2010/05/25

བསམ་གཞིགས་སྙིང་སྟོབས།

བསམ་གཞིགས་སྙིང་སྟོབས།
བློ་ཡིས་སེམས་ཐག་དང་ངག་གིས་ཚིག་ཐག་ཆོད་པའི་སྙིང་སྟོབས་ཤིག་མེད་ན་ང་ཚོའི་མི་རིགས་འདི་དུས་གཏན་དུ་གཞན་གྱི་རྗེས་སུ་འབྲང་རྒྱུ་ཙམ་ལས་མེད།
ལོ་བརྒྱད་དགུ་ཡི་ཡར་སྔོན་ཙམ་བར་དུ་ང་རང་ཡང་ཁོང་གི་རྒྱུག་ཁྱི་སྔོན་ཐོན་པ་ཞིག་ཡིན་མྱོང་། མ་གཞི་ཁོ་བོ་གཞན་རྗེས་སུ་འགྲེང་རྒྱུར་དགའ་བོ་མེད་ཀྱང་དེ་དུས་ངའི་སེམས་པ་ཁོང་གི་ཆ་རྒྱུས་མེད་པའི་སྙན་གྲགས་དེས་འཕྲོག་མྱོང་། ངས་ཁོང་ནི་ཕྱི་རུ་ཉན་ཐོས་སྤྱོད་པའི་ཚུལ་འཛིན་ཀྱང་། ནང་དུ་དེང་རབས་བསམ་བློའི་མདངས་དང་ལྡན། ཕྱི་ནང་རིག་གནས་འདབ་གཤོག་གཉིས་ལྡན་པ། བསམ་བློའི་གོ་རྟོགས་གཞན་ལས་སྔོན་ཐོན་ཅན་ཞིག་སོགས་ཡིན་པར་ཡིད་ཆས་བྱས་མྱོང་། དེ་དུས་ངས་ཀྱང་ཁོང་གི་བསྟོད་པའི་གདངས་དབྱངས་ལ་གདངས་དབྱངས་འདྲེས་ནས་གྱེར་མྱོང་། བཙན་བྱོལ་སྤྱི་ཚོགས་ནང་དུ་ང་ལ་ཁོང་ལས་ལྷག་པའི་ཤེས་ལྡན་པ་ཞིག་ཡོད་དཀའ་བར་སྣང་མྱོང་། བཙན་བྱོལ་བོད་མིའི་ནང་དུ་ངས་ཁོང་ལ་རེ་བ་ཆེ་ཤོས་དེ་བཅོལ་མྱོང་།
ངས་རེ་བ་བཅོལ་བ་ལྟར་ཁོང་བཙན་བྱོལ་སྤྱི་ཚོགས་ཀྱི་ཁ་ལོ་སྒྱུར་བའི་གོ་ས་རུ་ཡང་ལེན་ཐུབ་སོང་། ངས་རེ་བ་བཅོལ་བ་ལྟར་ཁོང་གིས་ཀྱང་ཉུང་མཐར་ལོ་བཅུ་གྲངས་ཀྱི་རིང་ལ་བཙན་བྱོལ་སྲིད་གཞུང་དེ་འདམ་རྫབ་ལས་འཇིམ་སྐུ, སྐུད་པ་ལས་ཐག་པ, སྔར་གྱི་རྨང་རྡོ་ཡི་ཐོག་ཏུ་ཁང་མིག་གྲ་དག་ཅིག་ལེགས་སྒྲུབ་བྱས་བར་ཡང་མཐོང་སོང་། ཁོང་ལ་ལྡན་པའི་ཡོན་ཏན་གསར་བ་ཞིག་ཀྱང་མཐོང་བ་དེ་ནི་ཁོང་གིས་སྤྱི་ཚོགས་ལ་བབ་བསྟུན་ཀྱང་བྱེད་ཤེས་པ་དེ་རེད། ངས་རེ་བ་བཅོལ་བ་ལྟར་རེ་བ་ཆུ་ལ་མ་བསྐྱུར། ངས་ཡིད་རྟོན་བྱས་པ་དེ་རླུང་ལ་མ་སྤུར། དེ་ནས་བཟུང་ང་རང་ལྟར་ཁོང་ལ་བློས་འགེལ་དང, གདེངས་འཇོག, རྗེས་འབྲེང, སོགས་བྱེད་མཁན་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་བར་མཐོང་།
ད་ནི་ཁོང་ལ་བསྟོད་པའི་འུར་སྒྲ་དེ་སྔར་ང་དང་ངའི་སྙོབ་རུང་དུ་ཡོད་པའི་ཁོར་ཡུག་དེ་ལས་ཡོངས་སུ་བརྒལ་ནས་བཙན་བྱོལ་བ་ཡོངས་ཀྱི་ངག་ན་མགྲིན་དབྱངས་གཅིག་གྱུར་དུ་སྒྲོག། ད་ནི་འགའ་རེས་གཡམ་རྒྱུག་བྱེད། འགའ་རེས་རྨོངས་དད་བྱེད། འགའ་རེས་རང་མཐོང་གི་ཆེད་དུ་ཞེན་ཁོག་བྱེད། འགའ་རེས་ཕྱོགས་རེས་ཀྱི་ཆེད་དུ་ལ་རྒྱ་བྱེད། འགའ་རེས་རང་དོན་གྱི་ཆེད་དུ་ངོ་དགའ་བྱེད། འགའ་རེས་རང་བསྟོད་ཀྱི་ཆེད་དུ་ཁོང་ལ་བསྟོད། འགའ་རེས་ཟོལ་མེད་དོན་དམ་གྱིས་བསྟོད་པ་རེ་ཡང་བྱེད། ཟོལ་མེད་ཀྱི་བསྟོད་པ་བྱེད་པ་ལ་འདི་རིགས་ལ་བདག་ལ་འཁང་ར་གང་ཡང་མེད། མི་དང་མི་ལྟ་བ་འགལ་ཆོག་ན་ལྟ་བ་མཐུན་པ་ཡོད་ཅིའི་མི་ཆོག ངོ་མ་བཤད་ན་དོན་དམ་གྱི་བསྟོད་པ་བྱེད་མཁན་དག་གི་ནང་དུ་ང་རང་ཡང་དེའི་གྲལ་དུ་ཡོད།
འོན་ཀྱང་ངའི་སེམས་པ་ནི་ཁོང་ཚོ་ལྟར་བརྟན་པོ་ཞིག་ནམ་ཡང་མེད། དེ་ངའི་སྐྱོན་ཡིན་ཀྱང་ཡིན་དུ་ཆུགས། ངའི་བསྟོད་པ་ནི་ཁོང་ཚོའི་ལྟར་ཕྱོགས་ལྷུང་བ་ཞིག་མིན་ཏེ, བསྟད་ཟིན་ན་དམད་མིན་འོས་པའི་དམ་བཅའ་དེ་ཡང་མེད། ཁྱེད་ཀྱིས་མགོ་ཉིས་མར་མཐོང་སྲིད་ཀྱང་བྱེད་ཐབས་མེད། ངའི་མིག་ལ་ཁོང་ཚོར་ཡོད་པ་ལྟར་གྱི་ལྷུན་གྲུབ་ཀྱི་མིག་ཤེལ་དེ་ཡེ་ནས་མེད། ངའི་རྣ་བས་ཁོང་ཚོས་མ་གོ་བའི་ཚིག་འབྲུ་ཕྲ་མོ་རེ་ཝ་ལེར་གོ་འོང་། ངའི་གོ་བ་ནི་ཡི་གེའི་བརྒྱུད་ནས་ཙམ་མིན་པར་ཡིག་ཕྲེང་གི་བར་ནས་ཀྱང་སྐྱེས་འོང་།
ཉིན་ཞིག་ངས་ཁོང་གི་ངག་ལས་ཐོས་པཿ “ང་ཚོ་འདིར་བཙན་བྱོལ་གཞུང་གཞན་གྱིས་ངོས་ལེན་ཡོང་ཆེད་དུ་བསྡད་མེད།”ཅེས་དང, བཙན་བྱོལ་བོད་ཀྱི་མཛངས་མའི་འགྲན་ཚོགས་ཐེངས་དང་པོ་ཚུགས་སྐབས་“ད་ནི་ལྟས་ངན་གྱི་དུས་ཚོད་ཤར་གྱི་ཡོད་པའི་སྔ་ལྟས་རེད”ཅེས་དང, ཡང་སྐབས་ཤིག་ཏུ་“ང་ཚོའི་ནང་ཆོས་འདི་མ་ནུབ་ཙམ་བྱུང་ན་བོད་མི་རིགས་འདི་བརླག་སོང་ཡང་ཆོག”ཅེས་དང, ཡང་སྐབས་གཞན་ཞིག་ཏུ་ “བོད་མི་རིགས་ཟེར་བ་ནི་སྤྱན་རས་གཟིགས་ཀྱི་གདུལ་བྱར་འོས་པ་ཞིག་ལ་གོ་དགོས།” ཡང་“བཀའ་བློན་ཁྲི་བའི་མིང་གི་འོག་ནས་ཀྱང་བཙན་བྱོལ་བོད་གཞུང་འདི་དགོས་ངེས་ཤིག་མ་རེད་ཅེས་བཤད་པ་ལ་སྐྱོན་གང་ཡང་མེད”ཅེས་སོགས་ཁོ་བོའི་ཁམས་དང་མ་འཚམས་པའི་གསུངས་བཤད་འགའ་ཞིག་གིས་ཁོ་བོའི་སེམས་པའི་བཀོད་པ་དེ་ཡོངས་སུ་བཤིག་སོང་།
