2010/10/17

དགག་ལན་བོན་རྒྱ་མ།

ཡ་རིགས་ཀྱི་བུ་བོན་རྒྱ་ལགས།
ཁྱེད་ཀྱི་རྩོམ་གྱི་ནང་དུ་ཚིག་འཁྲི་ཡོད་པ་དེའི་རྒྱུ་མཚན་དང་བཅས་པ་ཁས་བླངས་བ་ངོ་མཚར་ཆེ། ཚིག་སྐྱོན་ངོས་བཟུང་ན་ཐུགས་རྒྱལ་བཞེངས་ཀི་མ་རེད། ཚིག་སྐྱོན་ལ་རྩལ་དུ་བཏོན་ནས་རྒོལ་ན་ཐུགས་སུན་གྱི་རེད། འདིའི་ཁྱད་པར་ཡང་མཁྱེན་དགོས། ཕྱོགས་གཅིག་ནས་ཁྱེད་ཀྱི་ཚིག་གི་ཤུགས་ལས་རང་ཉིད་ལ་ཚིག་སྐྱོན་ཡེ་ནས་མེད་པར་ཁས་མཆེ་བ་ལྟར་མཐོང་བས་ཁྱེད་ཀྱིས་དེ་ལྟར་གསུང་སྤོབས་སམ།
མ་གཞི་ཁྱེད་དང་དབུ་མའི་ལམ་པ་པ་མང་པོས་གསུང་སྟངས་ལ་མི་མཐུན་པ་འདུག་ལ། ང་དང་རང་བཙན་པའི་བཤད་སྟངས་ཀྱི་བར་ལ་ཡང་ཁྱད་རེ་ཡོད་པར་ཁོ་བོས་མཐོང་རྒྱུ་འདུག དེའི་ཕྱིར་འོ་ཅག་གཉིས་ཀྱི་རྩོད་པ་འདི་དབུ་མའི་ལམ་པ་དང་རང་བཙན་པའི་རྩོད་པའི་ཚབ་མཚོན་ཐུབ་མིན་ལ་ཁོ་བོར་ཐེ་ཚོམས་འདུག འོན་ཀྱང་གཞི་རྐང་རྒྱ་བོད་ཀྱི་དཀའ་རྙོག་སེལ་ཆེད་དུ་ཁྱེད་ཀྱིས་འདོད་པ་དང་ཁོ་བོས་འདོད་པ་གཉིས་དབུ་མ་དང་རང་བཙན་དུ་སོང་སྟབས་འདི་བརྒྱུད་ནས་འགའ་རེ་ལ་གསལ་འདེབས་རེ་འབྱུང་མི་སྲིད་པ་མེད་སྙམ་ནས་ཁོ་བོས་ལན་འདི་བྲིས་པ་ཡིན།
ཁྱེད་ཀྱིས་ཚིག་ཚོགས་སྙུང་ཆེད་དུ་དོན་ཚན་བཅུ་ལ་བྱས་ནས་གསུང་ལན་གནང་འདུག་པར་དེ་དག་རེ་རེ་ལ་གུས་ལན་རེ་འབུལ་ཆོག་པར་ཞུ།
༡༽ ཁྱེད་ཀྱིས་གསུང་སྟངས་འདི་ལ་བལྟས་ན་ཁྱེད་ལ་ནི་ངོ་མ་འབའ་འབུར་ད་དོང་གི་ཤུལ་ཙམ་མེད་པའི་རྩོམ་པོ་འམ་སྐྱེས་བུ་དྲང་མོ་ཞིག་གི་ཁྱད་ཆོས་ཅན་ཞིག་ཡིན་པ་ལས་སེམས་པ་ཕག་གི་རྔ་མ་ལྟར་མཁྱོགས་ཤིང་། མགོ་བོ་སྲིན་པོ་ལིང་ག་ལྟར་རྒྱས་པའི་སྲིད་དོན་པའི་ཁྱད་ཆོས་དེ་མེད་པར་མཐོང་། གཅིག་བྱས་ན་ང་རང་ནོར་བ་ཡིན་སྲིད་ཀྱང་སྲིད་དོན་པ་ཞེས་པ་ནི་དེ་འདྲའི་ཁ་དགུ་ལྕེ་བཅུའི་ཁྱད་ཆོས་ལྡན་དགོས་ཤིང་། དེ་མ་ལྡན་ན་སྲིད་དོན་མི་འཇོན་པར་བདག་གི་བལྟ། དེའི་ཕྱིར་རྒྱ་གར་གྱིས་བསྒྲགས་པའི་ཚིག་གི་ངོ་གདོང་དེ་འདྲ་ཞིག་ལ་བལྟས་ནས་བློ་ཚིམ་པ་ནི་ངོ་མ་མགོ་འཁོར་བར་བདག་འདོད། ཁོ་བོས་ནི་རྒྱ་ནག་གི་རྒུད་པར་མི་དགའ་བའི་རྒྱལ་ཁབ་གཅིག་ཀྱང་མེད་པར་བཤད་ཡོད་ལ། རྒྱལ་ཁབ་སུ་གཅིག་གིས་ཀྱང་ཚིག་འདིའི་སྟོང་གི་ཆ་ཙམ་ཡང་ཕྱིར་མངོན་དུ་མི་འཇུག་ཡང་ཞུས་ཡོད། དེས་ན་རྒྱ་གར་བས་རྒྱ་ནག་གི་དར་རྒྱས་ལ་སྨོན་ལམ་བཏབ་འདུག་པས་རྒྱ་གར་བ་ནི་རྒྱ་ནག་གི་རྒུད་པར་མི་དགའ་བར་ཐག་གཅོད་པ་ནི་ངོ་མ་ཁྱེད་ཀྱི་ཐུགས་ལ་མཁྱོག་སྐྱོན་ཡེ་ནས་མེད་པས་ཡིན།
