2010/11/05

ནུབ་ཕྱོགས་རིང་ལུགས་ལ་རྒོལ་བའི་དེ་གཅེས་སྐྱོང་བ།

རང་ཅག་རྒན་པ་རྣམས་ལ་ཤེས་བྱ་ཡོད་མེད་ལ་མ་ལྟོས་པར་གནས་ཐམས་ཅད་དུ་འདི་ལེགས་པ་དང་འདི་སྡུག་པའི་ཁ་ཚོན་གཅོད་པའི་གོམས་གཤིས་གྱོང་པོ་ཞིག་ཡོད། དོན་དུ་དེ་ཚོ་ལ་རྒྱུ་མཚན་འདྲེན་རྒྱུ་མེད་པ་མིན་མོད། དེ་ནི་རང་ཅག་གི་འདས་པའི་མཉམ་མྱོང་ཙམ་ལ་གཞི་རྟེན་བྱས་ནས་བཤད་པ་ཡིན། འདས་པ་བསྐྱར་ལྡབ་མི་བྱེད་པ་རང་ཅག་ཀུན་གྱིས་ཤེས་པས་འབྱུང་འགྱུར་ནི་འདས་པ་འདྲ་ཞིག་ནམ་ཡང་མེད་འདི་དེ་དུས་དྲན་གྱི་མེད། རང་ཚོའི་ཉམས་མྱོང་དང་། བག་ཆགས་རྙིང་པས་འདུ་ཤེས་འཛིན་སྟངས་ལྟར་ན་དེང་རབས་སྤྱི་ཚོགས་ཀྱི་འཕེལ་རྒྱས་མང་ཆེ་བ་ལེགས་པའི་ཕྱོགས་སུ་མིན་པར་ཉེས་པའི་ཕྱོགས་སུ་ཁ་གཏད་ནས་འགྲོ་བཞིན་ཡོད། བསམ་ཚུལ་འདི་དུས་ཆེས་སྔ་མོ་ཞིག་ནས་ཡོང་གི་ཡོད་འདུག་སྟེ། རྙིག་མ་ལྔ་བདོའི་དུས་ཚོད་ཅེས་པའི་ཐ་སྙད་འདི་སྔོན་ནས་སྦྱར་འདུག གཅིག་ཐང་ན་བཤད་སྟངས་འདི་དངས་མ་ལྔ་བདོའི་དུས་ཚོད་ཅེས་སུ་བཅོས་དགོས་མིན་ཡང་སྐབས་རེ་ཤེས་དཀའ་ཙམ་དུ་སྣང་།
འོན་ཀྱང་འབྱུང་འགྱུར་ནི་སུས་ཀྱང་ཚོད་མི་ཐིག་ལ་ལྷག་པར་དུ་རང་ཅག་རྒན་པ་རྣམས་ཀྱིས་དེ་བས་ཚོད་མི་ཐིག ན་ཆུང་རྣམས་ཀྱི་མདུན་སྐྱོད་ཀྱི་ཁ་ཕྱོགས་ནི་ཁོང་ཚོའི་མ་འོངས་པའི་ཁ་ཕྱོགས་ཡིན་པས་ཁོང་ཚོའི་མ་འོངས་པ་ལ་དམིགས་བསལ་གྱིས་རྒྱུན་འབྲེལ་ནས་ཡོད་སྟབས་ཚོད་སྒམ་བྱེད་ན་ང་ཚོ་ལས་ཁོང་ཚོ་ཐིག་པ་ཡོད་སྲིད་པ་ལ་རིགས་པའི་དཔྱད་མི་བཟོད་པ་ཞིག་མིན། དེས་ན་དེངས་དུས་སྤྱི་ཚོགས་མདུན་སྐྱོད་ཀྱི་ཁ་ཕྱོགས་གང་ཡིན་ཡང་ལེགས་པའི་ཕྱོགས་དང་། དངོས་ཡོད་ལ་འབྲེལ་བ་ཡོད་པའི་ཕྱོགས་སུ་འགྲོ་བཞིན་ཡོད་པའི་སྲིད་པ་ཆེ་བ་འདུག གནད་དོན་འདི་ལ་གཞིགས་ན་སྤྱི་ཚོགས་འཕེལ་གྱི་ཁ་ཕྱོགས་སྡུག་པའི་ཕྱོགས་སུ་གཏད་ནས་འགྲོ་བཞིན་ཡོད་པའི་ཁ་ཚོན་གཅོད་དཀའ་མོར་སྣང་།