འདི་ནི་ཚབ་ཆེན་གྱི་དོན་གཞན་གང་ཡང་མིན་པར་ཁོ་བོ་སྒེར་གྱི་གང་ཟག་ཅིག་ལ་གདེངས་འཇོག་བྱེད་པའི་ཆ་རྐྱེན་འཐོར་ཞིག་སོང་བ་ཙམ་རེད། ཁོ་བོའི་སེམས་སུ་ཁོང་དང་ཁོང་ལྟ་བུའི་གང་ཟག་གིས་བོད་མི་རིགས་ཀྱི་ལ་རྒྱ་དང་བོད་མི་རིགས་ཀྱི་མདུན་ལམ་དེ་ཀུན་གྱི་གོང་དུ་བཞག་པའི་སྐད་ཆ་བཤད་ན་ཁོང་ལ་གདེངས་འཇོག་ཐོབ་པ་ཡིན། ཁོ་བོའི་སེམས་སུ་ཁོང་དང་ཁོང་ལྟ་བུའི་གང་ཟག་གིས་ཆོས་ལུགས་དེ་སྲིད་ལུགས་ལས་གལ་ཆུང་བར་བཞག་ན་ཁོང་ལ་གདེངས་འཇོག་ཐོབ་པ་ཡིན། ཁོ་བོའི་སེམས་སུ་ཁོང་དང་ཁོང་ལྟ་བུའི་གང་ཟག་གིས་བོད་རིགས་དེ་རྨོངས་བའི་རྒྱ་ལས་དབྱུང་ནས་རྒྱུ་མཚན་གྱི་ཐང་དུ་འདྲེན་པའི་བྱ་བ་སྒྲུབ་ན་ཁོང་ལ་གདེངས་འཇོག་ཐོབ་པ་ཡིན། ཁོ་བོའི་བསམ་པར་ཁོང་དང་ཁོང་ལྟ་བུའི་གང་ཟག་གིས་འབྱུར་འགྱུར་བདག་པོར་གྱུར་བའི་གཞོན་སྐྱེས་ཀྱི་ཁྱུ་ཚོགས་འདི་དག་ཡང་དག་པའི་ལམ་སྣ་རུ་འདྲེན་པའི་བཀའ་མོལ་གནང་ན་ཁོང་ལ་གདེངས་འཇོག་ཐོབ་པ་ཡིན།
ཁོ་བོའི་སེམས་སུ་ཁོང་དང་ཁོང་ལྟ་བུའི་གང་ཟག་གིས་སྐད་ཆ་དེ་དང་དེ་ལྟ་བུ་གསུངས་ན་ཁོང་ལ་བཅིང་བའི་སྔར་གྱི་གདེངས་འཇོག་དེ་ཡལ་འགྲོ། ཁོང་དང་ཁོང་ལྟ་བུའི་ལག་ཏུ་བོད་མི་རིགས་ཀྱི་མདུན་ལམ་ཡོད་པས་རེ་ཞིག་ཁོང་རང་ཉིད་ཀྱི་ལྟ་བ་དེ་རྦེད་དགོས་ཀྱང་རྦས་ནས་མི་རིགས་ཀྱི་ཁ་ཕྱོགས་དེ་གུ་ཡངས་ཀྱི་ལམ་དུ་འདྲེན་དགོས། རང་གི་རིགས་མཐུན་དང་མི་མཐུན་པའི་བོད་རིགས་ཡོངས་རྫོགས་ཤོངས་ཐུབ་པའི་གཞུང་ལམ་ཆེན་པོ་ཞིག་ཏུ་འཁྲིད་རྒྱུ་ནི་ཁོང་དང་ཁོང་ལྟ་བུའི་གང་ཟག་ལ་འཁྲི་བའི་འོས་འགན་ཞིག་རེད། རང་གིས་བྲོ་བ་མ་རྙེད་པས་གཡུག་ཆོག་པ་དང་གཞན་གྱིས་བྲོ་བ་རྙེད་པས་འཛིན་ཆོག་པ་གཉིས་ཀ་ཤོངས་བའི་ལམ་ཆེན་ཞིག་ཏུ་འཁྲིད་རྒྱུ་ནི་ཁོང་དང་ཁོང་ལྟ་བུའི་དབུ་ཁྲིད་ཅིག་གི་བྱ་བ་རེད། ཁྱོད་ཀྱིས་གལ་ཆེན་དུ་མཐོང་བ་དེ་གཞན་གྱིས་གལ་ཆུང་དུ་མཐོང་སྲིད་པས་སྤྱི་ཚོགས་ཀྱི་ནང་དུ་ཁྱེད་ཀྱིས་དེ་ལ་བཏང་སྙོམས་ཀྱི་འདུ་ཤེས་ཤིག་ངེས་པར་དུ་འཇོག་དགོས།
ཁྱེད་ནི་གང་ཟག་གཅིག་ཡིན་ཞིང་གཞན་ནི་སྤྱི་ཚོགས་ཧྲིལ་པོ་རེད། ཁྱེད་ནི་སྤྱི་ཚོགས་རྙིང་པའི་མི་ཡིན་ཞིང, གཞན་ནི་སྤྱི་ཚོགས་གསར་བའི་མི་རེད། གཞན་གྱིས་མ་མཐོང་བའི་གནད་དོན་མང་པོ་ཞིག་ཁྱེད་ཀྱིས་མཐོང་ཡོད་ངེས་ཀྱང་གཞན་གྱིས་ཀྱང་ཁྱེད་ཀྱིས་མ་མཐོང་བའི་གནད་དོན་མང་པོ་ཞིག་མཐོང་ཡོད་པར་ཁས་ལེན་དགོས། གཞན་གྱི་བལྟ་ཚུལ་ལ་ནོར་འཁྲུལ་ཡོད་པ་ཁས་ལེན་ཞིང་ཁྱེད་ཀྱིས་ཀྱང་རང་གི་བལྟ་ཚུལ་ལ་ནོར་འཁྲུལ་ཡོད་སྲིད་པར་ཁས་ལེན་དགོས། མ་གཞི་འདི་ནི་སྙིང་སྟོབས་ཞུམ་པའི་རྒྱུ་རྐྱེན་གཙོ་བོ་དེ་ཡིན་པས་ཁྱེད་ལྟ་བུ་ལས་དོན་སྒྲུབ་མཁན་ཞིག་ལ་དེ་མེད་ན་མེད་པ་རང་གཅིག་ཐང་ན་བཟང་བ་ཡིན། འོན་ཀྱང་འདིར་རང་གི་བལྟ་ཚུལ་ཙམ་གླེང་བ་ཡིན།
ངས་ཁོང་ལ་ད་དུང་ཡང་བརྩི་འཇོག་གཞན་ལས་མཐོ་བ་ཞུ་བས་ཁོང་གི་བྱས་རྗེས་རྣམས་འདིར་གླེང་གི་མེད་ལ་ངོ་མ་བཤད་ན་གླེང་ཀྱང་མི་ཚར་། འདིར་བཤད་འདོད་པ་ནི་ཁོང་དང་གུས་ཀྱི་མཐོང་ཚུལ་མི་མཐུན་པའི་ཆ་འགའ་ཞིག་ཡིན།
དང་པོ། ཆོས་སྲིད་ཟུང་འབྲེལ་གྱི་ལྟ་བ་ལ་བསམ་གཞིགས།
ངས་སྔོན་མ་ཞིག་ལ་སྡོམ་ཚིག་འབྲི་མྱོང་བ་ནིཿ གཞན་དོན་མཐར་ཕྱིན་པ་ཆོས། རང་དོན་མཐར་ཕྱིན་པ་སྲིད། ངའི་དགེ་རྒན་ཞིག་གིས་ཆོས་དང་སྲིད་གཉིས་མི་འགལ་བའི་རྒྱུ་མཚན་མང་པོ་ཞིག་གསུངས་མྱོང་། འོན་ཀྱང་ད་སྐབས་ངས་གཅིག་ཀྱང་མི་དྲན། དེ་ནི་དེ་སྐབས་ངའི་སྣང་བར་མ་སོང་བས་ཡིན་པ་ལས་ངས་ཁོང་གི་གསུང་གི་ནང་དོན་ངས་མ་རྟོགས་པ་དང་ཉན་འདོད་མ་སྐྱེས་བ་མིན།
ཆོས་ཡང་དག་པ་དང་སྲིད་ཡང་དག་པ་ནི་འགལ་བ་ལྟག་སྤྲོད་ཡིན། སུ་ཞིག་གིས་གཉིས་ཀ་ཟུང་དུ་འབྲེལ་པར་བརྩམས་པ་ན་དེ་ནི་གཉིས་ཀ་མི་འབྱུང་བའི་གཞི་རྩ་དང་པོ་དེ་ཡིན། ཆོས་ཀྱི་དམིགས་ཡུལ་ནི་འཇིག་རྟེན་སྟོང་རྒྱུ་དེ་ཡིན་ཞིང, སྲིད་ཀྱི་དམིགས་ཡུལ་ནི་འཇིག་རྟེན་སྐྱོང་རྒྱུ་དེ་རེད། བོད་ནང་དུ་རྩོམ་པ་པོ་འགས་ “བོད་ཀྱི་ཆབ་སྲིད་ཀྱི་རྒུད་པ་མཐའ་དག་གི་རྩ་བ་ཆོས་འདི་ཡིན།”་ཞེས་པའི་གཏམ་འདི་ལ་ཆོས་པ་དག་གདོང་མཛུམ་གྱིས་བཞད་དགོས་པའི་དོན་ཞིག་ལས་ཁྲོ་གཉེར་བསྡུ་དགོས་པའི་དོན་ཞིག་མིན། གང་ལགས་ཤེ་ན་དེ་ནི་ཆོས་ཀྱི་དམིགས་ཡུལ་དང་པོ་འཁོར་བ་སྟོང་བའི་བྱ་བ་དེ་བོད་ཀྱི་ནང་དུ་འགྲུབ་ཀྱི་ཡོད་པའི་རྟགས་རེད།
སྟབས་མ་ལེགས་པ་ཞིག་ལ་ཆོས་ལྟར་སྣང་བ་དང་སྲིད་ལྟར་སྣང་བ་གཉིས་ཧ་ཅང་མཐུན། མི་རྣམས་མགོ་འཁྲུགས་གཞི་ཡང་འདི་ནས་འབྱུང་བཞིན་ཡོད། ཆོས་དང་སྲིད་མི་འགལ་བར་སྨྲ་མཁན་རྣམས་ལ་དགོངས་གཞི་མེད་པ་ག་ལ་ཡིན། ཁོང་རྣམས་ཀྱིས་འཇིག་རྟེན་མི་ཆོས་སམ་སྤྱི་ཚོགས་ལ་མཁོ་བའི་འཇིག་རྟེན་ཡ་རབས་ཀྱི་ཀུན་སྤྱོད་ཙམ་ལྷ་ཆོས་དང་མི་འགལ་བར་དགོངས་འདུག
