀྱིས་རང་རང་གི་གྲོས་གཞིའི་ཐོག་ཏུ་ཇི་ཙམ་དབབ་ཐུབ་མིན་འཐེན་རྩོད་བྱེད་རྒྱུ་དེ་རེད། འཐེན་རྩོད་བྱས་པའི་རྒྱུད་རིམ་ནང་དུ་ཕྱོགས་གཉིས་པོ་སྟོབས་ཤུགས་དོ་མཉམ་པར་གནས་ཡོད་ན་ཁེ་གྱོང་ཆ་སྙོམས་པ་ཞིག་གི་ཐོག་ལ་འབབ་སྲིད་ཀྱི་རེད། འོན་ཀྱང་ཕྱོགས་གཉིས་པོ་སྟོབས་ཤུགས་དོ་མ་མཉམ་པར་གནས་ཡོད་ན་སྟོབས་ཤུགས་ཆེ་བ་དེའི་ཕྱོགས་སུ་མང་བ་འགྲོ་རྒྱུ་ཡིན་པ་ནི་ཆོས་ཉིད་རེད། ང་ཚོའི་གྲོས་གཞི་གཉིས་ལས་གཅིག་ནས་ཡར་སྤར་གཉིས་ནས་མར་ཕབས་ནས་མཐར་གྲོས་མཐུན་ཡོང་ས་ཞིག་ཏུ་འབབ་དགོས། དེས་ན་ང་ཚོའི་ད་ལྟ་བསམ་པའི་ཆོལ་གསུམ་ཡོངས་རྫོགས་གཅིག་ཏུ་འདུས་པའི་དོན་དམ་གྱི་རང་སྐྱོང་ཞེས་པ་ལས་ཇི་ཙམ་མར་འབབ་དགོས་པ་དེ་སུས་ཀྱང་བཤད་མི་ཐུབ། དེས་ན་ང་ཚོའི་དབུ་མའི་ལམ་གྱི་གྲུབ་འབྲས་དེ་ག་འདྲ་ཞིག་འབྱུང་རྒྱུ་ཡིན་པ་ད་དུང་བསམ་ཡུལ་ལ་མེད་པ་ཞིག་ཡིན་པས་ད་ལྟ་ང་ཚོས་སེམས་སུ་དབུ་མའི་ལམ་གྱི་སྒྲ་སྤྱི་ཞིག་ཡོད་པ་དེ་ནི་འཁྲུལ་སྣང་ཞིག་རེད།
༥། རྒྱ་མི་རིགས་མང་ཚོགས་ཀྱི་བློ་ཡུལ་ལ་མི་ཤོངས། ལན་མང་པོར་གསལ་ཁ་འབྱུང་གི་ཡོད་པ་བཞིན་ཤེས་ཡོན་ཅན་དང་། དབང་འཛིན་པ་ཚུད་པའི་རྒྱ་རིགས་མང་ཚོགས་ཀྱི་བསམ་ཚུལ་ནང་དུ་རྒྱ་ནག་གིས་བོད་ལ་དྲིན་བྱས་པ་ནི་བོད་ཀྱིས་རྒྱ་ནག་ལ་ཕན་ཐོགས་པ་ལས་ལྡབ་འབུམ་འགྱུར་གྱིས་ཆེ་བ་ཡོད་ན་ཡང་ད་དུང་བོད་མི་འདི་ཚོས་འདི་ལྟར་འདོད་པ་ཚིམས་པར་ངོ་རྒོལ་བྱེད་པ་ནི་ལས་རྒྱུ་འབྲས་མེད་པའི་བྱ་སྤྱོད་ཅིག་ཡིན་པར་བསམ་བཞིན་ཡོད། བོད་མི་རིགས་འདི་ཚོ་ནིཿ དྲིན་ལན་ལོག་འཇལ། ཇ་ལན་ཆུ་འཇལ་བྱེད་མཁན་ཞིག་དང་། མཆོད་ངོ་བསྟོད་ངོ་ཡི་དམ་གྱི་ཞལ་ལ་མེད་མཁན། ཟས་ངོ་ལྡག་ངོ་ཁྱི་རྒན་གྱི་ཕོ་བ་ལ་མེད་མཁན་གྱི་མི་རིགས་ཤིག་ཡིན་པ་དང་། བོད་མི་ཚོ་ནི་ གཅེས་ཆེ་ནས་ཨོ་ཡོས་མགྲམ་པ་ལྡག ཟ་ཆེ་ནས་སྦྲང་དཀར་གྱིས་མཆིན་པ་ན་བཞིན་ཡོད་པའི་བལྟ་ཚུལ་འཛིན་བཞིན་ཡོད། དེ་ནི་རྒྱ་གཞུང་གིས་དྲིལ་བསྒྲགས་ལོག་པ་བྱས་པས་ཉེར་ལེན་ཡིན་སྟབས་བལྟ་ཚུལ་དེ་ནམ་ཞིག་རྒྱ་ནག་སྲིད་གཞུང་འཐོར་ཞིག་སོང་ནས་མང་ཚོགས་ལ་དངོས་ཡོད་གནས་ཚུལ་རྟོགས་པའི་གོ་སྐབས་ཤིག་མ་ཤར་བར་དུ་འགྱུར་བ་གཏོང་རྒྱུ་ཧ་ཅང་དཀའ་མོ་རེད། ཁོར་ཡུག་དེ་འདྲ་ཞིག་གི་ནང་དུ་རེ་བ་ཞིག་རྒྱག་པ་ནི་ངོ་མ་སྟག་ལ་སྟག་ལྤགས་སློང་བ་དང་འདྲ་བོ་འདུག འོ་ན་ད་བྱེད་དགོས་པ་གང་རེད་ཅེ་ནཿ ཡང་ན་སྟག་ལས་སྟག་ལྤགས་འཕྲོག་དགོས། ཡང་ན་དེ་མིན་རང་ཐག་རང་གཅོད་ཀྱི་ཐོབ་ཐང་རྩོད་དགོས་ཀྱང་འདིའི་ཕྱོགས་ལ་བཀའ་མོལ་གནང་མཁན་མཐོ་རིམ་པ་གཅིག་ཀྱང་མེད། དེ་མིན་རང་རེའི་མངོན་འདོད་རང་བཙན་གྱི་ཐོག་ལ་བགེན་དགོས། དེ་མིན་ཐབས་ལམ་ཞིག་མེད།
ལྔ་ཚན་བཞི་བ།
དབུ་མའི་ལམ་འདི་དུས་ལ་བབ་མེད། ད་ལྟའི་སྐབས་འདིར་དབུ་མའི་ལམ་འདི་ལ་ཞུགས་པ་ཕྱོགས་ཡོངས་ནས་དུས་ལ་བབ་མི་འདུག དེའི་རྒྱུ་མཚན་ལྔ་ནིཿ
གཅིག རྒྱ་ནག་དབང་ཆ་གཅིག་སྡུད་རིང་ལུགས་ཡིན་སྟབས་རྒྱ་ནག་གི་རྩ་ཁྲིམས་ལ་འགྱུར་བ་ནམ་གཏོང་གཏོང་རེད། སྔོན་མ་མི་རིགས་ཀྱི་ཐོབ་ཐང་ཆེད་དུ་དམིགས་བསལ་གྱིས་བསྐོས་ཤིང་ང་ཚོའི་སྐུ་ཚབ་ལ་བཀའ་མོལ་བྱེད་མཁན་གཙོ་བོ་ཀྲུ་ཝེ་ཆོན་རང་ཉིད་ཀྱི་ངག་ནས་མི་རིགས་ལ་ཐོབ་ཐང་སྤྲོད་མི་འོས་པར་བཤད་སྟངས་ལ་ལྟོས་དང་གོ་བ་ཞིག་ལེན་རྒྱུ་འདུག་སྙམ།
གཉིས། དབུ་མའི་ལམ་གྱི་ཡིག་ཆའི་ནང་དུ་རྒྱ་ནག་གི་རྩ་ཁྲིམས་བཟོ་བཅོས་བྱེད་པའི་དབང་ཚད་ཀྱི་ནང་དུ་ང་ཚོར་དབང་ཚད་ཇི་ཙམ་ཡོད་དགོས་པ་ཅི་ཡང་གསལ་མི་འདུག་པ་མ་ཟད། རང་སྐྱོང་ཚད་ལྡན་ཞིག་ལ་དགོས་པའི་གནད་མང་པོ་ཞིག་གི་སྐོར་ལ་གང་ཡང་འཁོད་མི་འདུག
གསུམ།  ད་ཡོད་རྒྱ་ནག་རྩ་ཁྲིམས་ཀྱི་ནང་དུ་རང་ཅག་གི་མངོན་འདོད་སྐོང་ཐུབ་པའི་ཆ་རྐྱེན་མི་འདུག རང་སྐྱོང་ཞིག་ཡིན་ནཿ ༡་ལེགས་བྱང་། ༢་ཤེས་ཡོན། ༣་གཞུང་སྐད། ༤་རྒྱལ་རྟགས་ཁག ༥་འཕྲོད་བསྟེན་དང་སྤྱི་ཚོགས་ཞབས་ཞུ། ༦་དཔལ་འབྱོར། ༧་དཔྱ་ཁྲལ། ༨་རང་བྱུང་ཐོན་ཁུངས། ༩་ཁོར་ཡུག་སྲིད་ཇུས། ༡༠་སྐྱེལ་འདྲེན། ༡༡་བརྡ་འཕྲིན། ༡༢་ནང་ཁྲིམས་དང་སྒྲིག་ལམ། ༡༣་གྱོད་ཁྲིམས་བཏང་འཛིན། ༡༤་ཊམ་ལོར་དང་དེའི་སྲིད་ཇུས། ༡༥་འབངས་མིའི་གནད་དོན། ༡༦་ཕྱི་འབྲེལ། ༡༧་བདེ་སྲུང་། ༡༨་སྒོ་ཁྲལ། ༡༩་ས་མཚམས་བཏང་འཛིན། ༢༠་ལམ་ཡིག་དང་ཐོངས་མཆན་བཅས་ཀྱི་གནད་དོན་ཐོག་ལ་རང་གི་དབང་ཚད་ཡོད་དགོས་ཀྱི་འདུག་ཀྱང་རྒྱ་ནག་གིས་བོད་ཀྱི་རང་སྐྱོང་ཁུལ་གཞན་རྣམས་ཕར་ཞོགས། བོད་ཀྱི་མིང་ལ་ཡོད་པའི་རང་སྐྱོང་ལྗོངས་གཅིག་ལས་མེད་པ་དེ་ལ་ཡང་དེ་དག་གི་དབང་ཆ་གཅིག་ཀྱང་སྤྲོད་ཀྱི་མེད། འཛམ་གླིང་གི་རང་སྐྱོང་གཞན་དག་གི་ཡུལ་ན་ཚད་གཞི་དང་ཚང་མིན་ཇི་རིགས་ཡོད་མེད་ལ་མ་བལྟོས་པར་གོང་གསལ་འདི་དག་གི་མང་ཆེ་བ་ལོངས་སུ་སྤྱོད་བཞིན་ཡོད། རྒྱལ་དར་སོགས་རྒྱལ་རྟགས་རྣམས་ནི་ས་ཁུལ་དེའི་ངོས་འཛིན་མཚོན་བྱེད་ཐུན་མོང་མ་ཡིན་པ་དེ་ཡིན་པས་བྷང་ག་ལའི་ཆི་ཏ་རི་རྒྱུད་རང་སྐྱོང་ལྗོངས། བོད་ཀྱི་རང་སྐྱོང་ཁག དབྱིན་ཇིའི་ནུབ་གླིང་ཕྲན་གསུམ་གཅིག་བུ་ལས་གཞན་འཛམ་གླིང་གི་རང་སྐྱོང་ས་ཁུལ་ཚང་མར་རང་རང་གི་རྒྱལ་དར། རྒྱལ་རྟགས་སོགས་བེད་སྤྱོད་བྱེད་བཞིན་ཡོད།
གོང་གསལ་དེ་དག་གི་དཔེར་མཚོན་ལྔ་བཀོད་པ་གཤམ་གསལཿ
༡། བོད་ཀྱི་རང་སྐྱོང་ཁག་མ་གཏོགས་ཆབ་སྲིད་ཀྱི་དབང་ཆ་ནི་རང་སྐྱོང་ཞེས་པའི་མིང་ཡོད་པ་ཙམ་གྱིས་ཡོད་ངེས་པ་ཞིག་རེད། ཪ་ཤི་ཡའི་ཊ་ཊར་སིཐན་རང་སྐྱོང་ལྗོངས་ལ་ར་ཤི་ཡས་མོས་མཐུན་སྤྲད་མེད་ཀྱང་རང་ཉིད་ར་ཤི་ལ་ལས་རང་བཙན་བྱེད་རྒྱུ་ཡིན་པའི་ཁྱབ་བསྒྲགས་ཀྱང་བྱས་ཟིན་ཅིང་། ནིཝུ་ཛི་ལནཌ་གི་ཁུག་གླིང་ཕྲན་རང་སྐྱོང་ལྗོངས་ལ་རང་བཙན་བྱེད་འདོད་ན་བྱེད་ཆོག་པའི་དབང་ཆ་སྤྲད་ཡོད་ཀྱང་ད་དུང་རང་བཙན་བྱེད་རྒྱུའི་ཁྱབ་བསྒྲགས་བྱས་མེད། དེ་བཞིན་ཨན་ཇོ་ར་རང་སྐྱོང་ལྗོངས་ནི་ད་སྐབས་རང་བཙན་གྱི་གནས་བབ་ཡོངས་སུ་རག་ཟིན་པའི་རྒྱལ་ཁབ་ཅིག་ཆགས་ཟིན་འདུག
