2010/10/05

དམངས་གཙོ་བཅོས་བསྒྱུར་བྱ་རན།

དམངས་གཙོ་བཅོས་བསྒྱུར་ཞེས་པའི་ཚིག་འདི་རང་ཅག་མང་པོ་ཞིག་གི་རྣ་བར་ཐོས་པ་ཙམ་གྱིས་སྐྱི་གཡའ་བ་དང་། སྐྲ་ཟིང་པའི་ཚོར་བ་ཞིག་སྐྱེ་ངེས། དེ་ནི་རྒྱ་ནག་གིས་ང་ཚོ་བོད་ལ་ཇི་ཙམ་ངན་པ་བཟང་བརྫུས་ཀྱིས་བྱ་ངན་སྤེལ་ཡོད་པའི་དན་རྟགས་ཤིག་ཀྱང་རེད། དོན་དུ་དམངས་གཙོ་བཅོས་བསྒྱུར་ཞེས་པ་རྣ་བར་སྙན་པའི་ཚིག་ཅིག་ཡིན་དགོས་པ་ལས་ཞེ་མེར་བའི་ཚིག་ཅིག་ཡིན་དོན་མེད།
༧གོང་ས་མཆོག་གིས་རང་ཅག་ལ་དམངས་གཙོ་ཞེས་པའི་རིན་བྲལ་གྱི་དངོས་གྲུབ་དེ་གོང་ནས་གསོལ་རས་སུ་བསྩལ་ཞིང་། ད་ནི་དེའི་འཕེལ་རྒྱས་ཀྱི་གནས་ཚད་ཀྱང་མཐོ་བོར་སླེབས་ཡོད། འོ་ན་ད་ལྟ་རང་རེའི་དམངས་གཙོ་ལ་བཅོ་བསྒྱུར་གང་བྱ་དགོས་སམ་ཞེ་ན། ད་ལྟའི་དམངས་གཙོའི་ཁྱད་ཆོས། བཅོས་སྒྱུར་གང་ཞིག་བྱ་དགོས་པའི་ངོས་སྤྲོད། བཅོས་སྒྱུར་གྱི་དགེ་མཚན། མ་བྱས་པའི་ཉེན་ཁ། བཅས་བཞི་ཡི་སྒོ་ནས་རང་གི་བསམ་ཚུལ་མདོར་ཙམ་ཞུ་རྒྱུ་ཡིན།
དང་པོ། ད་ལྟའི་དམངས་གཙོའི་ཁྱད་ཆོས་ནི་འཛམ་གླིང་ན་སུ་ལ་ཡང་མེད་པའི་ལམ་ལུགས་ཁྱད་པར་བ་ཞིག་ཡིན། འདི་ནི་ཕོ་རོག་དཀར་པོའི་ངང་ཚུལ་མིན་པར་རྒྱུ་སྐར་དབུས་ཀྱི་ཟླ་བའི་ངང་ཚུལ་ཡིན་པར་བདག་འདོད། ང་ཚོར་སྲིད་དོན་ཚོགས་པ་མེད་པ་འདི་དམངས་གཙོ་ཡང་དག་པའི་ཚད་ལ་སླེབས་མེད་པའི་རྟགས་ཡིན་ཚུལ་གསུང་མཁན་ཡོད་ཀྱང་དེ་ནི་མ་ངེས་པར་བདག་འདོད། ཆབ་སྲིད་སྐྱོང་བའི་ལམ་ལུགས་ཐམས་ཅད་ཐ་ཤལ་ཡིན་ཞིང་དམངས་གཙོ་ནི་ཐ་མའི་ནང་གི་རབ་མ་དེ་ཡིན་པར་མཁས་པ་ཚོར་བཤད་སྲོལ་ཡོད་པ་བཞིན་ནུབ་ཕྱོགས་ཀྱི་དམངས་གཙོ་ལ་ཧ་ལམ་རྫོགས་སུ་མེད་པའི་སྐྱོན་འདྲེན་རྒྱུ་ཡོད་འདུག