གོང་དུ་བཤད་པ་བཞིན་དོན་དངོས་སུ་དམ་ཆོས་དང་འཇིག་རྟེན་མི་ཆོས་གཉིས་གཞི་རྩའི་དམིགས་ཡུལ་མི་མཐུན་པ་ཡིན། འཇིག་རྟེན་མི་ཆོས་ནི་རང་དང་རང་རིགས་གཅིག་པའི་སྐྱེ་བོ་དག་འཇིག་རྟེན་འདིའི་ཐོག་ཏུ་སྡོད་པའི་སྡོད་ཇུས་དང་འགྲོ་བའི་འགྲོ་ཇུས་ལ་འགན་ལེན་རྒྱུ་དེ་ཡིན་ཞིང, ཆོས་ནི་ཏག་ཏག་དེའི་ལྡོག་ཕྱོགས་སུ་ཡིན། སྦྱིན་པ་ཞིག་གཏོང་བ་འདི་གཅིག་བུར་ཆོས་སུ་འགྲོ་བ་དང་སྲིད་དུ་འགྲོ་བའི་ལམ་གཉིས་ཡོད། ཆོས་པས་རང་གི་ཚེ་ཕྱི་མའི་ཆེད་དུ་དམིགས་པས་སྒེར་དོན་ཡིན་ལ་འཇིག་རྟེན་པས་ཚེ་འདིའི་སྡུག་བསྔལ་སེལ་ཆེད་དུ་དམིགས་པས་སྐབས་རེ་གཞན་དོན་དུ་ཡང་འགྲོ། འཇིག་རྟེན་པས་འབྱུང་འགྱུར་གྱི་གཞི་རྟེན་དུ་གྱུར་བའི་ད་ལྟ་བ་ལ་དམིགས་ཤིང, ཆོས་པས་ད་ལྟའི་གྲུབ་འབྲས་སུ་གྱུར་བའི་མ་འོངས་པ་ལ་དམིགས། ཆོས་པས་ཉོན་མོངས་དུག་གསུམ་དགྲ་རུ་བཟུང་ནས་མཐར་སྐྲོད་ཅིང་ འཇིག་རྟེན་པས་ཉོན་མོངས་དུག་གསུམ་གྲོགས་སུ་བརྩིས་ནས་དཔུང་རོགས་སུ་སྤྲོན།
གཞན་དོན་སྒྲུབ་ན་རང་དོན་ཞོར་ལ་འགྲུབ། ཞེས་པའི་བརྗོད་པ་དུམ་བུ་འདི་དང་ “ཇི་སྲིད་ནམ་མཁའ་གནས་གྱུར་བ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །” ཅེས་པ་འདི་གཉིས་ཇི་འདྲའི་མི་འགལ་ལམ། དང་པོ་ནི་འཇིག་རྟེན་མི་ཆོས་ཀྱི་སྙིང་པོ་དང་ཕྱི་མ་ནི་དམ་པ་ལྷ་ཆོས་ཀྱི་སྙིང་པོ་ཡིན། དེ་ཇི་ལྟར་ཡིན་ཞེ་ནཿ གཞན་དོན་སྒྲུབ་པ་ཙམ་གྱིས་ཆོས་སུ་མི་འགྱུར་ལ་རང་དོན་སྒྲུབ་པ་ཙམ་གྱིས་སྲིད་དུ་ཡང་མི་འགྱུར་། རང་དོན་ཁོགས་སུ་བཅུག་ནས་གཞན་དོན་སྒྲུབ་པ་དེ་ཆོས་མིན་ལ་གཞན་དོན་སྒྲུབ་པའི་ཆེད་དུ་རང་ཉིད་སྲ་བརྟན་དུ་གཏོང་བ་ཡང་སྲིད་མིན།
‘’མ་གྱུར་འགྲོ་བའི་སྒྲིག་སྒྲིབ་སྡུག་བསྔལ་ཀུན། །མ་ལུས་ད་ལྟ་བདག་ལ་སྨིན་པ་དང། །བདག་གི་བདེ་དགེ་གཞན་ལ་བཏང་བ་ཡིིས། །འགྲོ་ཀུན་བདེ་དང་ལྡན་པར་བྱིན་གྱིས་རློབས། །’’ ཞེས་པའི་ཤོ་ལོ་ཀ་འདི་རྗེ་ཙོང་ཁ་བས་ཁ་སྟོང་བ་ཙམ་ནམ་ཡང་ཡིན་གྱི་མ་རེད། འདིའི་སྙིང་དོན་ལ་གཅིག་གཞིགས་དང་། དེ་ནས་’’སྙིང་སྟོབས་ཆེ་ཞིང་ཞེ་བཞག་ལ། །ཕ་རོལ་གནོན་པའི་རྒྱུ་ཐབས་ཤེས། །སེམས་བརྟན་འགྱར་འགྱུར་མེད་པ་རྣམས། །དམག་དཔོན་དག་གི་གོ་སར་དབང། །’’ཞེས་པའི་འདིའི་ནང་དོན་ལ་གཅིག་གཞིགས་དང་། ཆོས་རྣལ་མ་དང་སྲིད་རྣལ་མ་ཇི་ལྟར་དཀར་ནག་རྒྱབ་འགལ་ཡིན་པ་མི་ཚོར་རམ།
གཞན་ཡང་ཆོས་ཞེས་པ་ནི་རང་སྒེར་གྱིས་བྱེད་དགོས་པ་ཞིག་ལས་མི་མང་གིས་མཉམ་ལས་བྱེད་རྒྱུ་ཞིག་མིན། རྒྱུ་མཚན་ནི་ཆོས་ནི་གང་ཟག་སྒེར་གྱི་ནང་གི་བསམ་བློ་འགྱུར་ལྡོག་གཏོང་བྱེད་ཅིག་ཡིན་པ་ལས་རྩིས་རིགས་ཀྱི་སྤྱི་འགྲོས་ལྟར་གཅིག་གིས་གཅིག་ལ་དཔེ་འགེབས་འོས་པ་ཞིག་མིན། གང་ཟག་སྒེར་གྱི་ནང་གི་བསམ་བློའི་འགྱུར་འགྲོས་དེ་གྲུ་གཟིངས་ལ་ཞུགས་པ་ལྟར་གཞན་དང་ལྷན་དུ་འགྲོགས་ནས་འགྲོ་ཐུབ་པ་ཞིག་མིན།
ལྷ་ཆོས་བྱེད་པའི་སྐབས་སུ་གང་ཟག་རང་ཉིད་གཙོ་བོ་ཡིན་ཞིང, མི་སྲིད་བྱེད་པའི་སྐབས་སུ་རྒྱལ་ཁབ་ཀྱི་མི་ཡོངས་རྫོགས་འདྲ་མཉམ་ཡིིན། ཆོས་ནི་གང་ཟག་སྒེར་ལ་དམིགས་པ་ཡིན་ཞིང, སྲིད་ནི་རྒྱལ་ཁབ་ཀྱི་མི་རིགས་སྤྱི་ལ་དམིགས་པ་ཡིན། ཆོས་ནི་མ་འོངས་པ་ཁོ་ནར་དམིགས་པ་ཡིན་ཞིང, སྲིད་ནི་ད་ལྟ་བར་དམིགས་པ་ཡིན། (འདིར་འབྱུང་འགྱུར་གྱི་ད་ལྟ་བ་ཡང་ཚུད) ཆོས་ཀྱིས་ལྐོག་གྱུར་ལ་དམིགས་ཤིང་སྲིད་ཀྱིས་མངོན་གྱུར་ལ་དམིགས། ཆོས་ཀྱིས་ད་ལྟའི་དུས་སྐབས་བློས་གཏོང་ཞིང, སྲིད་ཀྱིས་ད་ལྟའི་དུས་སྐབས་པང་དུ་ལེན། ཆོས་ཀྱིས་འདས་པའི་གནད་དོན་ཞིག་(དེ་ཡང་ཡང་ཡང་གང་ཟག་གཅིག་ཁོ་ནའི་ཉམས་མྱོང)་ཁོ་ན་ལ་ནམ་བཞག་གཏན་དུ་གཞིར་བཞག་ནས་འབྱུང་འགྱུར་གྱི་མངོན་འདོད་སྒྲུབ་པའི་གཞི་རྟེན་བྱེད་ཅིང, སྲིད་ཀྱིས་འབྱུང་འགྱུར་གྱི་སྲིད་མཐའ་ལ་དཔྱོད་རྟོགས་བྱེད་ཅིང་དེ་གཞིར་བཞག་ནས་ད་ལྟ་དང་མ་འོངས་བའི་ལམ་ཕྱོགས་འཚོལ།
ཆོས་ཀྱིས་དམིགས་པའི་མ་འོངས་བའི་དུས་དེ་འབྱུང་མིན་ཐེ་ཚོམ་ཡོད་ཅིང, སྲིད་ཀྱིས་དམིགས་པའི་མ་འོངས་བ་དེ་འབྱུང་རྒྱུ་ངེས་གཏན་ཡིན། དེའི་ཕྱིར་ཆོས་ཀྱི་དམིགས་པའི་མ་འོངས་བའི་ལས་དོན་དེ་གཅིག་ཐང་ན་རྒྱ་མཚོར་རྡོ་འཕངས་དང་འདྲ་ཞིང, སྲིད་ཀྱིས་དམིགས་པའི་ད་ལྟ་བའི་ལས་དོན་དེ་མ་འོངས་བའི་མིག་རྟེན་ཡིན། སྲིད་ཀྱིས་བྱས་པའི་ད་ལྟའི་ལས་དོན་དེ་མ་འོངས་བའི་གདོང་ཤེལ་ཀྱང་ཡིན།