གང་ལྟར་ཀྱང་ད་རང་རེའི་སྤྱི་ཚོགས་ནང་དུ་ནུབ་ཕྱོགས་རིང་ལུགས་ལ་དམའ་འབེབས་དང་དགག་པ་ནན་གྱིས་བྱེད་ཅིང་། དེ་དང་ལྷན་དུ་རང་ཉིད་ཀྱིས་ནུབ་ཕྱོགས་རིང་ལུགས་དེ་ཤུགས་ཀྱིས་དང་དུ་ལེན་མཁན་ཧ་ཅང་མང་བར་སྣང་། ད་ལྟའི་ན་གཞོན་རྣམས་ཀྱིས་སྐྲ་དང་གྱོན་པ་ནུབ་ཕྱོགས་ཀྱི་ལད་མོ་བྱེད་པ་ཧ་ཅང་ཐ་ཤལ་ཞེས་རང་ཅག་འུར་མང་པོ་རྒྱག་ཀྱང་དེ་ནི་ཕྱི་ཚུལ་ཙམ་ཡིན། དེ་ལས་ཐུ་བ་རང་ཅག་གི་ནུབ་ཕྱོགས་པའི་སྔོན་ཐོན་དུ་རློམ་(སྔོན་ཐོན་ཡིན་ན་བཟང་བའི་ཁྱབ་བམ)་པའི་ནང་བསམ་བློའི་འདུ་ཤེས་འཛིན་སྟངས་མང་པོ་ཞིག་རང་ཅག་གིས་དེངས་རབས་ཅན་དུ་རློམ་ནས་ཉམས་སུ་ལེན་བཞིན་ཡོད། དེ་དག་གིས་སྤྱི་ཚོགས་འཕེལ་རྒྱས་སུ་སོང་ནས་དེངས་རབས་ཀྱི་སེམས་པ་རང་རྒྱུད་ལ་འབྱོར་ཡོད་པར་རློམ་པ་ཡིན་འདུག་ཅིང་དོན་དུ་ནུབ་ཕྱོགས་པའི་བསམ་བློའི་འཁྱེར་སོ་དང་། ནུབ་ཕྱོགས་པའི་ལུགས་སྲོལ། ནུབ་ཕྱོགས་པའི་ཀུན་སྤྱོད་ལ་ལད་མོ་བྱས་པ་རང་རེད་འདུག་སྙམ། གཤམ་དུ་དེ་དག་གི་དཔེར་མཚོན་འགའ་ཞིག་འབུལ་རྒྱུ་ཡིན། དེའི་རྒྱུ་མཚན་ནི་དེ་དག་བཟང་ངན་གང་ཡིན་རུང་དེ་དག་དག་གིས་ཉེས་པའི་ཕྱོགས་ཤིག་འཁྲིད་ཡོང་བ་དང་ལེགས་པའི་ཕྱོགས་ཤིག་ཟློག་གིན་ཡོད་པར་བདག་འདོད་ནས་དེ་ངོས་སྤྲོད་བྱེད་ཆེད་དུ་ཡིན།
༡། དུས་མ་ཡིན་པའི་ཆགས་སྲེད་སྤེལ་བ།
ཁ་ནས་ནུབ་ཕྱོགས་རིང་ལུགས་ལ་རྒོལ་བར་བྱེད་ཅིང་དོན་དུ་ནུབ་ཕྱོགས་རིང་ལུགས་དང་དུ་ལེན་པའི་དཔེ་དང་པོ་ནིཿ གཞན་གྱི་བདག་དུ་བཟུང་བུད་མེད་ལ་དམིགས་ངན་བཅང་ནས་ལག་པ་སོགས་ཀྱིས་རེག་པ་འམ་ཐུག་པའི་ཐབས་ཤེས་གང་ཡང་ཀུན་སྤྱོད་ཐ་ཤལ་ཞིག་ཡིན་པ་སྨྲོས་ཅི་དགོས། འོན་ཀྱང་དེང་སྐབས་ལོ་བཅུ་གྲངས་ལོན་མ་ལོན་གྱི་སློབ་གྲྭའི་བུ་མོ་ལ་དགེ་རྒན་སོགས་ཀྱིས་བྱས་བཟང་ལ་སྔགས་གསོལ་གྱི་མགོ་ལ་བྱིལ་བྱིལ་དང་། བློ་ཐག་ཉེ་བའི་རྣམ་འགྱུར་བསྟན་པ་ཙམ་ལ་ཡང་དགེ་རྒན་ནམ་མི་ག་གེ་མོས་བུ་མོ་ལ་ལག་པ་འཆང་གི་འདུག་ཅེས་ཉེས་སྒྲོག་དང་གྱོད་འཛུགས་བྱས་པ་ཁོ་བོས་ལན་གཉིས་ཙམ་དངོས་སུ་མཐོང་། འདི་རང་རེའི་རིགས་གཞུང་ན་མེད་པའི་ནུབ་ཕྱོགས་པའི་ཤན་ཞུགས་ངན་པ་ཞིག་རེད། ལག་པ་འཆང་བ་ལ་ངན་འཆང་། བཟང་འཆང་། བཏང་སྙོམས་ཀྱིས་འཆང་བ་གསུམ་ཡོད་སྲིད། ངན་འཆང་ཞེས་པ་ནི་རང་ཉིད་ཆགས་སྲེད་ཀྱིས་ཀུན་ནས་བསླངས་ཏེ་དམིགས་ཡུལ་ངན་པ་བཟུང་ནས་ལག་པ་འཆང་བར་གོ་ཆོག འོན་ཀྱང་ནུབ་ཕྱོགས་པའི་དབང་དུ་སོང་བའི་འགྲེལ་ཚུལ་ནི་“ལག་པ་ངན་འཆང་ཞེས་པ་ནི་མཚན་མི་མཐུན་པའི་མིས་ལག་པ་ཕ་རོལ་བོ་ལ་ཐུག་པས་ཕ་རོལ་བོའི་སེམས་ལ་དོག་མི་བདེ་བའི་སྣང་བ་འཆར་བ་ཙམ་དེར་འདུ་བ་ཡིན།” ཞེས་བཤད་ཡོད་འདུག