༢། ཕིན་ལནད་གྱི་སུཝི་ཌིན་གྱི་སྐད་སྨྲ་བའི་ཨ་ལནད་གླིང་ཕྲན་རང་སྐྱོང་ལྗོངས་ཀྱིས་རང་ཉིད་ཀྱི་སློབ་གསོའི་བཏང་འཛིན་ཡོངས་རྫོགས་རང་ཉིད་ཀྱིས་བྱེད་ཀྱིན་ཡོད་པས། ཕིན་ལནད་རྒྱལ་ཁབ་ཀྱི་གཞུང་སྐད་ཀྱང་བདམ་ངའི་སློབ་ཚན་དུ་བཞག་ཡོད། ཨི་ཊ་ལི་གི་འཇར་མན་སྐད་སྨྲ་བའི་ལྷོ་ཊའིཀོན་རང་སྐྱོང་ལྗོངས་ཀྱིས་སློབ་གསོའི་སྐད་ཡིག་འཇར་མན་ཡིན་པ་དང་དེའི་བཏང་འཛིན་ཡོངས་རྫོགས་རང་ཉིད་ཀྱིས་བྱེད་ཀྱིན་ཡོད་འདུག ཁེ་ན་ཌའི་གཞུང་སྐད་དབྱིན་ཇི་ཡིན་ཀྱང་ཕ་རན་སིའི་སྐད་སྨྲ་བའི་ཁེ་ན་ཌའི་ཁུ་བྷེག་རང་སྐྱོང་ལྗོངས་སུ་གཞུང་སྐད་ཕ་རནསིའི་སྐད་ཡིན། ཧོང་ཀོང་དང་གིརེན་ལནཌ་གླིང་ཕྲན་སོགས་རང་སྐྱོང་ས་ཁུལ་མང་པོར་གཞུང་སྐད་གཅིག་ལས་མང་བ་གཏན་འབེབ་བྱས་ཡོད་འདུག
༣། མའེ་ཁིརོ་ནེ་ཤི་ཡ་དང་། ཨལེནད། ཕརོ་གླིང་ཕྲན། ཧོང་ཀོང་སོགས་ལ་རང་ཉིད་ཀྱི་ལམ་ཡིག་ཟུར་དུ་ཡོད་ཅིང་། ཐོངས་མཆན་ཡང་ཟུར་དུ་སྤྲོད་ཀྱིན་ཡོད། ཁེ་ན་ཌའི་ཨིནུཨིཊ་རང་སྐྱོང་ལྗོངས་སུ་ཨིནུཨིཊ་ཀྱི་མི་མ་ཡིན་ན་ཁེ་ན་ཌ་བ་ཡང་རང་གི་མངའ་ཁུལ་ནས་ཕྱིར་འབུད་བྱེད་པའི་དབང་ཚད་ཡོད་འདུག་ཅིང་། ཧོལི་སི་དང་། མའེ་ཁིརོ་ནེ་ཤི་ཡ་སོགས་ཀྱིས་སྒོ་ཁྲལ་དང་། ཕྱི་མི་ནང་གཏོང་། མཐའ་མཚམས་བཅས་ལ་བཏང་འཛིན་ཡོངས་རྫོགས་རང་ཉིད་ཀྱིས་བྱེད་ཀྱིན་ཡོད་འདུག ར་ཤི་ཡའི་ཊ་ཊར་རང་སྐྱོང་ལྗོངས་དང་། ཏན་ཛེན་ནི་ཡ་ཡི་ཛན་ཛི་བྷར་། ཕིན་ལནད་ཡི་ཨ་ལནད་སོགས་ལ་རྒྱལ་ཁབ་གཉིས་འབངས་མིའི་ཐོབ་ཐང་ཡོད། ཧོང་ཀོང་རང་སྐྱོང་ས་ཁུལ་གྱི་མི་རྣམས་རྒྱ་ནག་གི་འབངས་མི་ཡིན་པར་བསྒྲགས།
༤། མའེ་ཁིརོ་ནེ་ཤི་ཡ་དང་། ཨན་ཇོ་ར། ལེ་ཚེན་སིཐེན་སོགས་ལ་འབངས་ཁྲིམས་དང་ཉེས་ཁྲིམས་གཉིས་ཀ་ལ་རང་ཉིད་ཀྱིས་ཡོངས་རྫོགས་བཏང་འཛིན་བྱེད་ཀྱི་ཡོད་འདུག ཨ་རིའི་མངའ་འོག་ཡིན་པའི་པོཊོ་རིཁོ་རང་སྐྱོང་ལྗོངས་སུ་སིཔེན་གྱི་ཁྲིམས་སྲོལ་ལག་ལེན་སྟར་གྱི་ཡོད་པ་དེ་ནི་ཨ་རིའི་ཁྲིམས་སྲོལ་དང་ལོགས་སུ་རང་ཉིད་ཀྱི་ཁྲིམས་སྲོལ་རང་རྐྱ་བ་ཆགས་ཡོད། ཁེ་ན་ཌའི་ན་ཝ་ནོཊ་རང་སྐྱོང་ལྗོངས་དང་། ཨིན་ཇིའི་སིཀོཊ་ལནཌ་རང་སྐྱོང་ལྗོངས་ལ་འབྲིང་རིམ་དང་མཐོ་རིམ་ཉེས་ཁྲིམས་དང་འབངས་ཁྲིམས་གྱི་ཐག་གཅོད་རང་ཉིད་ཀྱི་ལག་ཏུ་ཡོད་ཅིང་། ཆེས་མཐོའི་ཐག་གཅོད་ཆེད་ཁེ་ན་ཌ་དང་དབྱིན་ཇི་སོ་སོའི་ཆེས་མཐོའི་ཁྲིམས་ཁང་གཏུག་ཆོག་གི་ཡོད། བོད་རང་སྐྱོང་ལྗོངས་ཀྱི་གྱོད་ཁྲིམས་མཐའ་དག་རྒྱ་ནག་གི་དབང་འོག་ཏུ་ཡོད།
༥། ཕྱི་འབྲེལ་ལ་མཚོན་ན་ཡང་ཧོང་ཀོང་གིས་རྒྱའི་ཧོང་ཀོང་གི་མིང་ཐོག་ནས་ཕྱི་འབྲེལ་གནད་དོན་མང་པོ་ཞིག་གི་ནང་དུ་རང་ཉིད་ཀྱིས་འབྲེལ་བ་འཛུགས་ཀྱིན་ཡོད། སིཀོཊ་ལནཌ་སོགས་རང་སྐྱོང་ལྗོངས་ཚང་མས་རང་བྱུང་ཐོན་ཁུངས་ལ་བཏང་འཛིན་ཡོངས་རྫོགས་རང་ཉིད་ཀྱིས་བྱེད་ཀྱིན་ཡོད་འདུག ཨལནཌ་གླིང་ཕྲན་སོགས་ལ་ས་གཞིའི་བདག་དབང་རྫོགས་རྒྱལ་ཁབ་ལ་མེད་པར་རང་ཉིད་ལ་ཡོད་འདུག མའེ་ཁིརོ་ནེ་ཤི་ཡ་དང་། ཨན་ཇོ་ར། ལེ་ཚེན་སིཐེན། ལྷོ་ཊའིཀོན། ཁུག་གླིང་ཕྲན་སོགས་སུ་སྐྱེལ་འདྲེན་གྱི་དོ་དམ་ཡོངས་རྫོགས་རང་ཉིད་ཀྱིས་བྱེད་དབང་ཡོད་འདུག འགའ་རེར་མེ་འཁོར་དང་། སྣུམ་འཁོར་གྱི་འགྲོ་སྐྱོད་དོ་དམ་རང་ཉིད་ཀྱི་ལག་ཏུ་ཡོད་པ་དང་གཞན་རྒྱལ་ཁབ་ཀྱི་ལག་ཏུ་ཡོད་པ་དེ་འདྲའང་ཡོད་འདུག ཧོང་ཀོང་། མའེ་ཁིརོ་ནེ་ཤི་ཡ། ཨན་ཇོ་ར། ལེ་ཚེན་སིཐེན་སོགས་སུ་དཔྱ་ཁྲལ་བསྡུ་བའི་དབང་ཚད་ཡོད་འདུག ཧོང་ཀོང་གིས་ཡིག་ཟམ་དོ་དམ་དབང་ཆ་རང་ཉིད་ལ་ཡོད་ཅིང་། ཨིཊ་ལིའི་སན་མ་རི་ནོ་རང་སྐྱོང་ལྗོངས་སུ་ཨིཊ་ལི་དང་མཉམ་འབྲེལ་གྱིས་བྱེད་ཀྱིན་ཡོད་འདུག
བཞི། མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་འཐབ་རྩོད་ནི་ངེས་པར་དུ་ས་གནས་རང་དུ་བྱེད་དགོས། བོད་ནང་དུ་བླ་ན་མེད་པའི་བློས་གཏོང་གིས་འཐབ་རྩོད་རིན་ཐང་ལྡན་པ་གནང་བཞིན་ཡོད་ཀྱང་དེ་དག་ནི་ཁོང་རྣམ་གྱིས་མ་སྐུལ་དངས་བླངས་ཀྱིས་འཆར་གཞི་མེད་པར་གནང་བ་ཞིག་ལས། བཙན་བྱོལ་བོད་གཞུང་གིས་སྒྲིག་ལམ་དང་འཆར་གཞི་ལྡན་པའི་སྒོ་ནས་ལས་འགུལ་བརྩམས་པ་མིན། མཐའ་ན་དེ་འདྲ་ཞིག་ད་བར་དུ་གཅིག་ཀྱང་བྱུང་མྱོང་མེད་པས་ང་ཚོའི་འཐབ་རྩོད་ནི་ཕྱི་ལོགས་ནས་སྦར་འབྲད་བྱེད་རྒྱུ་ཙམ་ཡིན། དེ་ཡང་ཐད་ཀར་མིན་པར་བརྒྱུད་ལམ་གཉིས་པ་ཞིག་བརྒྱུད་ནས་རྒྱ་ནག་སྲིད་གཞུང་ལ་སྦར་འབྲད་བྱེད་པའི་རྣམ་འགྱུར་སྟོན་རྒྱུ་ཙམ་རེད། དེ་འདྲ་ཞིག་ལས་ད་ལྟའི་སྐབས་སུ་རང་སའི་ཐོག་ཏུ་སོང་ནས་འཐབ་རྩོད་བྱེད་པའི་གོ་སྐབས་ཟུར་ཙམ་ཡང་མེད། རྒྱལ་ཁབ་ཀྱི་འཐབ་རྩོད་གང་ཞིག་ཡིན་ཡང་ཕྱི་ལོགས་ཤིག་ནས་འུར་སྒྲ་བརྒྱབ་ནས་དོན་ཕན་འབྱུང་བ་ཞིག་ཧ་ཅང་དཀའ་མོ་ཡིན། 
ལྔ། དབུ་མའི་ལམ་རྩོད་འདོད་ཀྱང་རང་བཙན་ནམ་རང་ཐག་རང་གཅོད་དམ་ཡང་ན་གཞན་ཞིག་རྩོད་དགོས། སིཔེན་གྱི་ཁ་ཊ་ལོ་ནི་ཡ་རང་སྐྱོང་ལྗོངས་ཀྱིས་དུས་རབས་བཅུ་བདུན་ནས་ཁ་བྲལ་གྱི་ལས་འགུལ་བརྩམས་ཡོད་འདུག་ཀྱང་མཐར་དུས་རབ་ཉི་ཤུ་བ་སྟེ། ཕྱི་ལོ་༡༩༧༩་ལོར་གཞི་ནས་རང་སྐྱོང་ལྗོངས་ཀྱི་གནས་བབ་རག་ཡོད་འདུག རྩོད་རྒྱུ་གཡག་འདྲ་ཞིག་ལ་། ཧམ་པ་རི་འདྲ་ཞིག་དགོས། ཞེས་པ་སྲིད་པ་རྒད་པོའི་ཉམས་མྱོང་ལས་བྱུང་བའི་གསེར་གྱི་ཚིག་རེད། དེ་ལྟར་བྱས་ན་གཞི་ནས་རྩོད་རྒྱུ་གཡག་འདྲ་དེ་རག་གི་རེད། དེ་མིན་གཅིག་རག་གི་ཡོད་རུང་གྲོག་མ་ཙམ་ཞིག་ལས་རག་དཀའ་མོ་རེད། ད་སྐབས་ང་ཚོའི་འཐབ་རྩོད་བྱེད་སྟངས་འདི་ནི་ཆོས་པའི་འཐབ་རྩོད་བྱེད་སྟངས་ཙམ་ལས་སྲིད་དོན་གྱི་འཐབ་རྩོད་བྱེད་སྟངས་ཤིག་རེད་མི་འདུག ང་ཚོའི་སྤྱི་ཚོགས་ལ་ད་དུང་ཆབ་སྲིད་ཀྱི་གོ་རྟོགས་ཧ་ཅང་ཞན་པོ་ཡིན་པ་འདྲ། གང་ལགས་ཤེ་ན་སྲིད་དོན་གྱི་འཐབ་ཇུས་འདི་འདྲ་བ་ཞིག་ཀྱང་གལ་ཆེན་དུ་མཐོང་གི་མི་འདུག་པས་སོ།
ལྔ་ཚན་ལྔ་པ།
ང་ཚོས་དབུ་མའི་ལམ་ལ་ལོག་འགྲེལ་མང་པོ་བྱུང་ནས་མང་ཚོགས་རྨོངས་སུ་འཇུག་གི་འདུག འགའ་ཞིག་གིས་རང་བཙན་རག་རུང་བལ་ཡུལ་ཇི་ལྟ་བུ་ཞིག་ལས་ཡོང་རྒྱུ་མེད་པས་བྲོ་བ་ཅི་ཡོད་ཅེས་དང་། ད་སྐབས་དུས་རབས་ཉེར་གཅིག་པ་ཡིན་ཞིང་ནུབ་ཕྱོགས་སུ་རྒྱལ་ཁབ་ཁག་ཡོ་རུབ་སྤྱི་མཐུན་རྒྱལ་ཁབ་ལ་ཚུར་ཟླ སྒྲིལ་གཏོང་བཞིན་འདུག་པས་ད་སྐབས་རང་བཙན་རྩོད་པ་ནི་བསམ་བློ་རྗེས་ལུས་ཅན་རེད་སོགས་ཟེར་། བལ་ཡུལ་ཇི་བཞིན་ཡོད་ན་བྲོ་བ་མེད་ན་ཁྱེད་ལ་བྲོ་བ་ཡོད་པ་ནི་ཨ་རི་ཇི་བཞིན་དགོས་མདོག་ཁ་པོ་རེད། དེ་འདྲ་ནི་རྒྱལ་ཁབ་སུ་ལ་ཡང་ཡོང་ཧ་ཅང་དཀའ་མོ་རེད། དེས་ན་རང་སྐྱོང་ཞིག་རག་པས་དེ་ལས་ཀྱང་བྲོ་བ་གང་ནས་ཡོང་ངམ། ཡོ་རུབ་རྒྱལ་ཁབ་དག་ཟླ་སྒྲིལ་གཏོང་བ་ནི་རང་རང་གིས་དངས་དུ་བླངས་བའི་སྒོ་ནས་རང་ཉིད་ཀྱི་རང་དབང་གཞན་ལ་མི་འཆོར་བའི་སྒོ་ནས་ཟླ་སྒྲིལ་གཏོང་གིིན་ཡོད་པ་ལས་བོད་དང་རྒྱ་ནག་གི་བཞིན་གཅིག་འོག་གཅིག་གནས་ཀྱི་ཟླ་སྒྲིལ་གཏོང་བ་དེ་འདྲ་ཡེ་ནས་མིན།
༡། ད་ལྟའི་བྱེས་རྗེས་མང་པོ་ཞིག་དབུ་མའི་ལམ་གྱི་གྲུབ་འབྲས་ཡིན་ཚུལ་ལོག་འགྲེལ་བྱེད། འགའ་རེས་མཐའ་ན་ང་ཚོ་གཞིས་ཆགས་སུ་གནས་ཐུབ་པ་འདི་ཡང་དབུ་མའི་ལམ་གྱི་གྲུབ་འབྲས་ཡིན་ཚུལ་གླེང་གིན་འདུག རྒྱ་ནག་མི་རིགས་ཀྱིས་རྒྱབ་སྐྱོར་ཡོད་ཟེར། འདི་འུ་ཅག་གིས་བཤད་པའི་དྲིལ་སྒྲོག་དག་གི་ནང་ནས་བདེན་པ་ཆེ་ཤོས་དེ་རེད། འོན་ཀྱང་རྒྱ་ནག་མི་རིགས་ཀྱིས་རྒྱབ་སྐྱོར་ཡོད་ཟེར་བ་དེ་ཐབས་ལམ་འདི་གཉིས་སྨན་དབུ་མའི་ལམ་ཞིག་ཡིན་པར་རྟོགས་ནས་རྒྱབ་སྐྱོར་བྱས་པ་ཞིག་ལས། རྒྱ་ཕྱོགས་ལ་ཁེ་ཕན་ཆེ་བ་ཡོད་པར་མཐོང་ནས་རྒྱབ་སྐྱོར་བྱས་པར་སྣང། གང་ལགས་ཤེ་ན་རྒྱ་ནག་མི་མང་དཀྱུས་མ་དག་གི་སེམས་སུ་བོད་པ་ཚོ་ལ་འདི་འདྲ་ཞིག་མ་བྱས་ན་ཡོང་ས་མ་རེད་སྙམ་པའི་སུན་སྣང་སྤུ་ཙམ་ཞིག་ཀྱང་ད་བར་དུ་ང་ཚོས་ངོས་ནས་བཟོས་མེད། དེས་ན་ཁོང་ཚོས་དེ་ལྟར་བྱེད་པ་ནི་རང་འགར་ལམ་སྲང་གི་སྐད་ཆ་རྗེས་ཟློས་བྱས་པའི་རྣམ་པ་ཞིག་ལས་བསམ་བཏང་ནས་གྲུབ་དོན་ལ་བབ་པ་ཞིག་དང་བསམ་བློ་གུ་ཡངས་བཏང་ཤིང་དཔྱད་པ་བྱས་ནས་བཤད་པ་ཞིག་ཡེ་ནས་མིན།
༢། འཛམ་གླིང་གི་རྒྱལ་ཁབ་དག་གིས་དབུ་མའི་ལམ་ཁོ་ན་ལས་རང་བཙན་ལ་རྒྱབ་སྐྱོར་མེད་ཚུལ་ཟེར་། འདིའི་ལན་ལ་མང་པོ་མི་དགོས་པར་འཛམ་གླིང་རྒྱལ་ཁབ་ཁག་ལྐུགས་པ་མ་རེད་ཅེས་པ་ཙམ་གྱིས་འཐུས་པར་སྙམ། གང་ལགས་ཤེ་ན་རྒྱལ་ཁབ་སུ་ཡིན་རུང་དང་། ལྷག་པར་དུ་ཨ་རི་ལྟ་བུ་ལ་རྒྱ་ནག་ཟེར་བའི་རང་ལ་ཉེན་ཁ་བཟོ་མཁན་ནམ་ཁ་ཐད་འཇལ་མཁན་ཞིག་འཐོར་སོང་ན་དགའ་གི་རེད་དམ་གདོང་ལེན་བྱེད་མཁན་ཞིག་ཡོད་ན་དགའ་གི་རེད། ཆབ་སྲིད་རིག་པའི་ནང་དུ་ཕ་རོལ་རྒུད་ན་འདོད་པ་ལས་ཕ་རོལ་སྟོབས་ན་འདོད་པ་མི་སྲིད། རྒྱུ་མཚན་ནི་རང་ཉིད་ཀྱི་དོན་ཁོ་ན་དམིགས་ཡུལ་ཡིན་པའི་ཕྱིར་རོ།
༣། རང་བཙན་དང་དབུ་མའི་ལམ་གཉིས་ལག་ཏུ་སོན་པར་ཉེ་རིང་མངོན་གསལ་དུ་ཡོད་ཚུལ་གླེང་། ངོ་མ་བཤད་ན་རང་གཞན་ཚང་མའི་སེམས་སུ་འདི་བདེན་བདེན་འདྲ་ཞིག་ཡོད་ན་ཡང་ཞིབ་ཏུ་བསམ་ན་དེ་འདྲའི་རྒྱུ་མཚན་ཡང་དག་གཅིག་ཀྱང་རྙེད་རྒྱུ་མི་འདུག གང་ལགས་ཤེ་ནཿ གཅིག་ནས་དབུ་མའི་ལམ་འདི་ནི་ཅི་སྟེ་སྤྲོད་ཀྱི་ཡིན་ན་རྒྱ་ནག་གི་ངོས་ནས་འདོད་པ་ཡོད་པའི་ཐོག་བསམ་བཞིན་དུ་སྤྲོད་དགོས་པ་དང་། ད་ལྟའི་རྒྱ་ནག་གི་དབང་འཛིན་པ་དག་གི་སེམས་ཁམས་ལ་ཅིག་བལྟས་ན་དེ་འདྲའི་དུས་སྐབས་འབྱུང་བར་དུ་དུང་ལོ་ཧ་ཅང་མང་པ་འགོར་དགོས་པ་སྨྲོས་མི་དགོས་པ་ཞིག་རེད། དཔེར་མཚོན་ཞིག་དྲངས་ནས་ངའི་ཞེ་འདོད་དེ་བརྗོད་ནཿ སིཔེན་གྱི་གྲོས་ཚོགས་ཀྱིས་ཕྱི་ལོ་༡༩༣༢་ལོར་ཁ་ཊ་ལོ་ནི་རང་སྐྱོང་ལྗོངས་ལ་རང་སྐྱོང་སྤྲོད་རྒྱུའི་གྲོས་ཆོད་བཞག་འདུག་ན་ཡང་ཁ་ཊ་ལོ་ནི་ཡ་ཡིས་རང་སྐྱོང་དངོས་སུ་རག་པ་ཕྱི་ལོ་༡༩༧༩་ལོ་མ་གཏོགས་བྱུང་མི་འདུག འདི་ལས་ཤེས་ཐུབ་པ་ཞིག་ལ་གྲོས་ཚོགས་སུ་གྲོས་ཆོད་མ་བཞག་པའི་ལོ་མང་པོའི་གོང་དུ་སིཔེན་གྱི་དབང་འཛིན་པ་དང་སྤྱི་ཚོགས་སུ་ཁ་ཊ་ལོ་ནི་ཡ་ལ་རང་སྐྱོང་དེ་འདྲ་སྤྲོད་དགོས་པའི་མོས་མཐུན་བྱས་ནས་ལོ་མང་པོ་སོང་ཟིན་པ་རྟོགས་ཐུབ་པ་ཞིག་རེད།