འདིར་ཁོ་བོས་དམ་ཆོས་དང་ལྷ་ཆོས་གཉིས་ཀྱང་ལོགས་སུ་འགེལ་བའི་འདུན་པ་ཞིག་སྐྱེས། ཁོ་བོས་ལྷ་ཆོས་ཞེས་པ་ནི་རྨོངས་དད་ཀྱི་རྨང་གཞིར་བཞེངས་བའི་འཇའ་ཚོན་གྱི་གུར་ཁང་ཞིག་ཡིན་ཞིང, འདི་ནི་དབྱིན་སྐད་ཀྱི་Religionཞེས་པ་དེའི་གོ་ཁྱབ་ལ་བསམ་པ་ཡིན། དམ་ཆོས་ནི་གང་ཟག་སྒེར་གྱི་ནང་གི་རྟོག་པ་འཕེལ་བྱེད་ཀྱི་ཐབས་ལམ་ཞིག་ཡིན་ཞིང, འདི་ལ་དབྱིན་སྐད་དུ་ཚིག་ཅིག་ད་དུང་གྲུབ་མེད། འདི་ལ་ཚན་རིག་རྨང་གཞི་ཡང་གང་ལེགས་ཡོད། སངས་རྒྱས་ཀྱི་ཆོས་འདི་ཁོ་བོས་དམ་ཆོས་ཀྱི་ཁོངས་སུ་བཞག་པ་ཡིན།
མདོར་བསྡུས་ན་སངས་རྒྱས་ཀྱི་ཆོས་འདི་ཡོངས་གྲགས་ཀྱི་ཆོས་སུ་གྲགས་པའི་ཆོས་དེ་ཡང་ཡིན་པར་མི་སྣང་། སྐབས་རེ་བདག་གི་ལས་གྲོགས་དག་ལ་ “ང་ལ་ཆོས་དད་མེད་ཀྱང་ནང་པ་ཡིན།” ཞེས་ཀུ་རེ་ཡང་བྱེད་མྱོང་། ངོ་མ་བཤད་ན་ངས་སངས་རྒྱས་ལ་ཡིད་ཆས་བྱེད་ཀྱི་ཡོད་ཀྱང་ངའི་ཡིད་ཆས་དེ་ཡོངས་གྲགས་ཀྱི་ཡིད་ཆས་དང་མི་འདྲ། དེའི་ཕྱིར་ང་རང་སངས་རྒྱས་པ་ཞེས་པ་དེའི་གྲལ་དུ་ཚུད་མིན་མི་ཤེས་ཤིང, གལ་སྲིད་ཚུད་རུང་ང་ནི་ཐེག་དམན་པའི་ནང་པ་དེ་ཡིན་འོས་པ་ལས་ང་ལ་བོད་དུ་ཡོད་པའི་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་ནང་པ་དེའི་གྲལ་དུ་ཚུད་ཐུབ་པའི་རེ་བ་ཧ་ཅང་ཆུང་།
ལྷ་ཆོས་ཡིིན་ཀྱང་རུང་དམ་ཆོས་ཡིན་ཀྱང་རུང་ཆོས་ཞེས་པ་ནི་དེ་ལྟར་གང་ཟག་སྒེར་གྱིས་ཁེར་རྐྱང་གིས་བསྒྲུབ་དགོས་པ་ཞིག་ལས་མི་མང་ལག་རུབ་བྱེད་ཡོང་ས་ཞིག་མེད། ཁམས་དང་མོས་པ་ཀླད་པ་དང་དབང་པོ་མི་འདྲ་བའི་གང་ཟག་གིས་རང་རང་གི་ནང་རྟོག་པའི་ལམ་ཡང་དེ་དག་དང་མཐུན་པར་མི་འདྲ་བར་འཚོལ་དགོས་པ་ལས་བླ་མ་དང་གཞན་གྱིས་སྦྱིན་པ་གནང་ཡོང་རྒྱུ་ཞིག་མེད་པ་ཧ་ཅང་གསལ་ལ, སངས་རྒྱས་དང་བྱང་སེམས་ཀྱིས་བར་དོའི་ཐོས་གྲོལ་བཏོན་པ་ལྟར་‘འདི་ནས་གཡས་སུ་ཀྱོག་ལ་དེ་ནང་ཤར་གྱིས་སོང’་ཞེས་པའི་ལམ་སྟོན་བྱེད་རྒྱུ་ཞིག་ཀྱང་ཡོད་པར་མི་སྣང་།
ཁོ་བོའི་བསམ་པར་ཆོས་ཟེར་བ་ནི་ཧ་ཅང་སྒེར་ཆོས་སུ་སོང་བ་ཞིག་ཡིན་པས་གང་ཟག་རང་ཉིད་ཀྱི་ཀླད་རྩ་དང་སེམས་ཀྱི་རྒྱུ་ལམ་གྱི་འགྲོས་དང་མཐུན་པའི་ས་ལམ་གྱི་རྟོགས་པ་རྒྱུད་ལ་སྐྱེ་དགོས་པ་ལས་བཅོམ་ལྡན་འདས་ཀྱིས་བརྒྱུད་མྱོང་བའི་ས་ལམ་གྱི་རྟོག་པ་དེ་དག་གི་ས་མཚམས་དང་དབྱེ་བ་ཇི་མ་ཇི་བཞིན་ཞིག་རྒྱུད་གཞན་ཅན་གྱི་གང་ཟག་གིས་བརྒྱུད་དགོས་པ་དང་བརྒྱུད་ཐུབ་པ་ཞིག་ཡེ་ནས་ཡིན་པར་མི་སྣང་།
སངས་རྒྱས་བཅོམ་ལྡན་འདས་ཀྱི་རང་ཉིད་ཀྱི་ཀླད་རྩ་དང་སེམས་ཁམས་ཀྱི་འགྲོས་དང་མཐུན་པར་དོན་བདུན་ཅུའི་ནང་དུ་བཤད་པའི་ལམ་གྱི་གནས་ཚུལ་ཞིབ་ཕྲ་བ་དེ་དག་བརྒྱུད་ཡོད་ལས་ཆེ་ན་ཡང, ཀུན་དགའ་བོས་དེ་ཇི་མ་ཇི་བཞིན་ཞིག་བརྒྱུད་ཡོད་པར་བདག་ཡེ་ནས་མི་མཐོང་། སྡེ་བ་ཉེར་ལྔ་སོགས་སངས་རྒྱས་ཀྱི་ཆོས་ལུགས་གཅིག་བུ་ལ་གྲུབ་མཐའ་མི་འདྲ་བ་དེ་སྙེད་ཅིག་བྱུང་བ་དེ་ཡང་ཁོ་བོས་ནི་འདིའི་བདེན་རྟགས་སུ་མཐོང་གི་ཡོད། དེས་ན་མཐར་གཏུག་ནས་བཤད་ན་འཛམ་གླིང་འདིར་རྟོག་པ་བརྙེས་པའི་གང་ཟག་རེ་བྱུང་བ་དང་གྲུབ་མཐའ་དང་ས་ལམ་གྱི་རྣམ་བཞག་གསར་བ་རེ་རེ་འབྱུང་དགོས་པ་ཡིན། མ་གཞི་གང་ཟག་རེ་བཞིན་དུ་གྲུབ་མཐའ་དང་ས་ལམ་གྱི་རྣམ་བཞག་གི་བསྟན་བཅོས་རེ་ཟུར་དུ་ངེས་པར་དུ་རྩོམ་དགོས་པའི་ངེས་པ་ཅི་ཡོད་མོད, ཇི་སྲིད་རང་གི་གྲུབ་མཐའ་དང་ས་ལམ་གྱི་རྣམ་བཞག་གསར་བ་ཞིག་མ་བྱུང་བར་གཞན་གྱི་རྗེས་སུ་འབྲང་བ་དེ་སྲིད་དུ་ཁྱེད་ལ་རྟོག་པ་གསར་བ་གང་ཡང་བརྙེས་མེད་པའི་རྟགས་མཚན་ཡིན་སྙམ།
མདོར་ན་སྔར་འོད་སྲུང་དང་ཀུན་དགའ་བོ་སོགས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བརྒྱུད་གནང་བའི་ལམ་དེ་བརྒྱུད་ཡོད་པར་མི་སྣང་ལ་ འབྱུང་འགྱུར་ཡང་ང་དང་ཁྱོད་ཀྱིས་ཀྱང་དེ་འདྲའིི་ལམ་གྱི་གནས་ཚུལ་ཞིག་བརྒྱུད་དགོས་པ་དང་བརྒྱུད་རྒྱུ་ཡོད་པར་ཡེ་ནས་ཡིན་པར་མི་སྣང་། གལ་སྲིད་དེ་ལྟར་མིན་པར་སངས་རྒྱས་ཀྱིས་བརྒྱུད་པའི་ལམ་དེ་རང་ང་ཚོ་ཚང་མས་བརྒྱུད་དགོས་པ་ཡིན་ས་ལམ་གྱི་རྣམ་བཞག་དེ་བདེན་པར་གྲུབ་པ་མིན་ན་ཅི་ཡིན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཀུན་གྱི་མཐོང་སྣང་དུ་གཅིག་གྱུར་དུ་གྲུབ་པ་ཞིག་ལ་བདེན་པར་གྲུབ་པར་མི་འཇོག་ན་ལྟ་བ་དེ་ལ་སྙིང་པོ་གང་ཡོད། བདེན་མེད་ཀྱི་ལྟ་བ་འདི་ནི་སངས་རྒྱས་ཀྱི་ལྟ་བ་ཁྱད་པར་བ་དེ་ཡིན་ཞིང, འདི་ལ་ཁོ་བོར་བདེན་སྣང་ཆེ་ཙམ་ཞིག་ཀྱང་ཡོད།
འོ་ན་རྗེ་ཙོང་ཁ་བའི་གསུང་པོད་ཏི་བཅོ་བརྒྱད་དང་བཀའ་བསྟན་འགྱུར་གྱི་དུམ་པ་བྲག་རི་འདྲ་བ་དེ་ཚོ་ཁྱོད་ཀྱི་ཐར་ལམ་བགྲོད་པའི་ལམ་ཡིག་ཏུ་མ་མཁོ་ན་དེ་དག་མེ་འབར་ཤུལ་གྱི་ཐལ་བ་བཞིན་སླར་བེད་སྤྱོད་གང་ཡང་མེད་པའི་ཤོག་ཉོབ་ཤ་སྟག་ཡིན་ཟེར་བ་ཡིན་ནམ་ཟེར་ན, དེ་དག་ནི་ཁོང་སོ་སོ་རང་ཉིད་ཇི་ལྟར་བགྲོད་པའི་ལོ་རྒྱུས་ཙམ་ཞིག་ཡིན། འདི་དག་ནི་སྐྱེ་བོ་བྱེ་བྲག་པ་ཞིག་ཡུལ་བྱེ་བྲག་པ་ཞིག་ལ་སོང་བའི་འགྲུལ་བཞུད་ལག་དེབ་ལྟ་བུ་ཞིག་ཡིན།
འདི་དག་ལ་བེད་སྤྱོད་གཞལ་ཐབས་མེད་པ་ཞིག་ཡོད་པ་ནི་འདི་དག་ལ་བརྟེན་ནས, འདི་དག་ལས་རིག་པ་བླངས་ནས, འདི་དག་དཔྱད་གཞིར་བཟུང་ནས, ཁྱོད་རང་གིས་རང་གི་འགྲོ་ལམ་དེ་རང་སྟོབས་ཀྱིས་འཚོལ་བའི་རིག་པ་རྙེད་ཐུབ་པ་དེ་ཡིན། ད་ལྟ་བར་དུ་འདི་དག་ནི་ཡུལ་གཅིག་གི་འགྲུལ་བཞུད་ལག་དེབ་ལྟ་བུ་ཡིན་པར་བསམ་ནས་དེའི་ནང་དུ་གང་བྲིས་ཡོད་པ་དེར་ཁྱོད་རང་ཡང་འགྲོ་ཆོག་པར་བསམ་བཞིན་ཡོད་པ་དེ་ཡང་ནོར་བ་ཡིན། རྒྱུ་མཚན་ནི་ཁོང་རྣམ་པ་བཞུད་པའི་ཡུལ་དེ་ཁོང་རྣམ་པ་ཁོ་ནའི་འཛམ་གླིང་ཡིན་ཞིང, ཁྱོད་ཅག་བཞུད་པའི་འགྱུར་བའི་ཡུལ་དེ་ཁྱོད་ཅག་ཁོ་ནའི་འཛམ་གླིང་ཡིན་པས་སོ། དེ་ནི་མི་ཞིག་གིས་རྒྱ་གར་གྱི་འགྲུལ་བཞུད་ལག་དེབ་ལག་ཏུ་བཟུང་ནས་རྒྱ་ནག་ལ་འགྲིམ་པ་དང་འདྲ་བ་ཡིན།
བཀའ་བསྟན་གྱི་པོད་དེ་དག་རྒྱ་གར་བ་དེས་རང་ཡུལ་ཇི་ལྟར་འགྲིམ་པའི་ཉམས་མྱོང་རྗོད་པའི་འགྲུལ་བཞུད་ལག་དེབ་ཡིན། རྒྱ་ནག་པས་རང་ཡུལ་ཇི་ལྟར་འགྲིམ་དགོས་པ་རྒྱ་ནག་གི་ཡུལ་ལ་གཞིགས་ནས་བཞུད་དགོས་པ་ལས་རྒྱ་གར་འགྲུལ་བཞུད་ལག་དེབ་ལ་གསལ་བའི་ལམ་དང་གནས་ཚུལ་དེ་དག་རྒྱ་ནག་ལ་མཐོང་རྒྱུ་མེད། ཁྱེད་ཀྱིས་རྒྱ་ནག་གི་ཡུལ་ལ་འགྲིམ་སྐབས་མཚམས་རེ་རྒྱ་གར་འགྲུལ་བཞུད་ལག་དེབ་དེ་ལས་རིག་པ་ལེན་ས་ལ་བཀོལ་ཆོག། དེ་བཞིན་ཡིན། མདོར་ན་ཁྱོད་རང་གི་འགྲུལ་བཞུད་ལག་དེབ་ཁྱོད་རང་གིས་འབྲི་དགོས་པ་ལས་སུ་གཅིག་གིས་འབྲི་མི་ཐུབ། ནམ་ཞིག་ཁྱོད་ལ་ཁྱོད་རང་གི་འགྲུལ་བཞུད་ལག་དེབ་དེ་ཧ་ཅང་མཁོ་སྐབས་དེ་དུས་ཁྱོད་རང་གིས་འབྲི་མི་ཐུབ་ལ་གཞན་གྱིས་ཀྱང་འབྲི་མི་ཐུབ། ནམ་ཞིག་ཁྱོད་རང་གི་འགྲུལ་བཞུད་ལག་དེབ་འབྲི་ཐུབ་དུས་ཁྱོད་རང་ལ་དེས་དགོས་མཁོ་གང་ཡང་མེད།
“ཐུབ་རྣམ་སྡིག་པ་ཆུ་ཡིས་མི་བཀྲུ་ཞིང་། །ཉིད་ཀྱི་རྟོག་པ་གཞན་ལ་འཕོ་མི་ནུས། །ཆོས་ཉིད་བདེན་པ་བསྟན་པའི་གྲོལ་བར་འགྱུར་། །” ཞེས་སངས་རྒྱས་རང་ཉིད་ཀྱིས་སྔར་ནས་གསུངས་ཡོད།
དེ་ལྟར་ཆོས་དང་སྲིད་གཉིས་ཀྱི་དམིགས་ཡུལ་ཁ་ཕྱོགས་སྤྱི་སྒེར་ཕྱོགས་འགལ་དུ་སོང་ཡོད་པའི་གཅིག་བྱེད་སར་གཅིག་ཤོས་ཀྱི་བེད་སྤྱོད་གང་ཡང་མེད་ལ, མཐའ་ན་གཅིག་གིས་གཅིག་ལ་འགལ་འདུ་ཡང་བྱེད་པ་ཡིན། དེའི་ཕྱིར་སུ་ཞིག་གིས་གཉིས་ཀ་ལྷན་དུ་བྱེད་པར་བརྩམས་ན་དེས་གཉིས་ཀ་ཡང་དག་པར་མི་འབྱུང་བ་ཡིན། མི་གཅིག་གིས་ཆོས་ལེགས་པར་འཁྱོལ་ན་ཁོས་སྲིད་འཆོལ་ཡོད་ལ་སྲིད་ལེགས་པར་འཁྱོལ་ན་ཁོས་ཆོས་འཆོལ་ཡོད། འཇིག་རྟེན་ཕལ་བས་མི་འབྱོན་པ་ཆོས་ཡིན་ཞིང, རྟོག་ལྡན་གྱི་སྐྱེས་བུ་དམ་པས་མི་འབྱོན་པ་སྲིད་ཡིན། སྔར་བོད་གཞུང་གིས་གཉིས་ཀ་ལྷན་དུ་བྱེད་པར་བརྩམས་པས་གཉིས་ཀ་མ་བྱུང་བ་རེད། ད་དུང་ཡང་སྔར་བཞིན་གཉིས་ཀ་བྱས་ན་འཇུག་འབྲས་ཕྱི་རབས་མིས་མྱོང་དགོས།
ཆོས་སྲིད་ཟུང་འབྲེལ་ཞེས་པ་ནི་མི་ཆོས་དང་ལྷ་ཆོས་གཉིས་ཕན་ཚུན་གཅིག་གིས་གཅིག་ལ་སྲུང་སྐྱོབ་བྱེད་པའི་ལམ་ལུགས་ཤིག་ལ་གོ་བ་ཡིན། བོད་སྐད་དུ་“ཟུང་འབྲེལ”ཞེས་པའི་ཚིག་འདི་ལ་བསམ་གཞིགས་ལེགས་པོ་ཞིག་བྱོས་དང་གོ་བ་དེ་ངང་གིས་འབྱུང་ཐུབ་པ་ཞིག་ལས་དཀའ་མོ་ཞིག་མིན། གཅིག་གིས་གཅིག་ལ་སྲུང་སྐྱོབ་བྱེད་པའི་བྱ་བ་ཞིག་ཡིན་པ་འདིའི་ཐོག་ནས་ཀྱང་ཆོས་སྲིད་ཟུང་འབྲེལ་བྱེད་པའི་ལམ་ལུགས་དེའི་ཀུན་སློང་སྡུག་ཅན་ཞིག་མིན་པ་ཤེས་ཐུབ་པ་ཞིག་རེད། འོན་ཀྱང་ད་སྐབས་དེ་འགྲོ་རྒྱུག་མེད་པའི་དོན་དངོས་ཤིག་ཡིན་པའི་དངོས་ཡོད་གནས་ཚུལ་དེ་ངོས་འཕྲོད་དང་ངོས་ལེན་བྱེད་ཐུབ་པ་དགོས།
ཆོས་དང་ཡ་རབས།
མཁས་དབང་དུང་དཀར་ཚང་གིས་རྒྱལ་ཁབ་དང་ཆོས་ལུགས་གཉིས་ཀའི་བདག་པོ་གང་ཟག་གཅིག་གིས་བྱེད་པ་ལ་ཆོས་སྲིད་ཟུང་འབྲེལ་དུ་འཇོག་པར་གསུངས་ཡོད། དེ་ནི་དེའི་ཆ་རྐྱེན་གཙོ་བོ་དེ་ཡིིན་པ་ལས་གོ་བ་དངོས་དེ་ཡིན་པར་བདག་མི་འདོད། གོ་བ་དངོས་ནི་ཆོས་དང་སྲིད་གཉིས་ཕན་ཚུན་གཅིག་ཕན་གཅིག་གྲོགས་བྱེད་རྒྱུ་དེ་ཡིིན། དེ་ཡང་རྒྱལ་ཁབ་ཁྲིམས་དེ་ཆོས་ཁྲིམས་ལས་ལོགས་སུ་འདའ་མི་ཕོད་པའི་གནས་སྟངས་ཤིག་གི་སྐབས་སུ་ཆོས་སྲིད་གཉིས་ལྡན་གྱི་རྒྱལ་ཁབ་དེ་འབྱུང་བ་ཡིན། དེ་ནི་རྒྱལ་ཁབ་དང་ཆོས་ལུགས་གཉིས་ཀྱི་དབང་ཆ་མི་གཅིག་གི་ལག་པར་ཡོད་སྐབས་སམ་ཡང་ན་རྒྱལ་ཁབ་སྐྱོང་མཁན་དེ་ཆོས་ལུགས་ཀྱི་བཅས་ཁྲིམས་ལ་ཐེ་ཚོམ་ཡེ་ནས་སྐྱེས་མི་ཐུབ་མཁན་ཞིག་བྱུང་སྐབས་སུ་འབྱུང་། མདོར་ན་རྒྱལ་ཁྲིམས་དེ་ཡ་རབས་ཀྱི་ལུགས་བཞིན་སྐྱོང་བ་ཡིན།