འདི་ནི་རང་རེའི་བོད་ཀྱི་ལེགས་བྱང་མིན་ཞིང་། ཕྱིའི་ལེགས་བྱང་ནང་དུ་འདྲེན་འོས་ཤིག་ཀྱང་མིན། དཔེར་ན་བུ་མོ་ལོ་ཆུང་ཞིག་ལ་མི་ཞིག་གིས་དམིགས་ངན་མེད་པའི་སྒོ་ནས་ལག་པས་རེག་པ་ན་ཅི་སྟེ་མོའི་སེམས་སུ་དོག་མི་བདེ་བའི་ཚོར་བ་ཞིག་སྐྱེས་རུང་དེ་ནི་མགོ་བོ་གནོན་དགོས་པའི་ཚོར་བ་ཞིག་ཡིན་པ་ལས་དེ་གལ་ཆེན་དུ་བརྩིས་ནས་གོང་སྤེལ་འོས་པའི་ཚོར་བའི་རིགས་ཤིག་མིན། ནུབ་ཕྱོགས་པ་ལ་ཆུང་ཙག་འདི་རིགས་ཆེན་པོར་བཟོ་བའི་གཤིས་ཀ་ཡོད། རང་རེའི་ལུགས་སྲོལ་ལ་ “མགོའི་ཆུ་མ་དག་སྔོན་ལ་རྐུབ་ཀྱི་རྩ་འཕེལ་མ་ཡོང་།” ཞེས་གཤེ་གཤེ་གཏོང་སྲོལ་ཡོད། བུ་མོ་ལོ་ཆུང་སྐབས་ནས་ཆགས་སྲེད་ཀྱི་ཚོར་བ་སྐྱེས་པ་མགོ་གནོན་པ་དང་། མ་སྐྱེས་པ་མི་སྐྱེད་པར་བྱེད་པ་ནི་རང་རེའི་ལེགས་བྱང་ཡིན། གལ་སྲིད་མི་ཞིག་གིས་དམིགས་ཡུལ་ངན་པ་བཟུང་ནས་ལག་པ་ཕར་ཞོགས་མིག་ཡོར་ཙམ་བྱས་རུང་མི་འོས་པ་ཡིན་པས་གང་ཟག་རང་ཐད་ནས་དང་གང་ཟག་དེ་ལ་འགོགས་སྡོམ་བྱེད་དགོས་པ་ལས་བུ་མོའི་ཐད་ནས་འདི་འདྲའི་འདུ་ཤེས་ཆུང་ཙག་མགོ་བོ་མི་གནོན་པར་ཆེན་པོར་བཟོ་མི་རུང་། དེ་བཟོས་ནས་ཕྲུ་གུ་ཕོ་མོ་བྱིས་པའི་དུས་ནས་མཚན་མ་སོ་སོ་ཡིན་པས་ཆགས་སྲེད་ཀྱི་བྱེད་ལས་ཡོད་པའི་རྟོག་པ་སྐྱེ་རུ་བཅུག་ནས་སོ་སོར་འབྱེད་པའི་ལམ་སྲོལ་འདི་ནི་ཆགས་སྲེད་དང་། ངན་སྤྱོད་གཞན་དག་སྤེལ་བའི་ལམ་ཁ་ཞིག་ཏུ་ཁོ་བོས་མཐོང་།

No comments:

བཀླགས་མང་ཤོས།

ཟིན་བྲིས་བཀླགས་གྲངས་ཁྱོན་སྡོམ།

དཔར་རིས་འགྲེམ་སྟོན།

དཔར་རིས་འགྲེམ་སྟོན།
ངའི་བུ་མོ་སློབ་གྲའི་རྩེད་མོའི་ཉིན་མོ་ཨང་གཉིས་པ་ཐོབ།

ང་རང་གི་སྐོར།

My photo
I am a Tibetan, and a teacher. I have a dream that we have a unified Tibetan language. I see there is a way for this. རེ་བ་འདི་འགྲུབ་མི་སྲིད་པ་ཞིག་མིན་ལ། འདིའི་ལམ་སྣེ་གུས་པའི་ལག་ཏུ་ཡོད། དེ་ནི་ཁོ་བོས་བྲིས་པའི་(སྒྲ་སྒྲུབ་རིག་པ)ཡི་ནང་དུ་གསལ་ཡོད།