གལ་སྲིད་རང་བཙན་དོན་གཉེར་བ་ཤོག་ཐོག་གི་སྟག་རྒོད་དུ་བཏག་ན་དབུ་མའི་ལམ་པ་བ་ཚོ་ལ་མིང་ཅི་འདོགས། དྲང་སྲོང་ཞིག་གི་གནས་བཟུང་ནས་དགོངས་པ་ཞིག་བཞེས་དགོས།
༢༽ ཉེན་ཁ་དེ་ཚོ་དང་དེ་དག་ལས་སྐྱོབ་དགོས་པ་ཙམ་ཁོ་བོས་ཀྱང་ཤེས་ཐུབ་ཀྱི་འདུག་མོད། “ཐབས་ཟད་དུས་ཐབས་ཟད་ཀྱི་གདམ་ག་འདི་ངེས་པར་འདེམས་དགོས་སོ། །”ཞེས་མར་ནས་མར་སྙེག་པ་འདི་ལ་ངོ་མ་བློ་མ་བདེ། འདི་ལ་‘རང་བཙན་ཡོང་སྟངས་མེད’་པའི་རྒྱུ་མཚན་གང་ཡོད། མ་གཞི་མི་གཅིག་གི་དགོངས་ཚུལ་ཡིན་པས་ཁྱེད་ཀྱིས་ངོས་བཞེས་མཛད་མདོག་མི་ཁ་ཡང་། དབུ་མའི་ལམ་པ་བའི་དཔུང་གི་དམག་དཔོན་ཞིག་གི་གོ་ས་ཡོད་པ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་དབུ་མའི་ལམ་ནི་རྒྱ་ནག་གི་དཔོན་རིགས་རྣམས་ཇི་སྲིད་ཡིད་ཆས་ལྡན་པའི་མི་བུ་ཤ་སྟག་ཏུ་མ་འགྱུར་བ་དེ་སྲིད་བར་དུ་སྒུག་འདུག་དགོས་ཞེས་དངོས་སུ་གསུང་བྱུང་། མི་གཞི་ཞིག་གི་གཤིས་ཀ་འགྱུར་བ་ལ་དུས་ཡུན་གང་ཙམ་འགོར་སྲིད། འདི་ལ་བལྟས་ན་ནི་དབུ་མའི་ལམ་འདི་མགྱོགས་ལམ་ཞིག་མིན་པར་འགྱངས་ལམ་ཞིག་མིན་ནམ་སྙམ། འགྱངས་ལམ་གྱིས་མྱུར་སྐྱོབ་བྱེད་མི་ཐུབ་པ་ཁྱེད་ལ་ཞུ་ག་ལ་དགོས།
༣༽ ང་ཚོར་དགོས་པའམ་ཡང་ན་ང་ཚོས་རེ་སྒུག་བྱས་པའི་རོགས་པ་ནི་ང་ཚོས་འདིར་རྐུན་ཁྱི་བཞིན་ཟུག་ཙམ་ཟུག་བྱས་པ་ན་རྒྱལ་ཚོགས་ཀྱིས་སྤྱང་ཀི་ངར་ལངས་ནས་རྒྱ་ནག་ཡུལ་དེ་ལུག་ཁྱུ་བརྙོགས་པ་བཞིན་ཡར་དེར་ཡར་དེད། མར་དེད་མར་དེད་ནས་ང་ཚོར་དགོས་པ་དེ་ལག་ཏུ་སྤྲོད་ཡོང་བ་དེ་ནམ་ཡང་མིན། འདིར་ང་དང་ཁོ་ཅག་འགའ་རེའི་བར་ལ་ཁྱད་པར་ཡོད་པ་འདྲ། ཇི་ལྟར་ཞོགས་དུང་གིས་གསུང་བ་བཞིན་ང་ཚོས་“སྔ་དྲོ་གྱོད་པའི་གྱོད་ཡིན། ། ཕྱི་དྲོ་གཟུ་བའི་གྱོད་ཡིན། །”་ཞེས་པར་མི་འགྱུར་བ་ཞིག་བྱེད་དགོས། ང་ཚོས་ངེས་པར་དུ་གྱོད་དོན་བཟོ་དགོས་ལ། གྱོད་དོན་བཟོས་ན་དེ་ལ་བདེན་རྒྱབ་བྱེད་པའི་རྒྱལ་ཚོགས་ཤིག་ངེས་པར་དུ་ཡོད། དབུ་མའི་ལམ་འདི་ནི་ཕ་རོལ་བོར་གནོད་པ་ཏིལ་ཙམ་མི་ཕོགས་པར་རང་ཉིད་ཀྱི་མཇུག་མ་སྒྱིད་ཁུག་ལ་དྲངས་ཏེ་ཉམས་ཐག་དང་ཉག་ཕྲ་བའི་སར་བསྡད་ཅིང་འཛམ་གླིང་མི་མང་ལས་སྙིང་རྗེའི་བསམ་པ་བསླངས་ནས་ཐག་གཅོད་ཡོང་རེ་ལ་དམིགས་པ་ལྟ་བུར་མཐོང་། ང་ཚོ་ལ་བདེན་པའི་སྟོབས་ཤུགས་ཤིག་ཡོད་པས་འདི་ཙམ་གཉའ་ཆག་ནས་བློས་གཏོང་དང་དམའ་སྙེག་བྱེད་མི་དགོས་པའི་ངང་ནས་གྱོད་དོན་ཞིག་བཟོ་རྒྱུ་ཡོད་པར་སྣང་། ཉེ་ཆར་གྱི་དོན་རྐྱེན་འདི་དག་གི་(བློ་བརྟན་ལགས་ཀྱི་བཀའ་དྲིན)་རྐྱེན་བྱས་ནས་ཇི་ལྟར་རང་རེས་གྱོད་དོན་བཟོ་དགོས་པའི་སྐོར་ལ་ཁོ་བོས་ད་ལྟ་བསམ་གཞིགས་རེ་ཡོང་བཞིན་པའི་སྒང་ཡིན་པས་མི་རིང་བར་རེ་ཟུང་ལ་ཕན་ན་དྲ་ཐོག་ཏུ་འགོད་རྒྱུ་འབྱུང་།
༤༽ འདི་ནི་མཐུན་ཕྱོགས་ལ་མཐོང་བ་ཙམ་ལས་ཁྱབ་པ་མེད་པའི་རྟགས་ཤིག་ཡིན་པར་གོང་དུ་སོང་ཟིན་པས་སྐྱར་དུ་བཤད་མི་དགོས་ལ་དབུ་མའི་ལམ་འདི་འདེམས་དགོས་པའི་རྒྱུ་མཚན་རྟོགས་ལོས་ཐུབ། དབུ་མའི་ལ་པ་བས་ལམ་འདི་ཐབས་ཟད་ནས་བདམ་པ་ལས་དེ་དག་རྒྱ་ལ་དགའ་བ་སོགས་སུ་བཤད་མཁན་གྱི་གྲས་བདག་མེད། སྤྱིར་ན་དབུ་མའི་ལམ་པ་བའི་ནང་དུ་རང་བཙན་ལ་མ་དགའ་ཡོད་པར་བདག་ཡང་ཡང་འདོད་པ་ནི་ལོག་རྟོགས་ཡིན་སྲིད། འོན་ཀྱང་ཁྱེད་ལ་ནི་སྐྱོན་འདི་དག་ཡོད་པའི་ཐེ་ཚོམས་མེད་པས་འདི་ལྟར་ནན་མོ་གསུང་མི་དགོས།
༦༽ ཁོ་བོས་གཟབ་གཟབ་བྱེད་ས་ཆུང་ཙག་རེ་གཉིས་ཡོད་པ་ལས་གཅིག་ནི་དབུ་མའི་ལམ་པ་བ་ཞེས་པའི་རྗེས་སུ་‘རེ་ཟུང’་ངམ་‘འགའ་རེ’་ཞེས་པའི་ཚིག་འདི་ཚོ་ངེས་པར་དུ་སྣོན་ཐུབ་པའི་འབད་བརྩོན་བྱེད་ཀྱིན་ཡོད། དེས་ན་དབུ་མའི་ལམ་པ་བ་ཚོ་རྒྱ་མིའི་གཅེས་ཕྲུག་ཟེར་བ་ལྟ་བུའི་ཚིག་དང་དོན་ནི་ཕལ་ཆེར་ཐོན་མེད་ངེས་སྙམ། གལ་སྲིད་ཡོད་ན་འགྱོད་བཤགས་བྱ་ངེས་ཡིན། བློ་བརྟན་གྱིས་ཀྱང་རང་བཙན་དང་དེ་སྒྲོག་མཁན་ཚོ་ཞེས་དབྱུག་པ་ལེབ་རྡུང་བྱས་ཡོད་པ་བདག་གི་སྣང་བར་མ་སོང་བ་ལས་དེའི་མཇུག་ཏུ་‘རེ་ཟུང’་ཞེས་འཁོད་ཡོད་ན་ངས་ལྐུགས་རྟགས་འདི་རིགས་སྟོན་པའི་གཞི་ཡང་མེད། མ་གཞི་བཙོང་ཞེས་པའི་ཚིག་གི་གོ་དོན་ཁྱེད་ཀྱིས་གང་དུ་ཁྲིད་ཡོད་པ་དེ་ལ་ཡང་རག་ལས་མོད་“དབུ་མའི་ལམ་ལ་བབས་ནས་བོད་བཙོང་གི་ཡོད་པ”་མ་རེད་ཟེར་དཀའ་བར་སྣང་། གང་ལགས་ཤེ་ན་དེ་ནི་བདེན་དོན་ཞིག་ཏུ་སྣང་། ང་ལྟ་བུ་འདིའི་ནང་མི་གཏོགས་ཞེས་དཀར་སར་ཡང་མི་འགྲོ། འོན་ཀྱང་འདིར་བཙོང་ཞེས་པའི་ཐ་སྙད་འདི་ཐོས་པ་དང་སྤྱི་ཡི་བ་ཞིག་ཕར་སྤྲད་ནས་དེའི་རིན་པ་སྒེར་བ་ཞིག་ལ་གང་ཞིག་རག་པ་དེ་འདྲ་ཞིག་ལ་འགའ་རེས་གོ་ཡི་འདུག་པ་དེ་འདྲ་ནི་ཁོ་བོས་ཞུ་ཡི་མེད། དེའི་འཕྲོའི་ཚིག་རྣམས་ལ་ཁོ་བོ་ཡི་རང་ཡོད།