དེའི་ནང་ནས་སྐྱོན་གཅིག་ནི་སྲིད་དོན་གྱི་ལངས་ཕྱོགས་དང་རྐུབ་སྟེགས་ཀྱི་དོན་དུ་ཤི་འཐབ་རོ་འཐབ་བྱེད་པ་འདི་རེད། རང་རེའི་དམངས་གཙོའི་ལམ་ལུགས་ལ་དེ་འདྲའི་འཐབ་ཡུལ་ལྟོས་ས་ལྟོས་འཇོག་གིས་ཆུང་བ་རེད། གང་ལགས་ཤེ་ན་གཅིག་ནས་སྐྱེ་བོ་ཞིག་སྤྱི་འཐུས་སུ་སླེབས་པ་ན་སྲིད་དོན་གྱི་ལངས་ཕྱོགས་ཀྱི་འཐབ་རྩོད་བྱེད་ཡུལ་མེད་པར་བོད་མི་སྤྱིའི་འཐུས་མི་བྱེད་དགོས་པ་དང་། ཅི་སྟེ་དེ་མ་བྱུང་རུང་རང་ཉིད་བདམ་ཡུལ་གྱི་ཆོལ་ཁ་སྤྱིའི་འཐུས་མི་ཞིག་བྱེད་དགོས་པ་རེད། གཉིས་ནས་སྤྱི་འཐུས་སུ་ཡིན་རུང་བཀའ་བློན་གྱི་རྐུབ་སྟེགས་ལ་རློམ་སེམས་བྱེད་ཡུལ་མེད་པ་རེད། མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལན་མང་གསུང་བ་བཞིན་རང་རེའི་སྤྱི་འཐུས་ལྷན་ཚོགས་ཀྱིས་ནི་གཞུང་འཛིན་ཚོགས་པ་དང་ཁ་གཏད་ཚོགས་པ་གཉིས་ཀའི་ལས་འགན་སྒྲུབ་དགོས་ཀྱི་ཡོད་སྟབས། གཅིག་བྱས་ན་ལས་དོན་གཉིས་ཀ་རྔོ་ཐོགས་པ་ཞིག་མི་འགྲུབ་པའི་དཀར་མིན་ནག་མིན་ཞིག་ཏུ་འགྱུར་སྲིད་ཀྱང་། ཡང་གཅིག་བྱས་ན་ལས་དོན་ཀུན་ལ་ཐལ་ཆར་མ་སོང་བའི་གཏང་སྙོམས་ཤིག་ཡོང་བར་ཕན་ཐོགས་ཀྱང་སྲིད།
དེས་ན་རང་རེའི་དམངས་གཙོ་འདི་སྲིད་དོན་ཚོགས་པ་ཅན་དུ་སྒྱུར་དགོས་པའི་འདོད་ཚུལ་ད་ལྟ་ཁོ་བོར་འདོད་པ་ཡེ་ནས་མེད། དེ་བས་ཀྱང་ད་ལྟའི་འགྲོ་ཚུལ་ཆོལ་ཁའི་སྤྱི་འཐུས་འདི་ལ་དགེ་མཚན་ཞིག་ཡོད་པ་ནི་འདིས་བོད་ཀྱི་ལོ་རྒྱུས་ཀྱི་གནད་དོན་ཞིག་སྟོན་གྱི་ཡོད་པ་མ་ཟད་། དེ་ལས་ཀྱང་གལ་ཆེ་བ་ནི་ཆོལ་གསུམ་བོད་གཞིས་ལུས་རྒྱ་ཆེའི་མི་མང་གི་སྲིད་གཞུང་ཡིན་པ་མཚོན་པ་དེ་རེད། བཙན་བྱོལ་གཞུང་འདི་གཞིས་ལུས་མི་མང་གི་བློན་དྲན་པ་གཉིས་ཀྱིས་རྟེན་ས་དང་། སེམས་བསམ་པ་གཉིས་ཀྱིི་འཇོག་ས། དཔའ་དཔུང་པ་གཉིས་ཀྱི་འབྱུང་རྩ་རུ་གྱུར་ཡོད་པ་འདི་རེད། དེས་ན་རང་རེའི་ཆོལ་གསུམ་གྱི་སྤྱི་འཐུས་འབྱུང་བའི་ལམ་ལུགས་འདི་ལ་དོན་སྙིང་དང་རྒྱུ་མཚན་གཞན་དྲིང་མི་འཇོག་པ་ཞིག་ཡོད་པས་འདི་མུ་མཐུད་ནས་སྐྱོང་དགོས་པར་བདག་འདོད།