འོ་ན་དེ་ལ་སྐྱོན་ཞིག་གང་དུ་ཡོད་དམ། ཞེ་ན, སྐྱོན་རང་ངོས་ནས་བྱུང་བ་མིན་རུང་གཞན་ངོས་ནས་འབྱུང་བའི་ཆ་རྐྱེན་བསྐྲུན་པ་ཡིན་པས་སྐྱོན་བྱུང་བ་ནི་བྱུང་བ་རང་ཡིན། དེང་སྐབས་རྒྱལ་ཁབ་ཀྱི་ཆབ་སྲིད་དང, ལྷག་པར་དུ་ཕྱི་སྲིད་ཡ་རབས་ཀྱིས་སྐྱོང་མཁན་རྒྱལ་ཁབ་སུ་ཡོད་དམ། སུ་ཡང་མེད་པའི་གནད་དོན་འདི་ཤེས་དགོས་ལ, མངོན་གསལ་གྱིས་མ་རབས་ཀྱིས་སྐྱོང་མཁན་ཡང་མེད། བོད་ནང་གི་ཞོགས་དུང་སོགས་གཞོན་སྐྱེས་འགའ་ཞིག་གིས་བོད་ཀྱི་རྒུད་པ་མཐའ་དག་གི་རྩ་བ་ཆོས་ལུགས་འདི་ཡིན་པར་གསུང་བ་ཡང་བསམ་ཕུག་འདི་ལ་ཐུག་པ་ཡིན་པར་བདག་འདོད། ནམ་ཞིག་རྒྱལ་ཁབ་ཀྱི་ཆབ་སྲིད་དེ་ཆོས་ལུགས་ཀྱི་ཁྲིམས་བཞིན་བསྐྱངས་ན་དེ་དུས་རྒྱལ་ཁབ་ཀྱི་ཁྲིམས་དེ་ཡ་རབས་ཀྱིས་སྐྱོང་བ་ཡིན། རང་ཉིད་ཡ་རབས་ཀྱི་ལུགས་ལ་ལྷག་བསམ་རྣམ་དག་གིས་ཞུགས་པའི་མི་ཞིག་གིས་གཞན་གྱིས་མ་རབས་བྱས་པ་ཚོར་མི་ཐུབ། བོད་ལ་བྱུང་བ་ཡང་འདི་ཁོ་ན་ཡིན།
“ཁེ་དང་རྒྱལ་ཁ་མི་ལ་ཕུལ། །གྱོང་དང་ཕམ་ཁ་རང་གི་ཁུར། །” ཞེས་ཟེར་བ་བཞིན་གནས་སྐབས་ཀྱི་ཕམ་ཁ་ཅུང་ཟད་ཅིག་རང་ཐོག་ཏུ་ལེན་རྒྱུ་ནི་ཡ་རབས་ཀྱི་རྩ་ཚིག་རེད། མདོར་ན་ཡ་རབས་ཀྱི་དོན་ནི་རང་ཉིད་ལ་འཕྲལ་གྱི་གྱོང་ལེན་རྒྱུ་དེ་ཡིན། གལ་སྲིད་སུ་ཞིག་ལ་རང་ཉིད་ཀྱི་ཆེད་དུ་མིན་པར་གཞན་ཁོ་ནའི་ཆེད་དུ་གནས་སྐབས་ཀྱི་གྱོང་ཕྲན་ཚེགས་ཀྱང་དང་དུ་ལེན་པའི་བློ་སྟོབས་མེད་ན་དེ་ལ་ཡ་རབས་ཀྱི་མི་ཞིག་ཏུ་འགྱུར་ཐབས་མེད།
ང་ཚོས་’’མི་ཡ་རབས་བྱེད་དགོས། ཡ་རབས་བྱེད་དགོས།’’ ཟེར་བའི་བསླབ་བྱ་འདི་ཐོལ་གྱིས་ཉན་ན་སྙན་སྙན་འདྲ་བ་ཞིག་ཡོད་ཀྱང་ ཞིབ་ཏུ་བསམ་བློ་བཏང་སྐབས་དེའི་དོན་ནི་གསལ་བོར་བཤད་ན་’’གྱོང་རང་ལ་ལེན་དགོས། གྱོང་རང་ལ་ལེན་དགོས།’’ ཞེས་པ་དེ་ཡིིན། སྤྱིར་ན་འཕྲལ་གྱི་གྱོང་རང་ལ་བླངས་བ་ན་ཕུགས་ལ་ཁེ་རང་ལ་ཡོང་བའི་གྲུབ་སྲོལ་ཞིག་ཡོད་ཅིང, གལ་སྲིད་དེ་མ་བྱུང་རུང་སྔོན་ནས་བློས་གཏོང་བྱས་ཡོད་པས་འགྱོད་པ་མེད། འཕྲལ་གྱི་གྱོང་རང་ལ་བླངས་སྟབས་འཕྲལ་གྱི་དཀའ་ངལ་བྱུང་བ་དེ་ཡང་སྔོན་ནས་རང་གིས་དངས་བས་བླངས་པ་ཡིན་སྟབས་དཀའ་ངལ་དེ་ལྡབ་ཀྱིས་ཆུང་བ་ཡིན། ཡ་རབས་མ་བྱས་པའི་སྐབས་སུ་འཕྲལ་གྱི་གྱོང་ལེན་པའི་འདོད་པ་དེ་མེད་སྟབས་དེ་ལ་སེམས་ན་གྲ་སྒྲིག་ཅིང་དེའི་དབང་གིས་འཕྲལ་གྱི་དཀའ་ངལ་བྱུང་བ་དེ་ཡང་ལྡབ་ཀྱི་ཆེ་བ་ཡིན། དེར་མ་ཟད་གལ་སྲིད་ཕུགས་ལ་འབྱུང་རྒྱུའི་ཁེ་རང་ལ་མ་བྱུང་ན་འགྱོད་པ་ལྡབ་ཀྱིས་ཆེ་བ་ཡིན། དེས་ན་འཕྲལ་གྱི་གྱོང་བླངས་པ་དེ་དོན་མེད་ཀྱི་གྱོང་བླངས་པ་ཙམ་དུ་གྱུར་བ་མ་ཡིན་ནམ།
དེའི་ཕྱིར་ཡ་རབས་དང་ཆོས་ཀྱི་བྱ་བ་ནི་གང་ཟག་སྒེར་གྱིས་བྱེད་འོས་པ་ཞིག་ཡིན་ལ་གང་ཟག་སྒེར་གྱིས་བྱེད་དགོས་པ་ཞིག་ཀྱང་ཡིན། འོན་ཀྱང་རྒྱལ་ཁབ་སྲིད་ཇུས་ལ་འཇོག་འོས་པ་ཞིག་ཡེ་ནས་མིན། རྒྱུ་མཚན་ནི་ཆོས་དང་ཡ་རབས་ནི་སྒེར་གྱི་བྱ་བ་ཡིན་པའི་དབང་གིས་ཡིན། གཞུང་གི་འོག་ཏུ་རིགས་དང་མོས་པ་ཁམས་སོགས་མི་འདྲ་བའི་གང་ཟག་སྣ་ཚོགས་ཡོད་ཅིང་འགའ་རེས་གོང་དུ་བཤད་པ་ལྟར་གྱི་འཕྲལ་གྱོང་དེ་ལེན་འདོད་ཡོད་སྲིད་མོད་ གཞན་མང་པོ་ཞིག་གིས་དེ་ལྟར་མི་འདོད། དེའི་སྟབས་ཀྱིས་འབངས་རྣམས་ཡིད་མ་རངས་བའི་གནས་ཚུལ་འབྱུང་། ཆབ་འབངས་ཡིད་མ་རངས་བ་ནི་རྒྱལ་ཁབ་ལྷིང་འཇགས་མེད་པའི་རྒྱུ་གཙོ་བོ་ཡིན། འོན་ཀྱང་གཞུང་གིས་ཡ་རབས་བྱེད་མི་ཉན་ཞེས་པ་དེ་འདི་ལྟར་ཤོག་ཐོག་ཏུ་འབེབས་རྒྱུ་ཞིག་ག་ལ་ཡིན་ཏེ་མིན་པར་དེ་ནི་གཞུང་འཛིན་པ་པོ་དག་གི་སེམས་ལ་ཉར་རྒྱུ་ཞིག་ཡིན།
ལར་ནས་ཡ་རབས་མ་བྱས་ན་མ་རབས་བྱེད་དགོས་པ་འང་མིན། ཡ་རབས་དང་མ་རབས་ཀྱི་བར་དུ་གནམ་ས་ལྟ་བའི་སྟོང་ཆ་ཡོད། གཞན་གྱི་བདེ་སྡུག་ལ་ཅི་མི་སྙམ་རང་གི་ཁེ་ཕན་ཁོ་ནར་བསམ་པ་ནི་མ་རབས་ཡིན་ཞིང, གཞན་ལ་གནོད་པ་ལ་འཛེམས་བཞིན་པའི་སྒོ་ནས་རང་དོན་ལ་གཙོ་བོ་དམིགས་པ་སོགས་ནི་ཡ་རབས་མ་རབས་གཉིས་ཀ་མི་ཚུད། འདི་འདྲ་བའི་ལུང་བསྟན་གྱི་ལས་གཞུང་གིས་བྱེད་ཆོག་པའི་རིགས་ཧ་ཅང་མང།
སྔར་བོད་ཀྱི་དབུ་ཁྲིད་རྣམས་ནི་ཆོས་པ་ཚད་ལྡན་ཤ་སྟག་ཡིན་པས་བོད་ཀྱི་ཆབ་སྲིད་དེ་ཆོས་སྲིད་ཟུང་འབྲེལ་ཡང་དག་པར་བསྐྱངས་ཡོད། དེའི་སྟབས་ཀྱིས་བོད་ཀྱི་དབུ་ཁྲིད་དག་གིས་གཙོས་བྱས་པའི་དུས་རབས་དེའི་མི་ཕལ་ཆེ་བ་ཡ་རབས་ཤ་སྟག་ཏུ་གྱུར་བ་ཡིན། དེའི་རྐྱེན་གྱིས་དེའི་སྐབས་ཀྱི་བོད་ཀྱི་དབུ་ཁྲིད་དག་གིས་གཙོས་བྱས་པའི་དུས་རབས་དེའི་མི་ཕལ་ཆེ་བས་ཡུལ་ཕྱོགས་གཞན་ན་མི་རྣམས་ཀྱིས་བོད་ལ་མ་རབས་ཀྱིས་བྱ་བ་སྣ་ཚོགས་སྤེལ་བཞིན་པ་དུས་ཐོག་ཏུ་ཤེས་ཚོར་མ་བྱུང་བ་རེད། རང་གིས་ཀྱང་གཞན་དག་དང་མཐུན་པར་ཡ་རབས་མ་ཡིན་པའི་སྤྱོད་པ་འོས་འཚམས་ཀྱིས་ལག་ལེན་དུ་སྟར་དགོས་པ་དེ་མ་ཤེས་པ་རེད། འདི་ལ་མི་ཚོས་’’སྔར་ང་ཚོར་དེང་དུས་ཤེས་ཡོན་མེད་པའི་དབང་གིས་ལན་པ་ཡིན’’་ཞེས་འགྲེལ་བཤད་རྒྱག་གི་ཡོད་མོད, འོན་ཀྱང་ཡིན་རྒྱུ་ནི་དེ་མིན་པར་རང་ཉིད་ཡ་རབས་ལ་ཞུགས་དྲག་པའི་དབང་གིས་ཡིན། སྐུ་ཞབས་ཞོགས་དུང་སོགས་ཀྱི་འདོད་ཚུལ་ཡང་དགོངས་པ་འདི་འདྲ་ཞིག་ཡིན་པ་ལས་ནང་ཆོས་ཀྱིས་སྲིད་ལ་ཉམས་རྒུད་གཏོང་ཚུལ་གཞན་གང་ཡང་མེད།
གཞུང་གི་སྒྲུབ་དགོས་པའི་བྱ་བ།
འོ་ན་གཞུང་ཞིག་ལ་མཚོན་ན་གཞུང་གི་སྒྲུབ་དགོས་པ་ནི་སྤྱི་དོན་ཁོ་ན་ལས་སྒེར་དོན་ཡེ་ནས་སྒྲུབ་མི་ཆོག འདི་ཙམ་ནི་ཀུན་གྱི་ངག་ལ་རླུང་ལྟར་ཡོད་ཀྱང་ཆོས་སྲིད་ཟུང་འབྲེལ་འོས་དང་མི་འོས་ཀྱི་རྩོད་པའི་འུར་ཟིང་འདིའི་ནང་དུ་རྩོད་གཞི་འདི་ལ་ཕན་པར་གྱུར་བའི་ནང་དོན་གཙང་མ་ཞིག་ད་དུང་ཡང་མང་པོ་ཞིག་གིས་མཐིལ་ཕྱིན་པ་ཞིག་རྟོག་ཡོད་པར་མི་སྣང་། དམའ་མཐར་ཡང་རང་ཉིད་ཀྱི་ལངས་ཕྱོགས་འདི་བརྟན་པའི་ཆེད་དུ་འདི་དག་ལ་གཙང་གསལ་གྱི་འགྲེལ་བཤད་རེ་བྱེད་པ་དུས་སུ་བབས།
འོ་ན་སྤྱི་དོན་ཞེས་པའི་གོ་དོན་གང་ཡིན་ནམ། སྒེར་དོན་ཞེས་པ་དེའི་གོ་དོན་གང་ཡིན་ནམ། རང་དོན་དང་གཞན་དོན་གཉིས་གང་ལ་གོ། འདི་དག་ཀྱང་སྐབས་འདིར་འདྲི་འོས་པ་ཞིག་རེད། སྤྱི་དོན་ཞེས་པ་ཐུན་མོངས་ལ་ཁྱབ་ཐུབ་པའི་ལས་དོན་ཞིག་ལ་གོ་ཆོག་ཅིང, སྒེར་དོན་ཞེས་པ་ནི་དེ་ལས་ལྡོག་ཕྱོགས་ཤིག་ལ་གོ་དགོས། དེ་ཡང་བྱེད་པ་པོའི་གང་ཟག་གཅིག་གི་སྒེར་གྱི་དོན་ཙམ་ལ་གོ་རྒྱུ་མིན་པར་ད་དུང་སྤྱི་སྙོམས་སུ་ཁྱབ་མི་ཐུབ་པའི་ལས་དོན་་དག་ལ་ཡང་སྒེར་དོན་དུ་གོ་དགོས། འདིའི་དཔེར་མཚོན་ཡག་ཤོས་ནི་ཆོས་སྒྲུབ་པ་དེ་ཡིན།
སྤྱི་དོན་ཞེས་པ་ནི་སྤྱིར་རིགས་ཡོངས་རྫོགས་ཁྱབ་པའི་དོན་ཞིག་ཏུ་གོ་དགོས་ན་ཡང, དེ་མི་རིགས་བྱེ་བྲག་པའམ་ཡང་ན་ལུང་ཚན་བྱེ་བྲག་པ་ཞིག་གི་འབངས་མི་ཀུན་ལ་སྤྱི་སྙོམས་སུ་ཁྱབ་ཐུབ་པའི་ལས་ཀ (ཀུན་ལ་ཁྱབ་མ་ཐུབ་རུང་)་ཞིག་ལ་ཡང་སྤྱི་དོན་དུ་འཇོག་ཆོག།མདོར་བསྡུས་ནས་བཤད་ནམིའི་སྡེ་ཚོགས་ཤིག་ལ་ཆ་སྙོམས་སུ་གཅིག་མཚུངས་ཀྱིས་ཐོབ་རྒྱུ་ཡོད་པའི་ལས་དོན་ཞིག་ལ་གོ་དགོས་པ་ཡིན། དཔེར་ན་མི་བཞི་ལ་སྒོར་༢༠་བགོས་ན་མི་རེར་ཆ་སྙོམས་སུ་གཅིག་མཚུངས་ཀྱིས་སྒོར་༥་རེ་ཐོབ་པ་ལྟ་བུ་ལ་སྤྱི་དོན་ཟེར།
དེ་བཞིན་སྒེར་དོན་ཞེས་པ་ནི་སྤྱིར་གང་ཟག་བྱེ་བྲག་གཅིག་དོན་དུ་གོ་ན་ཡང, དེ་འཛམ་གླིང་སྤྱི་ཡོངས་ཀྱི་གང་ཟག་བྱེ་བྲག་པ་རེ་རེའི་དོན་ལ་གོ་ཆོག་པས་སྒེར་དོན་ཟེར་བ་འདི་ཀུན་ལ་ཁྱབ་པའི་ལས་ཀ་ཞིག་(དེར་མ་འདུས་པ་མེད)་ལ་ཡང་གོ་ཆོག།དེ་ཡང་མདོར་བསྡུས་ནས་བཤད་ན་མིའི་སྡེ་ཚོགས་ཤིག་ལ་ཆོས་བཤད་པ་ན་སྐྱེ་བོ་སོ་སོ་ལ་སོ་སོའི་ཁམས་དང་མོས་པ་ལ་འཚམས་པའི་ཆོས་རེ་ཐོབ་རྒྱུ་ལས་གོང་གི་སྒོར་མོ་བགོས་པ་ལྟར་ཡོང་མི་ཐུབ་ལ་དེ་ལྟར་དམིགས་ཀྱང་མེད། དེ་འདྲ་བའི་ལས་དོན་ལ་སྒེར་དོན་ཞེས་གོ་དགོས་པ་ཡིན། དེའི་ཕྱིར་སྤྱི་དོན་དང་སྒེར་དོན་གྱི་ཁྱད་པར་ནི་ཁེབས་རྒྱ་ཆེ་ཆུང་གིས་མིན་པར་དམིགས་སྟངས་ཟབ་ཞན་གྱིས་འཇོག།
སྤྱི་དོན་དང་རང་དོན་མི་འགལ་ཞིང, སྒེར་དོན་གཞན་དོན་མི་འགལ། འདི་དག་ལ་མི་བཞི་རེ་འཇོགས་རྒྱུ་ཡོད། དང་པོ་སྤྱི་དོན་དང་རང་དོན་གཉིས་ཀ་ཡིན་པ་ནི་སྲིད་གཞུང་གིས་སྒྲུབ་འོས་པའི་ལས་དོན་དག་སྟེ, དཔེར་ན་གཞུང་ལམ་བཟོ་བ སྨན་ཁང་དང་སློབ་གྲྭ་སོགས་འཛུགས་སྐྲུན་སོགས་མི་རིགས་དེའི་བདེ་དོན་གྱི་ལས་ཀ་དག་ཡིན། རང་དོན་ཡིན་ལ་སྤྱི་དོན་མིན་པ་ནི་ཕྱག་སྐོར་དང་མཆོད་འབུལ་སོགས་སྐྱེ་བོ་ཕལ་བས་ཚོགས་གསོག་སྒྲིབ་སྦྱོང་གི་ཆོས་བྱེད་པ། སྤྱི་དོན་ཡིན་ལ་རང་དོན་མ་ཡིན་པ་ནི་ཆོས་པ་ཚད་ལྡན་ཏེ, ཐེག་ཆེན་བྱང་ཆུབ་སེམས་དཔས་བྱེད་པའི་མི་མང་གི་བདེ་དོན་ལ་དམིགས་པའི་བྱ་བ་དག་ཡིན། གཉིས་ཀ་མ་ཡིན་པ་ནི་ཕྲུ་གུའི་རྩེད་མོ་ལྟ་བུ་བཅས་ཡིན།