དེས་ན་སེཔེན་གྱིས་ཁ་ཊ་ལོ་ནི་ཡ་ལ་རང་སྐྱོང་སྤྲོད་དགོས་པའི་བསམ་ཚུལ་གྱི་རྨང་གཞི་ཚུགས་པ་ནས་བཟུང་མཐར་༡༩༧༩་ལོར་རང་སྐྱོང་དངོས་སུ་མ་སྤྲད་པའི་བར་ཉུང་མཐར་ལོ་བརྒྱ་ལྷག་འགོར་ཡོད་པ་དཔོགས་ཐུབ་པ་ཞིག་རེད། ཆབ་སྲིད་ཀྱི་བསམ་བློ་སྔོན་ཐོན་ཡིན་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཅིག་གིས་ཀྱང་རང་སྐྱོང་གི་བསམ་ཚུལ་རྨང་གཞི་ཚུགས་ནས་ལག་ལེན་དངོས་སུ་མ་སྟར་བར་དང་། ལྷག་པར་དུ་རང་གི་གྲོས་ཚོགས་ཀྱི་གྲོས་ཆོད་བཞག་ནས་དེ་ལག་སྟར་བྱེད་པར་ལོ་དེ་ཙམ་འགོར་གྱི་ཡོད་ན་དབང་ཆ་གཅིག་སྡུད་ལ་གོམས་ཤིང་། དམངས་གཙོའི་དྲི་མ་ཙམ་ཡང་མྱངས་མ་མྱོང་བའི་རྒྱ་ནག་གིས་བོད་ལ་རང་སྐྱོང་སྤྲོད་པར་ད་དུང་ཇི་ཙམ་འགོར་སྲིད་པ་རྒྱལ་ཁབ་གཉིས་ལ་དཔྱད་བསྡུར་བྱས་ནས་རྟོགས་འོས་པ་ཞིག་རེད། ད་ལྟའི་སྐབས་སུ་རྒྱ་ནག་དབང་འཛིན་པ་དག་གི་སེམས་སུ་བོད་ལ་རང་སྐྱོང་ཞིག་སྤྲོད་དགོས་པའི་གྲོས་ཚོགས་ལ་གྲོས་ཆོད་ཕར་ཞོགས། གྲོས་གླེང་ཙམ་ཡང་བྱེད་མི་ཕོད་པ་འམ་མི་འདོད་། མཐའ་ན་བོད་ལ་རང་སྐྱོང་ཞིག་སྤྲོད་དགོས་པའི་བསམ་ཚུལ་གྱི་རྨང་གཞི་ཙམ་ཡང་ད་དུང་ཚུགས་མེད་པའི་དུས་རེད། དེས་ན་དབུ་མའི་ལམ་འདི་རང་བཙན་དང་ཉེ་རིང་ཆ་མ་འཚལ་ས་ཞིག་ན་ཡོད་པ་ལས་ཐག་ཉེ་ཞིག་ན་ཡོད་པའི་དཔང་རྟགས་གང་ཡང་མངོན་རྒྱུ་མེད།
གཉིས་ནས་ད་ལྟའི་དམར་ཤོག་ཀྱི་དབང་འཛིན་ཕ་ཚོ་ལ་དབུ་མའི་ལམ་ལ་ཡང་འཇིགས་སྣང་ཧ་ཅང་ཆེ་བས་དབུ་མའི་ལམ་འདི་མགྱོགས་པོ་ཞིག་ལ་རག་པའི་རེ་བ་འཆང་ན་ནོར་འདུག། རྒྱུ་མཚན་ནི་གཅིག་ནས་དབུ་མའི་ལམ་འདིའི་གྲུབ་འབྲས་སྨིན་པར་རྒྱ་ནག་ལ་འགྱུར་བ་མ་སོང་བར་སྒུག་དགོས་པ་ཀུན་གྱིས་ཁས་ལེན་བྱེད་པ་དང་། དེ་འདྲའི་དུས་སྐབས་ཤིག་ཤར་བའི་ཚེ་དབུ་མ་ལ་གོ་སྐབས་ཡོད་ན་རང་བཙན་ཡང་གོ་སྐབས་མེད་པ་ཡེ་ནས་མིན།
༤། དབུ་མའི་ལམ་འདི་བོད་མི་མང་གིས་མང་མོས་སྤྲད་པའི་བདམ་ཁ་ཞིག་ཡིན་ཚུལ་སྒྲོག་པ། སྤྱིར་ན་ད་སྐབས་བོད་མི་མང་གི་བསམ་ཚུལ་བསྡུ་ལེན་བྱེད་པའི་བརྒྱུད་ལམ་མེད་སྟབས་དབུ་མའི་ལམ་འདི་ལ་མང་མོས་ཡོད་ཟེར་བ་ཁྲིམས་འབྲེལ་ཡང་དག་ཅིག་མིན་ཞིང་། གཉིས་ནས་ད་ལྟ་མང་མོས་ཡོད་པ་ལྟ་བུ་ཞིག་ཏུ་འགྲོ་བཞིན་པ་འདི་ཡང་༧གོང་ས་མཆོག་ལ་དད་པ་དང་ཡིད་ཆས་ཀྱི་རྣམ་འགྱུར་བསྟན་པ་ཙམ་ལས་མང་ཚོགས་ཀྱིས་ཀླད་པ་དཀྲུགས་ནས་ཐག་གཅོད་གཏན་འབེབས་བྱས་པ་ཞིག་མིན།
༥། ང་ཚོས་རང་བཙན་བརྩད་ན་ལོ་རྒྱུས་ཀྱི་རྒྱབ་རྟེན་མེད་པས་ཐོབ་ཐང་མེད་པ་དང་། དེ་མེད་ན་རྒྱུ་མཚན་གྱི་བདེན་སྟོབས་མེད། གལ་སྲིད་ལོ་རྒྱུས་ལ་གཞི་བཅོལ་རུང་རང་རེའི་སྐུ་དྲག་རེ་ཟུང་གི་གསུང་ལས་མཉམ་འབྲེལ་རྒྱལ་ཚོགས་སོགས་ལ་འབྲི་ཆུ་དེ་རྒྱ་བོད་ས་མཚམས་ཡིན་པ་ལྟ་བུ་ཞིག་ཁ་ནས་ཤོར་འདུག་པས་ཆོལ་ཁ་གསུམ་པོ་ལ་རང་བཙན་རྩོད་ས་མེད་ཅེས་ཟེར་། འདི་ལྟར་སྨྲ་མཁན་མང་པོ་ཞིག་ནི་རྒྱའི་རྒྱུག་ཁྱི་ཡིན་ངེས་པ་ལས་བོད་ལ་ཤ་ཚ་ཡོད་མཁན་ཞིག་ཡིན་ན་ཡིད་ལ་དྲན་ཀྱང་ཁ་ནས་དེ་འདྲ་ཞིག་འདོན་དཀའ་ཚོད་རེད་སྙམ།