གཉིས་པ། བཅོས་སྒྱུར་ངོ་མ་ཅི་ཡིན་ཞེ་ནཿ ད་ལྟ་ཆོལ་ཁ་གསུམ་གྱི་སྤྱི་འཐུས་ཡོང་ཁུངས་འདི་ལ་ལེགས་བཅོས་བྱ་རྒྱུ་དེ་ཡིན། དེ་ནི་བོད་ཀྱི་ས་ཁུལ་ཧྲིལ་བོ་ལ་འཐུས་ཁུལ་(constituency)་སུམ་བཅུར་ཆ་བགོས་བྱས་ནས་འཐུས་མི་སུམ་བཅུ་བོ་དེ་དག་གི་འཐུས་མི་ངོ་མར་འགྱུར་ཐབས་བྱེད་དགོས་པ་དེ་ཡིན། (“འཐུས་ཁུལ”་ཞེས་པ་ནི་དབྱིན་སྐད་ཀྱི་ constituency ཟེར་བ་འདི་བོད་སྐད་ལ་བསྒྱུར་ཁུལ་ཡིན། “འཐུས་ཚབ་བྱ་སའི་ས་ཁུལ”་ཞེས་པའི་ཚིག་བསྡུས་བྱས་ཁུལ་ཡིན།)
འདིར་རང་ཅག་འགའ་རེ་ལ་དོགས་པ་ཞིག་འབྱུང་སྲིད་པ་ནིཿ བཙན་བྱོལ་ན་བོད་ཀྱི་ས་ཁུལ་རེ་འགའ་ནས་བཙན་བྱོལ་བ་མང་བས་དཀའ་ངལ་མེད་ཀྱང་བོད་ཀྱི་ས་ཁུལ་རེ་འགར་བཙན་བྱོལ་ན་འཐུས་མིར་འོས་པ་ཡེ་ནས་མེད་པས་འདི་ལག་ལེན་དུ་འོང་མི་ཐུབ་སྙམ་སྲིད། འདི་ནི་དམངས་གཙོའི་ལམ་ལུགས་ལ་མཉམ་མྱོང་མེད་པའི་རྟགས་ཡིན། སྤྱིར་འཐུས་མི་མང་ཆེ་བ་རང་རང་སྐྱེ་ས་གང་ཡིན་དེའི་འཐུས་མི་བྱེད་པ་ཞིག་ཡོད་པ་ནི་རང་ཉིད་ཀྱི་སྐྱེ་ས་ན་རང་ལ་རྒྱབ་སྐྱོར་བ་མང་བ་ཡོད་པའི་རྒྱུ་མཚན་ཙམ་ལ་ཐུག་ཡོད། དེ་ལས་གཞན་པའི་འཐུས་མི་རང་ཉིད་ཀྱི་སྐྱེ་ཁུངས་དང་འཐུས་ཁུལ་གཉིས་ལ་འབྲེལ་བ་གང་ཡང་མེད། དེས་ན་ཆོལ་ཁ་གང་ཞིག་གི་འཐུས་མི་ཆོལ་ཁ་རང་ཁོངས་ནས་ཡིན་དགོས་དོན་མེད་ལ། ས་ཁུལ་གང་ཞིག་གི་འཐུས་མི་ས་ཁུལ་རང་ཁོངས་ནས་ཡིན་དགོས་དོན་ཡང་དེ་བཞིན་མེད། ས་ཁུལ་གང་ལ་མཁྱེན་རྟོགས་ཡོད་པ་དང་དེའི་མི་མང་ལ་དམིགས་བསལ་གྱིས་འབྲེལ་བ་ཡོད་པ་འམ་མདོར་ན་ས་ཁུལ་དེས་མི་མང་གིས་ཡིད་ཆས་ཡོད་པ་ཙམ་གྱིས་ཆོག་པ་ཡིན།
འདིར་བློ་བདེ་ཆེད་དུ་དཔེར་མཚོན་རེ་འགའ་འཇོག་དགོས་སྲིད་པས། ད་ལྟའི་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་རང་ཡུལ་པན་ཇབ་ཀྱི་ཡུལ་ནས་བདམ་པ་མིན་པར་ཤར་ཕྱོགས་ཨ་སམ་ནས་བདམ་ཐོན་བྱུང་བ་རེད། ཡང་ལྕམ་སོ་ནི་ཡ་གྷན་དི་རྒྱ་གར་བྱང་ཕྱོགས་ར་ཡེ་བྷ་རེ་ལི་དང་ལྷོ་ཕྱོགས་ཨ་མེ་ཐི་གཉིས་ཀ་ནས་འོས་ཤོག་རྒྱལ་ཁ་ཐོབ་ཡོད། རྒྱ་གར་གྱི་སྲིད་བློན་སྔོན་མ་ཨཊལ་བྷིཧཱརི་བྷཇཔཱཡི་མཆོག་གྷོ་ཝ་ལིཡར་ནས་འཁྲུངས་ཤིང་འཐུས་ཁུལ་ལཁནཱའོ་ནས་བདམ་ཡོད། དེ་བཞིན་སྲིད་བློན་ར་ཇིབ་གྷན་དི་མཆོག་བྷོམ་བྷེ་ལ་འཁྲུངས་ཤིང་འཐུས་ཁུལ་ཨ་མེ་ཐི་ནས་བདམ་ཡོད། ཀུན་ལ་རྒྱུས་མངའ་ཆེ་བའི་ལཱལུ་ཡཱདབ་མཆོག་གྷོཔཱལ་གྷནཇ་ནས་འཁྲུངས་ཤིང་ཁོང་གི་འཐུས་ཁུལ་སཱརན་འཐུས་ཁུལ་ནས་བདམ་ཐོན་བྱུང་། བྷི་ཇེ་པི་གི་དབུ་ལཱལ་ཀྲིཥན་ཨདཝནི་མཆོག་པ་ཀིསིཐཱན་གྱི་གྲོང་ཁྱེར་ཀ་ར་ཆི་ནས་འཁྲུངས་ཤིང་ཁོང་གི་འཐུས་ཡུལ་གུཇརཱཏ་ཀྱི་གྷན་དི་ན་གར་ནས་བདམ་ཐོན་བྱུང་། ད་དུང་དེ་འདྲ་ཧ་ཅང་མང་། དེ་བས་ནུབ་ཕྱོགས་ན་ནི་འཐུས་མི་གང་ཞིག་རང་ཉིད་སྐྱེ་ས་ལས་བདམ་ཐོན་བྱུང་པ་ལས་རང་ཉིད་སྐྱེས་ས་མ་ཡིན་པ་ལས་བདམ་ཐོན་བྱུང་པ་མང་བར་མཐོང་། རེ་རེ་བཞིན་འདིར་དཔེར་མཚོན་འདྲེན་རྒྱུ་ཡང་མེད་ལ་འདྲེན་ངལ་བ་མི་དགོས་པར་སྙམ། ཞིབ་འཇུག་ཅིག་བྱས་མཁྱེན་ཐུབ། གཙོ་བོ་འདི་དམངས་གཙོའི་ལམ་ལུགས་དང་འགལ་མེད་པ་དེ་རེད།
གསུམ་པ། བཅོས་བསྒྱུར་གྱི་དགེ་མཚན། བཅོས་སྒྱུར་བྱས་པའི་དམིགས་ཡུལ་ནི་གཞེས་བྱེས་གཉིས་ཀྱི་འབྲེལ་ཐག་ཇེ་དམ་དུ་འགྲོ་ཆེད་ཡིན། གལ་སྲིད་བཅོས་བསྒྱུར་དེ་བྱས་ན་འཐུས་མི་རང་རང་གིས་ཐབས་ལམ་སྣ་དགུ་བཏོན་ནས་རང་རང་གི་འཐུས་ཁུལ་གྱི་མི་མང་གི་གནས་ཚུལ་ལོན་ཐབས་སུ་ཉུང་མཐར་ཡང་ས་ཁུལ་དེར་ལན་གཅིག་དངོས་སུ་ཕེབས་དགོས། གལ་སྲིད་ལོ་རེ་བཞིན་དེ་ལྟར་མ་ཐུབ་ན་མངོན་ལྐོག་ཇི་རིགས་ཀྱིས་ཚབ་གཏོང་བའམ་གང་ལྟར་ཐབས་ཤེས་རྔོ་ཐོགས་པ་ཞིག་བྱེད་དགོས། དེ་ལྟར་བྱས་ན་བཅོས་བསྒྱུར་བྱས་པའི་དགེ་མཚན་ནི་མང་ཚོད་རེད། ད་ལྟ་འདིར་དམིགས་སུ་བཀར་ནས་བཤད་དགོས་པ་དང་པོ་ནི་ཇི་ལྟར་བཤད་རུང་མ་བཤད་རུང་བཙན་བྱོལ་གྱི་མི་རྣམས་བོད་ནང་ཁུལ་དུ་རྒྱུས་མངའ་དང་མཁྱེན་རྟོགས་ཆུང་ཙམ་ཡོད། གསར་འབྱོར་བ་ཞིག་ཡིན་རུང་དུས་ཚོད་འགྱུར་བའི་དབང་གིས་བོད་ནང་གི་གནས་ཚུལ་ཇི་བཞིན་མཁྱེན་ཁག་པོ་ཡིན། གལ་སྲིད་སྤྱི་འཐུས་རྣམས་བོད་ཀྱི་ས་ཁུལ་ཆ་བགོས་ཀྱིས་དེ་དང་དེར་དམིགས་སུ་བཀར་ནས་བཞག་ན་སྤྱི་འཐུས་རང་ཉིད་ལ་ས་ཁུལ་གང་དེའི་སྐོར་ལ་མཁྱེན་རྟོགས་བྱེད་པའི་འོས་འགན་ཞིག་འཁྲི་ཡི་རེད། དེ་ལྟར་བོད་ནང་གི་གནས་སྟངས་མཁྱེན་རྟོགས་སྔར་ལས་ཇེ་ཟབ་ཏུ་འགྲོ། དེ་བཞིན་བཙན་བྱོལ་ན་བོད་ཀྱི་ས་ཁུལ་རེ་རེ་བཞིན་ས་རྒྱུས་ཡོད་མཁན་ཉུང་ཙམ་ཡིན་པར་སྙམ། གལ་སྲིད་འཐུས་ཁུལ་ལམ་ལུགས་འདི་བཟོས་ན་བཙན་བྱོལ་སྤྱི་ཚོགས་སུ་བོད་ཡུལ་ཡོངས་ལ་མཁྱེན་རྟོགས་སྤྱི་སྙོམས་པ་ཞིག་འབྱུང་སྲིད། དེ་བཞིན་ཆོལ་ཁའི་རྒྱུས་ལོན། ས་ཆུའི་རྒྱུས་ལོན། འཚོ་བའི་རྒྱུས། མངོན་འདོད་ཀྱི་རྒྱུས་ལོན་སོགས་རྒྱུས་ལོན་མང་པོ་ཞིག་འབྱུང་ངེས་རེད་སྙམ།
ད་དུང་དེ་ལས་གལ་ཆེ་བ་ནི་གཞེས་བྱེས་གཉིས་ཀྱི་བར་འབྲེལ་ཐག་ཇེ་དམ་དང་ཇེ་ཟབ་ཏུ་འགྲོ་ངེས་ལ། དེ་བཞིན་བོད་ནང་གི་འབོད་སྒྲ་ཡང་ཇེ་མཐོ་དང་ཇེ་གསལ་དུ་འགྲོ་ངེས། དེ་ལྟར་རྒྱུས་ལོན་མང་པོ་འབྲེལ་བ་དེ་དག་བྱུང་ན་གཞི་ནས་བོད་མི་མང་སྤྱི་འཐུས་འདི་དག་བོད་གཞེས་བྱེས་གཉིས་ཀྱི་འཐུས་མི་ཚད་ལྡན་ཞིག་ཏུ་འགྱུར་བའི་ལམ་ཁ་ཡོད།
བཞི་བ། མ་བྱས་པའི་ཉེན་ཁ་འགའ་ཞིག་ཁོ་བོས་མཐོང་། དེ་ནི་བཙན་བྱོལ་གཞུང་འདི་ཕྱི་ལོ་༡༩༥༩་ལོར་ཕྱི་ཁྱོགས་ནང་ཁྱོགས་བྱས་ནས་སྐྱས་སྤོས་ཡོང་བའི་བོད་ཀྱི་ཁྲིམས་མཐུན་སྲིད་གཞུང་གི་རྒྱུན་དེ་ཡིན་པ་རེད་དམ། ཡུལ་གྱལ་བའི་བོད་མི་རྣམས་ཚོ་མི་ཡུལ་ཕྱོགས་གཅིག་ཏུ་འདུས་ནས་ཁོ་ཚོའི་བདེ་དོན་ལ་བལྟ་རྟོགས་བྱེད་མཁན་གྱི་སྐྱིད་སྡུག་ཚོགས་པ་ཞིག་ཡིན་པ་རེད། རྡ་སར་ཡོད་པའི་ལས་ཁུངས་འདི་བོད་བཙན་བྱོལ་གཞུང་ཡིན་པ་རེད་དམ། བཙན་བྱོལ་བོད་མིའི་གཞུང་ཡིན་པ་རེད། གནད་དོན་འདི་ལ་ཐུག་ཡོད། མི་ལོ་༥༠་འདས་ནས་ད་ལྟའི་དུས་སྐབས་འདིར་གནད་དོན་འདི་རྗེད་གྲབས་བྱེད་པའི་མི་མགོ་ཇེ་མང་དུ་འཕེལ་བཞིན་ཡོད་པའི་ཚོར་སྣང་ཞིག་བདག་ལ་འབྱུང་གིན་འདུག