༧༽ འདི་ན་འོ་ཅག་གཉིས་ལ་མི་མཐུན་པ་ཨེན་ཙམ་འདུག བབས་ས་གཙོ་བོ་ནི་འདི་དག་‘དུས་ཀྱི་དགོས་མཁོ་དང་ཁ་ཚ་དགོས་གཏུགས་ཤིག་གཏན་ནས’་ཡིན་མིན་ལ་ཐུག་འདུག ཁྱེད་ཀྱིས་སླར་བསྡུ་དང་བཅས་ཏེ་སྡོམ་ཚིག་བརྒྱབ་ཀྱང་དེའི་གཞི་འདེགས་པའི་རྨང་གཞི་ཞིག་ཁྱེད་ལ་ཅང་ཡོད་དམ་སྙམ། དུས་ཀྱི་དགོས་མཁོ་ཡིན་མིན་ནི་དུས་ཡོལ་བའི་རྗེས་སུ་ལོ་རྒྱུས་ལ་ཕྱི་མིག་བལྟ་བ་ཞེས་པའི་སྐབས་སུ་གཞི་ནས་ཤེས་རྒྱུ་ཞིག་ཡིན་པ་ལས་ད་ལྟ་ནས་ཁ་ཚོན་གཅོད་པ་ནི་མ་འོངས་སྔོན་བསུས་ཀྱི་འགྲོས་སུ་འཁུམས། འདྲེ་དང་བདུད་ཀྱི་སྐོར་ལ་གསུང་མཁན་ནི་དབུ་མའི་ལམ་པ་བའི་ནང་དུ་མང་བར་ཡོད་ཚོད་ལས་རང་བཙན་པའི་ནང་དུ་ལྟོས་འཇོག་གིས་ཉུང་བར་སྙམ།
༨༽ “་་་་དབུ་མའི་ལམ་ལས་གཞན་དུ་མེད་པ་ནི་གསལ་བོ་རེད་དོ།” ཞེས་འདི་འདྲ་བ་ལན་བཞི་ཙམ་གསུང་འདུག་ཀྱང་ཁྱེད་ཀྱི་ཐུགས་ལ་གསལ་ལྷང་ངེར་ཡོད་པ་ལྟར་ངེད་ཅག་གི་སེམས་སུ་ཅང་འཆར་རྒྱུ་མི་འདུག་པས་རྒྱུ་མཚན་རེ་ཡང་ལྷན་དུ་སྦྱར་ཡོད་ན་བཟང་གི་རྔ་མར་རྒྱན་དུ་གྱུར་ཡོད་ངེས།
ཁོ་བོས་མཐའ་གཅིག་ཏུ་རང་བཙན་ཁོ་ན་ཁ་ནས་འཁྱེར་དགོས་པའི་ཨུ་ཚུགས་ནམ་ཡང་བྱས་མེད། རང་བཙན་ལས་གཞན་པའི་གནས་བབས་ག་འདྲ་ཞིག་ཡིན་རུང་བོད་རྒྱའི་དཀའ་རྙོག་སེལ་བའི་ཐབས་ལམ་ཞིག་ཡིན་ན་མི་འགྲིག་པ་ཅི་ཡོད། ཡུ་ཀེ་ཡི་འོག་གི་སིཀོཊ་ལནཌ་ཡི་གནས་བབས་འདྲ་ཞིག་རག་ན་མི་འགྲིག་པ་མི་འདུག་སྙམ། རྒྱ་ནག་གི་དཔོན་རིགས་དང་། ཆབ་སྲིད་ལམ་ལུགས། རྩ་ཁྲིམས་བཅས་ལ་འགྱུར་བ་ཐེབས་ནས་དབུ་མའི་ལམ་འདིའི་དགོས་མཁོ་མཐའ་དག་འགྲུབ་པའི་ཁོར་ཡུག་བཟང་པོ་ཞིག་ཡོངས་སུ་ཚང་ན་ཁོ་བོས་ཀྱང་དབུ་མའི་ལམ་འདི་ཡང་དག་པར་མི་མཐོང་བ་ཡེ་ནས་མིན། དེ་མིན་དབུ་མའི་ལམ་འདི་ཆུ་མ་མཐོང་གོང་ལ་ལྷམ་ས་ལ་གཡུག་པ་ལྟར་མཐོང་གི་ཡོད་པ་སྔར་ནས་བཤད་པ་དེ་རེད། ད་ལྟའི་གནས་སྐབས་སུ་དབུ་མའི་ལམ་འདི་རང་བཙན་ལས་རག་མ་དཀའ་ན་ཡང་མི་སླ་བ་དང་། རག་ཀྱང་བོད་རྒྱའི་དཀའ་རྙོག་སེལ་ཐུབ་ས་མ་རེད། དེས་ན་ད་ལྟ་བོད་གཞུང་གིས་རང་བཙན་གྱི་བལྟ་བ་བཟུང་ན་ཕྱོགས་མང་པོ་ནས་དགེ་མཚན་ཆེ་འདུག་བསམ་པ་དེ་ཡིན། ཡུ་རོབ་སྤྱི་མཐུན་ལྟ་བུ་ཞིག་འོང་རྒྱུ་ཡོད་ན་དེ་ལ་མི་འདོད་པ་གང་ཡང་མེད། རང་ལ་རང་དབང་ཆ་ཚང་བ་ཞིང་དང་མི་རིགས་ཀྱི་དཀའ་ངལ་མི་འབྱུང་བའི་གདེངས་མཐོ་བོ་ཞིག་ཡོད་ན་རང་བཙན་ཞེས་པའི་མིང་འདི་ཡོད་མེད་ལ་དེ་ཙམ་གལ་ཆེན་པོ་ཞིག་མིན་པ་ཁོ་བོས་ཀྱང་འདོད།