འོན་ཀྱང་སྲིད་དོན་ལ་ཤེས་རྟོགས་ཞན་པ་རེ་ཟུང་གིས་ཁ་ཞེ་གཉིས་མེད་ཀྱིས་དེ་ལྟར་བསམ་གྱིན་ཡོད་སྲིད་པས་དེ་དག་ལ་གསལ་འདེབས་འདི་ཞུ་རྒྱུ་ཡིན། དང་པོ་ཡུལ་གང་ཡིན་ཡང་རང་བཙན་རྩོད་པར་ངེས་པར་དུ་ལོ་རྒྱུས་ཀྱི་རྒྱབ་རྟེན་ཡོད་མི་དགོས། དེ་ལྟར་དགོས་ན་རང་བཙན་གསར་དུ་ཐོབ་པའི་རྒྱལ་ཁབ་གཅིག་ཀྱང་ཡོང་མི་ཤེས་པ་རེད་ཅེས་ཞུ་རྒྱུ་ཡིན། གཉིས་ནས་རྒྱལ་སྤྱིའི་ཁྲིམས་ཐོག་ནས་ཞུ་ན། ང་ཚོས་རང་བཙན་རྩོད་པར་གནད་དོན་གཉིས་ཀྱི་ཐོག་ནས་རྒྱབ་རྟེན་ཡོད་དེཿ དང་པོ་བོད་འདི་སྔར་ནས་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། གཉིས་པ་མི་དམངས་ཞིག་ཡིན་ན་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ་དེ་གཉིས་རེད།
དང་པོ་ནིཿ བོད་ཀྱི་རང་བཙན་རྩོད་པར་ལོ་རྒྱུས་ཀྱི་རྒྱབ་རྟེན་ཡོད་དེ། བོད་དེ་སྔ་མོ་ནས་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་ཀུན་ལ་མཐུན་སྣང་ཡིན་པས་སོ། རྒྱལ་སྤྱིའི་ཁྲིམས་ཐོག་ནས་ལོ་རྒྱུས་ཐོག་རང་བཙན་གྱི་རྒྱལ་ཁབ་བྱེད་མྱོང་མཁན་ཞིག་ཡིན་ན་རང་བཙན་བྱེད་ཆོག་པའི་ཐོབ་ཐང་ཡོད། འོ་ན་རང་རེས་མཉམ་འབྲེལ་རྒྱལ་ཚོགས་སོགས་ལ་ཚིག་ཤོར་ཟིན་པ་དེ་ཚོ་གང་དུ་འཇོག་ཅེས་གསུང་ནཿ དེ་ལ་སྐྱོན་ཡེ་ནས་མེད་དེ། བར་སྐབས་ཤིག་ལ་བོད་ཀྱི་མངའ་ཁུལ་མང་པོ་ཞིག་རྒྱ་ལག་ཏུ་ཤོར་ཚར་རྗེས་སུ་དམག་འཁྲུག་གི་སྡེ་གཟར་འབྱུང་བཞིན་པའི་སྐབས་སུ་ས་མཚམས་ཀྱི་སྐོར་ལ་བོད་ཀྱི་ལས་བྱེད་རེ་ཟུང་གིས་ཚིག་རེ་ཟུང་ངག་ལས་ཤོར་ཡོད་ཀྱང་དེ་ལ་ལྗིད་ཁོག་གང་ཡང་མེད་དེ། དེ་ནི་ཟིང་འཁྲུག་གི་སྐབས་སུ་འུ་ཐུག་གིས་ཤོར་བའི་ཚིག་རེ་ཟུང་ཡིན་པས་སོ། རྒྱལ་སྤྱིའི་ཁྲིམས་ཐོག་ནས་ཀྱང་འདི་འདྲ་བ་ལ་གསལ་བཤད་འགྲོ་ས་ཡོད་འདུག་པ་ལས་རང་རེའི་གྲ་ས་ཁག་ཏུ་རྟགས་གསལ་གཏོང་སྐབས་ལྟར་ཁ་ནས་ཚིག་ཟུར་ཙམ་ཤོར་སོང་ན་དེ་འཆོར་མི་ཉན་པར་ཨུ་ཚུགས་རྒྱག་དགོས་པ་དེ་འདྲ་སྲིད་དོན་ཚན་རིག་ནང་དུ་ཡང་མེད་པ་རེད།
གཉིས་པ་ནིཿ ཅི་སྟེ་རྒྱ་ནག་གིས་བཤད་པ་བོད་འདི་སྔ་མོ་ཞིག་ནས་རྒྱ་ནག་གི་ཆ་ཡིན་ཟེར་བ་དང་། ཡང་ན་ཁྱེད་ཅག་གིས་བཤད་པ་རང་བཙན་གྱི་བོད་ཟེར་བ་འབྲི་ཆུ་ཚུར་ནང་གི་བོད་ཙམ་ལས་གོ་མི་ཐུབ་ཟེར་བ་དག་བདེན་དུ་ཆུགས་རུང་། ད་དུང་བོད་ལ་རྒྱལ་སྤྱིའི་ཁྲིམས་ཐོག་ནས་རང་ཐག་རང་གཅོད་(རང་བཙན་འདུས་པ)་ཀྱི་ཐོབ་ཐང་རྩོད་མེད་དུ་ཡོད། རྒྱལ་སྤྱིའི་ཁྲིམས་ནང་དུ་མི་དམངས་ཞིག་ཡིན་ན་རང་ཐག་རང་གཅོད་ཀྱི་ཐོབ་ཡོད་པར་གསལ་བོར་འཁོད་ཡོད། འོ་ན་མི་དམངས་ཞེས་པ་དེ་གང་རེད་ཟེར་ནཿ ཐུན་མོང་གི་སྐད་ཡིག ཐུན་མོང་གི་ས་ཆ། ཐུན་མོང་གི་ལེགས་བྱང་། ཐུན་མོང་གི་དཔལ་འབྱོར་། ཐུན་མོང་གི་ཆོས་ལུགས་ཡོད་པའི་མིའི་ཚོགས་སྡེ་ཞིག་ལ་གོ་བ་རེད། བོད་ནི་འདི་འདྲ་བའི་མི་དམངས་ཞིག་ཡིན་པ་ལ་སུས་ཀྱང་སྙོན་མི་ནུས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་རང་ཉིད་ཀྱིས་ཕྱི་ལོ་༡༩༦༡་དང་༡༩༦༥་ལོ་སོར་བོད་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པའི་ངོས་ལེན་གསལ་བོར་བྱས་ཡོད། རྒྱ་ནག་གིས་ཀྱང་བོད་ཀྱི་རང་ཐག་རང་གཅོད་ཀྱི་སྐོར་ལ་ད་བར་མི་སྨྲའི་རྟུལ་ཞུགས་བཟུང་ནས་ཡོད། འོ་ན་རང་ཐག་རང་གཅོད་ཟེར་བ་འདི་ག་འདྲ་ཞིག་ལ་གོ་བ་རེད་ཅེ་ནཿ མི་དམངས་ཞིག་གི་རང་གི་ཆབ་སྲིད་ཀྱི་འདུན་ལམ་ཇི་ལྟར་འདེམས་པའི་དབང་ཆ་རང་ལ་ཡོད་པ་ལ་ཟེར་ཞིང་། དེའི་ནང་དུ་རང་བཙན་ཡང་འདུས་ཡོད།