གལ་སྲིད་ད་དུང་འདི་མུས་བཞིན་མུ་མཐུད་དེ་སོང་ན་མ་གཞི་སྲིད་མཐའ་ཙམ་ཡིན་དུ་ཆུགས་ཀྱང་ནམ་ཞིག་བཙན་བྱོལ་ནང་གི་ང་ཁྱོད་ཀྱི་འཐབ་རྩོད་ཀྱི་ནང་དུ་བོད་གཞིས་ལུས་རྒྱ་ཆེའི་མི་མང་གི་བདེ་སྡུག་ལ་རྒྱང་གཟིགས་མཛད་རྒྱུ་ད་ལྟ་ཉུང་བ་དེ་ལས་ཀྱང་ཉུང་དུ་འགྲོ་མི་སྲིད་པ་མི་འདུག དེ་ལས་ཀྱང་ཉེན་ཁ་ཆེ་བ་ཞིག་ནི་བཙན་བྱོལ་བ་རྣམས་རང་རང་གི་ས་གནས་ཀྱི་ཡུལ་མིར་གྱུར་བ་དང་འགྱུར་འབད་བརྩོན་འོག་བཙན་བྱོལ་བོད་གཞུང་འདི་སྒོ་རྒྱག་པའི་འབད་བརྩོན་ལ་ཆེད་དུ་མི་གཞོལ་བའི་ངེས་པ་ཡང་མི་འདུག འདིའི་སྔ་བལྟས་མང་པོ་ཞིག་བདག་གི་རྣམ་རྟོག་ཏུ་འཆར་རྒྱུ་ཡོད་པས་མིག་མདུན་དུ་མངོན་སུམ་སྟོན་དཀའ་མོ་འདུག རེ་གཉིས་མངོན་སུམ་དུ་སྟོན་རྒྱུ་མེད་པའང་མིན་ཏེ། གཅིག་ནི་བཙན་བྱོལ་བོད་མིའི་མཉམ་འབྲེལ་ཁག་དེབ་སྐྱེལ་ལ་འབད་བརྩོན་བྱས་པ་དེ་གཅིག་རེད། ཅི་སྟེ་སུ་ཞིག་གིས་བཙན་བྱོལ་བོད་གཞུང་འདི་ཕྱིར་བསྡུ་བྱེད་པའི་འབད་བརྩོན་གནང་བའམ་ཡང་ན་ཕྱིར་བསྡུ་བྱེད་དགོས་པའི་གནོན་ཤུགས་སླེབས་སྐབས་དེ་ལ་གདོང་ལེན་བྱས་ནས་བཙན་བྱོལ་བོད་གཞུང་འདི་རྒྱུན་གནས་ཡོང་བར་འབད་བརྩོན་མི་བྱེད་ན་དེ་དུས་གཞིས་ལུས་བོད་མི་ལ་ཐུགས་བསམ་མ་བཞེས་པར་བདག་འདོད།

No comments:

བཀླགས་མང་ཤོས།

ཟིན་བྲིས་བཀླགས་གྲངས་ཁྱོན་སྡོམ།

དཔར་རིས་འགྲེམ་སྟོན།

དཔར་རིས་འགྲེམ་སྟོན།
ངའི་བུ་མོ་སློབ་གྲའི་རྩེད་མོའི་ཉིན་མོ་ཨང་གཉིས་པ་ཐོབ།

ང་རང་གི་སྐོར།

My photo
I am a Tibetan, and a teacher. I have a dream that we have a unified Tibetan language. I see there is a way for this. རེ་བ་འདི་འགྲུབ་མི་སྲིད་པ་ཞིག་མིན་ལ། འདིའི་ལམ་སྣེ་གུས་པའི་ལག་ཏུ་ཡོད། དེ་ནི་ཁོ་བོས་བྲིས་པའི་(སྒྲ་སྒྲུབ་རིག་པ)ཡི་ནང་དུ་གསལ་ཡོད།