༩༽ སྐབས་འདིར་ཁོ་བོ་རྩོད་ཡ་བའི་ཁ་ནས་འདོན་རྒྱུ་མང་དྲགས་ནས་ཁྱེད་ཀྱི་གསུང་ཡང་ཅུང་ཐལ་ཆར་འགྲོ་གྲབས་བྱས་པ་འམ་ཡང་ན་ཀུན་སློང་ཅུང་ཟད་འཁྱུག་གྲབས་བྱས་པ་འདྲ། དེ་མིན། གང་ལ་གང་འདུལ་དེ་ལ་དེ་སྟོན་པ། ཞེས་པ་འདི་ཡང་སྐྱག་ལས་ཤིག་ཏུ་བསྒྲུབ་འདོད་ཡོད་པ་ལྟར་གྱུར་འདུག་པ་དང་། ཁྱེད་ཀྱིས་རང་ཅག་བོད་ཀྱི་རྩ་དོན་ལ་ཡང་དགོས་པ་དང་དགག་བྱར་དགོངས་པ་མི་བཞེས་པའི་རྒྱུ་མཚན་མ་གསུང་ན་ཁྱེད་ལ་དོན་མེད་གོ་ལོག་འཛིན་མཁན་འབྱུང་སྲིད་པར་སྙམ། “སྤྱིར་བཏང་ངེད་ནས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དབུ་མའི་ལམ་པ་མང་དག་ཅིག་གཅོ་བོར་གྱུར་བའི་དབུ་མའི་ལམ་པ་བ་ཚོའང་དབུ་མའི་ལམ་སྒྲོག་མཁན་དང་འཁྲབ་མཁན་ལས་རྩོད་མཁན་ལ་གཏན་ནས་ངོས་འཛིན་གི་མེད།”་ཅེས་པ་འདི་འདྲ་ནི་ངས་ཀྱང་བཤད་མྱོང་མེད་པར་ཁྱེད་ཀྱིས་གསུང་སྟངས་འདིར་བལྟས་ན་འདིར་ཁྱེད་ཀྱི་ཐུགས་ལ་ཡང་ཚོར་བ་ཞིག་ཡོད་པར་སྣང་། འདིར་མགོ་མཚུངས་ཀྱི་རིག་པ་ཞིག་ཀྱང་བཞེས་རོགས། དེ་ནི་ནད་པའི་སྐད་ཆ་ཁྱེར་ནས་དབུ་མའི་ལམ་པ་བ་ལ་ཉེས་འཛུགས་བྱ་མི་འོས་པ་བཞིན་འཇམ་ནོར་གྱིས་ཚིག་ངན་རེ་ཟུང་ཐལ་བ་ཁྱེར་ནས་རང་བཙན་དོན་གཉེར་པ་ལ་ཉེས་འཛུགས་བྱ་བ་ཡང་མི་འོས་པ་གཅིག་མཚུངས་ཡིན་རྒྱུ་རེད་ལགས།
༡༠༽ སྐབས་འདིར། འཁོར་བས་བལྟས་ན་མི་ལ་འཁྲུལ། །མི་ལས་བལྟས་ན་འཁོར་བ་འཁྲུལ། ། ཞེས་པ་དེ་དྲན་སོས་པར་གྱུར་། ཡང་མིན་ན་ཁྱེད་ཀྱིས་ཐུགས་བསམ་བསྐྱར་དུ་བཞེས་དགོས་པ་འདུག ཡང་མིན་ན་ང་འཁྲུལ་འདུག ཁོ་བོས་དབུ་མའི་ལམ་འདི་བོད་རྒྱའི་དཀའ་རྙོག་སེལ་བའི་དམིགས་ཡུལ་ཡིན་པར་བཤད་པའི་རྒྱུ་མཚན་ནིཿ ༡། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་རིགས་ཡོངས་རྫོགས་འཛིན་སྐྱོང་གཅིག་གི་འོག་ཏུ་བསྡུ་རྒྱུ་དེ་དབུ་མའི་ལམ་གྱི་དེ་ལས་འདའ་མི་རུང་བའི་མཚམས་ཤིག་ཡིན་པར་གསུང་གིན་ཡོད་པ་དང་གཅིག ༢། <<བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་།>> གྱི་ནང་ “ང་ཚོར་སྦས་པའི་ལས་འཆར་གང་ཡང་མེད། མིང་དོན་མཚུངས་བའི་རང་སྐྱོང་བྱེད་འགྲིག་ཆགས་ག་འདྲ་ཞིག་བྱུང་ནའང་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནས་ཁ་བྲལ་བྱེད་རྒྱུའི་ཐེམ་སྐས་ལ་བེད་སྤྱོད་གཏོང་རྒྱུའི་དམིགས་ཡུལ་གཏན་ནས་མེད།” ཅེས་གསུང་བ་དང་གཉིས། ༣། དབུ་མའི་ལམ་འདི་འདོན་མཁན་༧གོང་ས་མཆོག་ཡིན་པ་དང་གསུམ་བཅས་ཡིན། གལ་སྲིད་ང་ནོར་ཡོད་ན་༧གོང་ས་མཆོག་ཁ་ཞེ་མི་མཚུངས་བ་འདྲ་བ། རྒྱས་བཤད་པ་ལྟར་ང་ཚོས་རྣམ་པ་འགྱུར་བའི་རང་བཙན་རྩོད་ཀྱིན་པ་འདྲ་བ། སོགས་དོག་མི་བདེ་བའི་རྣམ་རྟོག་མང་པོ་ཤར་ཡོང་།
ལར་ནས་མཐར་ཐུག་གི་དམིགས་ཡུལ་ཟེར་བ་འུ་ཅག་གཉིས་གོ་བ་ཅུང་ཟད་ལོགས་སུ་སོང་འདུག ང་དང་མང་པོ་ཞིག་གིས་བཤད་པའི་མཐའ་མའི་དམིགས་ཡུལ་ཟེར་བ་ནི་བོད་ཀྱི་ཆབ་སྲིད་ཀྱི་མཐའ་མའི་དམིགས་ཡུལ་ལ་བཤད་ཀྱི་ཡོད་ཅིང་། ཁྱེད་ཀྱིས་ནི་དེ་ལས་ཡོངས་སུ་བརྒལ་ཏེ། ཆོས་པ་རྣམ་དག་ཅིག་གི་ཁྱད་ཆོས་བསྟན་ནས་འཇིག་རྟེན་བདེ་ཐབས་སམ་བོད་རྒྱ་གཉིས་ཀྱི་བདེ་སྐྱིད་ལྟ་བུ་ཞིག་ལ་དམིགས་འདུག བོད་རྒྱའི་བདེ་སྐྱིད་དང་འཇིག་རྟེན་སྤྱི་ཡོངས་བདེ་བའི་ལམ་ལ་མ་སླེབས་པའི་སྔོན་དུ་བོད་ལ་རང་སྐྱོང་དང་རང་བཙན་གང་རུང་ཞིག་མི་དགོས་སམ། དེ་བར་དུ་བོད་དོན་ལ་ཐུགས་གཞིགས་མི་མཛད་གསུང་རྒྱུ་ཡིན་ནམ།
“དབུ་མའི་ལམ་ནི་མར་ཇི་འདྲ་བབ་ནའང་དབུས་མ་བཞི་བོ་གང་ཡང་འདོར་མི་སྲིད་ལ། མཐའ་བརྒྱད་པོ་གང་དུའང་ཟགས་མི་སྲིད་དོ།” ཞེས་ཁ་ཕོ་བྱས་པ་ཙམ་ལས་ངེད་ཅག་ལས་ངན་རྣམས་ཀྱི་རྣམ་རྟོགས་ལ་གནོད་པའི་གཏན་ཚིག་རྣོན་པོ་རེ་ནི་མཇལ་མ་བྱུང་། མ་ཟད་‘བོད་རིགས་ཡོངས་རྗོགས་འཛིན་སྐྱོང་གཅིག་གི་འོག་ཏུ་འཇུག་པ’་ཞེས་པ་འདི་སྔར་‘ཕྱི་སྲིད་དང་རྒྱལ་སྲུང་རྒྱ་ནག་གིས་བྱེད་པ་ལས་དེ་མིན་གྱི་གནད་དོན་ཚང་མ་བོད་རང་གིས་བྱེད་པ’་ཞེས་པ་ལས་མར་བབས་པའི་ད་ལྟའི་སླེབས་ས་དེ་རེད། འདི་རང་སྐྱོང་གི་ངོ་བོའི་ཆ་ནས་ད་ལྟའི་རྒྱས་དབང་སྒྱུར་བྱེད་སྟངས་ཀྱི་མཐའ་ལས་ཅུང་ཟད་ཚུར་འོང་བ་ཙམ་ནི་ཡིན་པ་ལས་དབུས་མ་ཞིག་ཏུ་ཡེ་ནས་སླེབས་མེད། མཐའ་ཕར་ཕྱོགས་དང་ཚུར་ཕྱོགས་གཉིས་ཀྱི་བར་ཐག་གཅིག་པ་ཡིན་པའི་དཀྱིལ་གྱི་ཐིག་ལེ་དེ་ལ་གཞི་ནས་དབུས་མ་ཞེས་པའི་ཐ་སྙད་འཐོབ་རྒྱུ་རེད། སྔར་ན་མ་གནས་པའི་གནས་ཐམས་ཅད་དམ་མཐའ་ལ་མེད་པའི་གནས་ཐམས་ཅད་ལ་དབུས་མ་ཞེས་གསུང་རྒྱུ་ནི་ཡིན་གྱི་མ་རེད། འདིར་ད་དུང་ཞིབ་པར་ཞུ་རྒྱུ་མང་དུ་འདུག་མོད་ཉོག་པའི་རྒྱུ་ལས་ཅང་ཡོད་དམ་སྙམ་ནས་བསྐུམས་སོ།
ཞོགས་དུང་དབུ་མའི་ལམ་པ་ཡིན་པར་བསྒྲགས་པའི་གླེང་ལོག་བྱས་མིན་གྱི་སྐོར་ལ། སྤྱིར་ཁྱེད་ཀྱིས་ཁོ་བོར་བསྟོད་སྔགས་འདྲ་གནང་གི་འདུག་པ་ནི་བཀའ་དྲིན་ཆེ་ཞུ་རྒྱུ་ལས་དོན་ལ་མི་གནས་མེད་ཅེས་ཞུ་རྒྱུ་དང་། སྔགས་འོས་པ་ངོ་མ་ནི་སྐབས་འདིར་ཁྱེད་ཀྱི་རིག་པ་མྱུར་མོ་དེ་འམ་སྤྱན་གྲུང་མོ་དེ་ཡིན། གློག་ཀླད་ཀྱི་ནང་དུ་གོང་ནས་བཤུས་ཏེ་འོག་ལ་སྦྱོར་བའི་ལས་མང་དྲགས་སྟབས་འགབ་ཞིག་ན་‘དབུ་མའི་ལམ་པ་བར་བགྲངས་ནི’་ཞེས་པ་དེ་ལྟར་དུ་ལུས་ཡོད་འདུག དེའི་བདེན་ཁ་དེ་ཁྱེད་ལ་དགའ་བཞིན་སྦྱིན་རྒྱུ་ཡིན། མ་གཞི་ཁྱེད་ཀྱིས་‘ཁོང་དག་དབུ་མའི་ལམ་པ་བ་ཡིན’་པ་དང་། ཁོང་དག་‘གི་དགོངས་བཞེད་ཀྱི་མཐའ་མཇུག་གི་བབས་ས་དབུ་མའི་ལམ་ཡིན་པ’་གཉིས་ལ་ཁྱད་པར་ཆེན་པོ་ཞིག་ཡོད་པར་གསུང་བ་ལས་ཁོ་བོས་ནི་དེ་ཙམ་མི་མཐོང་བས་ནི་ཁྱེད་ལ་ཕོགས་པ་ནི་དེ་རང་ཡིན། གཙོ་བོ་རང་གཉིས་ཀྱིས་ཚིག་དེ་བེད་སྤྱོད་བྱས་ཡོད་མེད་ལ་བརྩད་པ་ཙམ་རེད།
ཁྱེད་ཀྱིས་གསུང་པའི་ཁྱད་པར་དེའི་སྐོར་ལ་ཁོང་དག་‘གི་དགོངས་བཞེད་ཀྱི་མཐའ་མཇུག་གི་བབས་ས་ནི་དབུ་མའི་ལམ་ཡིན’་གསུང་བ་དེ་སྤྱིའི་ཆ་ནས་འདི་འདྲ་ཞིག་ལས་འགྲོ་ས་མེད་པ་གསུངས་པ་ཡིན་ནམ་ཁོང་དག་གི་ཐུགས་ལ་ཡང་དེ་ལྟར་ཡོད་པར་གསུང་པ་ཡིན། སྔ་མ་ལྟར་ན་ཁྱེད་ཀྱི་གསུང་ལ་ལྗིད་ཁོག་གང་ཡང་མེད་པར་འགྱུར་ཏེ། དེ་ལྟར་ན་རང་བཙན་དོན་གཉེར་བ་ཚོ་ཡང་མཐའ་མཇུག་གི་བབས་ས་དེ་དབུ་མའི་ལམ་ལ་འབབ་རྒྱུ་ལས་གཞན་མེད་ཅེས་ཁྱེད་ཀྱིས་ཟེར་ཆོག་པས་ཞོགས་དུང་སོགས་ལོགས་སུ་བགར་བའི་དགོས་པ་ཅང་མི་འདུག ཕྱི་མ་ལྟར་ན་གཤམ་དུ་“་་མ་གཞི་ནས་ཞོགས་དུང་གིས་ཅི་ཞིག་འདོད་ཀྱི་ཡོད་མེད་བཤད་ཁེགས་པོ་རེད་་་”་ཞེས་པ་དང་ཅུང་ཟད་འགལ་འདུག་བསམ།
དེའི་འཕྲོར་ཁྱེད་ཀྱིས་“མདའ་སྟོང་ཐལ་ཡིན”་གསུང་པའི་དུམ་ཚན་དེའི་སྐོར་ལ་“རང་བཙན་དགོས་སྐོར་གྱི་ཐ་སྙད་ཡིག་རྡོག་ཙམ་ཡང་ཐོན་མེད་པས་ན། དེ་དག་གི་མཐའ་མཇུག་གི་འབབ་ས་རང་བཙན་ཡིན་པར་སྨྲ་མི་ཐུབ་ལ།་་་”་ཞེས་པ་འདི་ཁྱེད་ཀྱི་ཚིག་རེད། འདིར་‘འདོད’་ཅེས་པའི་ཚིག་འདི་ཁྱེད་ཀྱི་ཐུགས་གཟན་མོ་ཞིག་བྱུང་ཡོད་འདུག་མོད་མཐར་དོན་འབབ་ས་དེ་འདྲ་ཞིག་ལ་ལྷུང་རྒྱུ་རང་རེད། རང་བཙན་‘འདོད་ཀྱང་མི་དགོས’་པའི་ཞིབ་ཆ་འཇོག་འདོད་པ་ཡིན་ནམ། དབུ་མའི་ལམ་པ་བ་རྣལ་མ་ཞིག་ཡིན་ན་‘རང་བཙན་མི་དགོས’་ཞེས་པའི་ཚིག་འདི་སྔ་ཕྱི་མ་གཏོགས་ངག་ནས་འདོན་རྒྱུ་མ་གཏོགས་འགྲོ་ས་མེད། “སྤྱིར་དགོས་ཀྱང་ད་མི་དགོས”་ཞེས་པ་ནི་བྱིས་པའི་སྐད་ཆའི་རྗེས་སུ་སོང་བ་རེད། རང་བཙན་མི་རྩོད་གསུང་ཚར་རྗེས་ལ་མི་ཞིག་གིས་“ཁྱོད་ཀྱིས་རང་བཙན་དགོས་ཟེར་བ་ཡིན་ནམ”་ཞེས་དྲིས་ན་“མིན།”་ཟེར་རྒྱུ་ལས་ལན་གང་ཡོད། རིགས་འདེད་འདི་དག་གི་དབང་གིས་ཁོ་བོས་དབུ་མའི་ལམ་པ་བ་རྣམས་རང་བཙན་མི་འདོད་པའི་ཚིག་འོག་ཏུ་བཞག་པ་ལ་སྐྱོན་ཆེན་ཞིག་འབབ་དོན་མེད་སྙམ། དབུ་མའི་ལམ་པ་བ་ཚོས་དེ་ལྟར་སྨྲ་བའི་སྤོབས་པ་ཡོད་དགོས་པར་སྣང་། བོད་སྐད་དུ་‘འདོད་པ’་དང་‘དགོས་པ’་གཉིས་ཧ་ལམ་དོན་གཅིག་མིང་གི་རྣམ་གྲངས་རེད།
ཁྱེད་ཀྱིས་“མཐའ་མཇུག་གི་འབབ་ས”་ཞེས་པའི་ཚིག་འདི་ཚོ་ལ་སྐྱབས་ཤིག་བཅོལ་བར་སྣང་མོད། ‘འབབ་ས་ཞེས་པའི་ཚིག་དེ་ཚོ་གཞི་ལ་སྦྱོར’་གསུང་ན་‘རང་བཙན་མི་དགོས་པ’་ཞེས་པ་ལས་འགྲོ་ས་ཞིག་གང་དུ་ཡོད། དེས་ན་དེ་ཚོ་ནི་ཧ་ཡང་ཚ་བོར་ལག་མ་ཐེབས་པར་རས་ཀྱིས་བལྗིབས་པ་ལྟ་བུར་སྣང་།
ཉི་ཟླ་གཉིས་ཀ་མཉམ་དུ་ཤར་བ་དེས་གཞན་གྱི་བློ་མུན་ལས་རང་རང་གི་ཚིག་གི་འགལ་འདུ་རྣམས་གསལ་བའི་འོད་ཟེར་ཅིག་ཏུ་མཐོང་། ཁ་རྒྱགས་པ་ནི་ཁྱེད་ཀྱི་ཡོན་ཏན་ཞིག་ཀྱང་ཡིན་པས་ང་སྣང་བ་རྣམ་རྟོག་ཡེ་ནས་མེད། ཁྱེད་ཀྱིས་དེ་ལྟར་གསུང་གི་འདུག་མི་དགོས།
དེ་དག་ནི་ཁྱེད་ལ་ཕུལ་བའི་སྨན་རིན་དེ་ཡིན། ད་ལན་ཁོ་བོ་ལས་བྲེལ་ཆེ་སྟབས་ལན་འདི་རྒྱུན་ལྡན་གྱི་བསམ་ཚུལ་རྣམས་བྲིས་པ་ཙམ་ལས་ཁུངས་ལུང་འདྲེན་པ་སོགས་མ་བྱུང་བས་ཅུང་སླ་ཆོས་སུ་སོང་བར་བདག་ཅུང་ཟད་འགྱོད། འོན་ཀྱང་གོ་བའི་བུ་ལ་བརྡ་ཙམ་ཞེས་པའི་དཔེ་ལྟར་མང་པོ་མང་པོ་ཞུ་མི་དགོས་ལ་མང་པོ་ཞུས་ན་ཁྱེད་ཀྱི་ཐུགས་ཀྱང་སུན་གྱིན་པའི་སྣང་བ་ཡང་བདག་གིས་ཚོར་ཐུབ་ཀྱིན་འདུག་པས་དེ་ཙམ་གྱིས་འཐུས་པར་བྱས་སོ།

No comments:

བཀླགས་མང་ཤོས།

ཟིན་བྲིས་བཀླགས་གྲངས་ཁྱོན་སྡོམ།

དཔར་རིས་འགྲེམ་སྟོན།

དཔར་རིས་འགྲེམ་སྟོན།
ངའི་བུ་མོ་སློབ་གྲའི་རྩེད་མོའི་ཉིན་མོ་ཨང་གཉིས་པ་ཐོབ།

ང་རང་གི་སྐོར།

My photo
I am a Tibetan, and a teacher. I have a dream that we have a unified Tibetan language. I see there is a way for this. རེ་བ་འདི་འགྲུབ་མི་སྲིད་པ་ཞིག་མིན་ལ། འདིའི་ལམ་སྣེ་གུས་པའི་ལག་ཏུ་ཡོད། དེ་ནི་ཁོ་བོས་བྲིས་པའི་(སྒྲ་སྒྲུབ་རིག་པ)ཡི་ནང་དུ་གསལ་ཡོད།