འོ་ན་བོད་འདི་མི་དམངས་ཤིག་ཡིན་པའི་ཆ་ནས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་གི་ཐོག་ནས་རང་བཙན་བྱེད་པའི་གདམ་ཁ་ཞིག་བདམས་རུང་རྒྱལ་སྤྱིའི་ཁྲིམས་ནང་དུ་རྒྱལ་ཁབ་ཅིག་ཡིན་རང་གི་མངའ་རིས་སྲུང་སྐྱོབ་བྱེད་པའི་ཐོབ་ཐང་ཞིག་ཡོད་པ་མིན་ནམ་ཟེར་ནཿ རྒྱལ་སྤྱིའི་ཁྲིམས་ནང་དུ་རྒྱལ་ཁབ་ཅིག་ལ་རང་གི་མངའ་རིས་སྲུང་སྐྱོབ་ཀྱི་ཐོབ་ཐང་ཟེར་བ་ཞིག་ཡོད་ཅིང་། དབང་སྒྱུར་རྒྱལ་ཁབ་ཀྱིས་རང་གི་མངའ་རིས་སྲུང་སྐྱོབ་ཀྱི་ཐོབ་ཐང་གི་ཐོག་ནས་དབང་བསྒྱུརད་མི་དམངས་ཀྱི་རང་བཙན་ལས་འགུལ་འགོག་པའི་ཐོབ་ཐང་ཡོད་ཀྱང་། གལ་སྲིད་དབང་སྒྱུར་རྒྱལ་ཁབ་དེས་རང་གི་འགན་ཁུར་མ་ཐུབ་པ་སྟེ། དབང་བསྒྱུརད་མི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མ་ཐུབ་པ་དང་། མི་དམངས་ལ་རང་གི་ཆབ་སྲིད་འགོ་ཁྲིད་འདེམས་པའི་ཐོབ་ཐང་མ་སྤྲད་ན་དབང་སྒྱུར་རྒྱལ་ཁབ་ཀྱིས་མངའ་རིས་སྲུང་སྐྱོབ་ཀྱི་ཐོབ་ཐང་དེ་བེད་སྤྱོད་གཏོང་ཆོག་གི་མེད། དེ་འདྲའི་སྐབས་སུ་མི་དམངས་ལ་(རང་བཙན་འདུས་པ)་རང་ཐག་རང་གཅོད་བྱེད་པའི་ཐོབ་ཐང་ལྷུན་གྱིས་གྲུབ་ཡོད།
བོད་ལ་མཚོན་ན་རྒྱ་ནག་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོལ་རོལ་དུ་གཏོང་བཞིན་པ་མ་ཟད། ཆབ་སྲིད་ཀྱི་དབུ་ཁྲིད་འདེམས་པའི་ཐོབ་ཐང་ཀྱང་སྤྲོད་ཀྱིན་མེད་པ་དང་། བོད་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲེལ་བཤད་བཞག་པའི་མི་དམངས་ཟེར་བ་དེ་རྩོད་མེད་དུ་ཡིན་པས་བོད་ལ་རང་ཐག་རང་གཅོད་བྱེད་པའི་ཐོབ་ཐང་རྒྱལ་སྤྱིའི་ཁྲིམས་ཐོག་ན་སྤྲད་ཡོད། དེས་ན་གཞོན་ནུ་དང་། བོད་རང་བཙན་ཆེད་སློབ་ཕྲུག་ཚོགས་པ་སོགས་ཀྱིས་བོད་རང་བཙན་གྱི་འདུན་པ་འདོན་བཞིན་པ་དེ་གཞི་མེད་པ་ཞིག་དང་། རྒྱུ་མཚན་གྱིས་མ་འདང་བ་ཞིག ཆ་མ་ཚང་བ་ཞིག དངོས་ཡོད་མ་རྟོགས་པ་ཞིག མདུན་ལམ་མེད་པ་ཞིག་སོགས་ཡེ་ན་མ་ཡིན་ནོ།  

དཔྱད་གཞིཿ
1          བོད་དོན་དྲང་བདེན་ལྟེ་གནས་ཁང་གིས་སྤེལ་བའི་ རང་སྐྱོང་གི་བཀོད་སྒྲིག་གི་ལམ་ནས་གཞུང་སྲིད་རང་སྐྱོང་ཡོང་ཐབས།
2          བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར།



བཀླགས་མང་ཤོས།

ཟིན་བྲིས་བཀླགས་གྲངས་ཁྱོན་སྡོམ།

དཔར་རིས་འགྲེམ་སྟོན།

དཔར་རིས་འགྲེམ་སྟོན།
ངའི་བུ་མོ་སློབ་གྲའི་རྩེད་མོའི་ཉིན་མོ་ཨང་གཉིས་པ་ཐོབ།

ང་རང་གི་སྐོར།

My photo
I am a Tibetan, and a teacher. I have a dream that we have a unified Tibetan language. I see there is a way for this. རེ་བ་འདི་འགྲུབ་མི་སྲིད་པ་ཞིག་མིན་ལ། འདིའི་ལམ་སྣེ་གུས་པའི་ལག་ཏུ་ཡོད། དེ་ནི་ཁོ་བོས་བྲིས་པའི་(སྒྲ་སྒྲུབ་རིག་པ)ཡི་ནང་དུ་གསལ་ཡོད།