གཉིས་པ་སྒེར་དོན་དང་གཞན་དོན་གཉིས་ཀ་ཡིན་པ་ནི་ཆོས་པ་ཚད་ཏེ, ཐེག་ཆེན་བྱང་ཆུབ་སེམས་དཔས་ཚོགས་གསོག་སྒྲིབ་སྦྱོང་གི་ཆོས་བྱེད་པ། སྒེར་དོན་ཡིན་ལ་གཞན་དོན་མ་ཡིན་པ་ནི་ཐེག་དམན་པས་བྱེད་པའི་ཚོགས་གསོག་སྒྲིབ་སྦྱོང་གི་བྱ་བ་དག གཞན་དོན་ཡིན་ལ་སྒེར་དོན་མ་ཡིན་ནི་ ཐེག་ཆེན་བྱང་ཆུབ་སེམས་དཔས་མི་མང་གི་བདེ་དོན་ལ་དམིགས་པའི་བྱ་བ་དག གཉིས་ཀ་མ་ཡིན་པ་ནི་སྨྱོན་པའི་བྱ་སྤྱོད་ལྟ་བུ་ཡིན།
དཔེར་ན་ཆོག་ཤེས་བྱས་པ་ལས་བདེ་བ་འབྱུང་གི་ཡོད་པ་ཕལ་ཆེར་ཀུན་ལ་གཅིག་མཐུན་ཡིན་མོད, སུ་ཞིག་གིས་དེའི་ཆེད་དུ་བྱ་བ་སྒྲུབ་ན་དེ་ནི་སྤྱི་དོན་མིན་པར་སྒེར་དོན་དུ་འགྲོ། རྒྱུ་མཚན་ནི་ཁྱོད་ཀྱི་ཆོག་ཤེས་དེས་ང་ལ་བེད་སྤྱོད་མེད་པས་སོ། ཡང་ན་བསྟན་འཛིན་གྱི་ཆོག་ཤེས་དེས་བསྟན་འཛིན་ཁོ་ན་ལ་ཕན་ཐོགས་པ་ལས་བཀྲ་ཤིས་ལ་ཕན་མི་ཐོགས་སོ། དེའི་ཕྱིར་འདི་ཡང་གཞུང་གིས་བྱེད་མི་འོས་པའི་ལས་དོན་ཞིག་རེད། རྒྱུ་མཚན་ནི་སྒེར་དོན་པས་སོ།
སྤྱི་དོན་སྤྱིས་བྱེད་དགོས་ཤིང, སྒེར་དོན་སྒེར་གྱིས་བྱེད་དགོས། འདི་གཉིས་ནམ་ཡང་བསྲེ་མི་ཉན། ཡང་ན་སྤྱི་དོན་གཞུང་གིས་བྱེད་དགོས་ཤིང, སྒེར་དོན་སྒེར་གྱིས་བྱེད་དགོས། གཞུང་གིས་ཆོས་སྒྲུབ་ན་གཞུང་གིས་སྒེར་དོན་བསྒྲུབས་པར་སོང་བ་ཡིན་ཞིང, དེ་ནི་མི་འོས་པ་དེ་ཡིན། རྒྱུ་མཚན་ནི་གཞུང་གིས་ཆོས་སྒྲུབ་ན་དེ་ཙམ་གྱིས་གཞུང་དེ་མ་དྲང་བའི་བྱ་ལ་ཞུགས་ཟིན་པ་རེད། ཡང་ན་སྲིད་གཞུང་གིས་བྱེད་འོས་པ་དང་བྱེད་དགོས་པ་ནི་སྤྱི་དོན་དང་རང་དོན་རེད། སྒེར་གྱིས་བྱེད་འོས་པ་དང་བྱེད་ཆོག་པ་ནི་སྒེར་དོན་དང་གཞན་དོན་རེད། མཐའ་ན་སྤྱི་དོན་སྒེར་གྱིས་བྱས་པར་ཡང་སྐྱོན་ཞིག་ཡོད། འདི་ནི་དབང་ཆ་གཅིག་སྡུད་ལམ་ལུགས་ལ་བསམ་པ་ཡིན།
ཆོས་པས་བྱེད་པ་ནི་སྒེར་དོན་དང་གཞན་དོན་ཡིན་ཞིང, སྲིད་གཞུང་གིས་བྱེད་དགོས་པ་ནི་སྤྱི་དོན་དང་རང་དོན་ཡིན། སྲིད་གཞུང་གི་ལས་ཀ་དེ་མི་རིགས་སམ་རྒྱལ་ཁབ་གཞན་ལ་ཕན་པའི་བསམ་བློ་མེད་སྟབས་རང་དོན་དུ་འབོད་ཆོག་ལ, རང་རིགས་ཡོངས་ལ་སྤྱི་སྙོམས་སུ་དམིགས་པའི་ལས་དོན་ཡིན་པས་སྤྱི་དོན་ཡང་ཡིན། ཆོས་ནི་སྤྱི་མཐུན་གྱིས་བྱེད་རྒྱུ་ཞིག་མིན་པས་སྒེར་དོན་དུ་འབོད་ཆོག་ལ, དེར་རིགས་སུ་མ་ཆད་པའི་གཞན་ལ་ཕན་པའི་བྱ་བ་ཡོད་པས་གཞན་དོན་ཡང་ཡིན།
རང་རེ་བོད་ཀྱི་གཞུང་ཞེས་པའི་ཚིག་འདིའི་གོ་དོན་ནང་དུ་སྤྱི་ཡི་གོ་བ་ཞིག་ཀྱང་ཡོད། གཞུང་ཞེས་པའི་ཚིག་འདི་རྒྱས་པར་བཀྲམས་ན་སྲིད་གཞུང་ཞེས་པ་འགྱུར་བ་ཡིན། འདི་ལས་ཀྱང་གཞུང་གིས་སྤྱི་དོན་ཁོ་ན་སྒྲུབ་དགོས་པ་རྟོགས་པ་ཐུབ་པ་ཞིག་རེད།
རྒྱལ་ཁབ་ཀྱི་ཁྲིམས་དེ་ཆོས་ཁྲིམས་ཀྱིས་བསྐྱངས་ན་ཆོས་ཁྲིམས་དང་འགལ་བ་དང་ཆོས་ཁྲིམས་ནང་དུ་མེད་པའི་རིགས་ལ་ཁྲིམས་སྐྱོང་བ་པོ་རང་གི་ལྟ་བ་བསྲེས་ནས་སྐྱོང་བ་ཡིན། དེ་ནི་རྙོག་ཟིང་ཐམས་ཅད་ཀྱི་འབྱུང་རྩ་རུ་འགྱུར་། ལག་ལེན་དེ་ལས་ཁྲིམས་སྐྱོང་བ་པོའི་སྒྱིད་ལུག་རང་བཞིན་ཀྱང་མངོན་པ་ཡིན། གང་ལགས་ཤེ་ན་སྔར་སྔ་མོ་ཞིག་ལ་སྐྱེ་བོ་(དེ་དུས་སྐྱེ་བོ་དེ་མཆོག་ཏུ་གྱུར་བ་ཞིག་ཡིན་ཀྱང་ཆོག)་གཞན་ཞིག་གིས་གཏན་ལ་ཕབས་པའི་ལམ་ཞིག་ཁོ་ན་དེད་ནས་འགྲོ་བར་བདམས་པས་སོ། དེའི་ནང་དུ་སྤྱི་ཚོགས་ཀྱི་དགོས་མཁོ་དང་དངོས་ཡོད་གནས་ཚུལ་ལ་རན་པའི་ལམ་སྲོལ་གསར་བའི་རིགས་དཔེར་ན་གཞང་བཙོང་བ་ཁྲིམས་མཐུན་དུ་སྒྱུར་བ་སོགས་ཡོང་ཐབས་མེད།
རྒྱལ་ཁབ་ཀྱི་ཁྲིམས་དེ་འཇིག་རྟེན་ལུགས་སམ་སྲིད་ལུགས་ཀྱིས་བསྐྱངས་བ་ན་འཇིག་རྟེན་པ་རང་ཅག་ཇི་ལྟར་དགོས་པ་ཐག་གཅོད་བཞིན་གཅོད་བཞིན་སྐྱོང་བ་ཡིན། ལག་ལེན་དེ་ལས་ཁྲིམས་སྐྱོང་པོ་དག་གི་ཧུར་བརྩོན་གྱི་རང་བཞིན་ཀྱང་མངོན་པ་ཡིན། གང་ལགས་ཤེ་ན་རང་གི་འགྲོ་ལམ་རང་གིས་གསར་གཏོད་བྱེད་བཞིན་འགྲོ་བས་སོ། དེའི་ནང་དུ་སྐྱེ་བོའི་འཚོ་གནས་ལ་ཕན་པའི་བྱ་གང་ཡིན་ཡང་དབྱེ་འབྱེད་མེད་པར་བརྩི་འཇོག་གཅིག་མཚུངས་བྱེད་པ་ཞིག་ཡོང་ཐུབ།
དེ་ལྟར་ཡིན་དུ་ཆུགས་ན་ཡང་བོད་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་བོད་མི་རིགས་ཀྱི་སྒེར་དོན་བྱས་ན་དེ་ལ་སྐྱོན་ཅི་ཡོད། དེ་ཡང་བོད་མི་རིགས་ཀྱི་ཞབས་འདེགས་ཤིག་མིན་ནམ། ཞེས་འདྲི་སྲིད། གནད་དོན་ནི་དེ་རང་ཡིན། ལར་ནས་སྲིད་གཞུང་གིས་ཆོས་སམ་སྒེར་དོན་བྱས་པ་དེ་ཀུན་ལ་སྙོམས་པ་ཞིག་ཡོང་མི་ཐུབ་ལ་ དེ་ལས་ཀྱང་གནད་འགགས་ལྟེ་བ་ནི་སྲིད་གཞུང་རང་ལ་འཁྲི་བའི་ལས་དོན་མ་སྒྲུབ་པ་དེ་རེད། ལས་ཀྱི་ལས་དོན་འགའ་རེ་ཆབ་སྲིད་ཀྱི་ལས་དོན་ལ་ཕན་པ་ཡོངས་སྲིད་ན་ནང་མང་དག་ཅིག་ཆབ་སྲིད་ཀྱི་ལས་དོན་ལ་ཐད་ཀར་འགལ་འདུར་འགྱུར་གྱི་ཡོད། དེ་ཙམ་མ་ཡིན་པར་གནད་དོན་ལྟེ་བ་ནི་སྲིད་གཞུང་གི་ལས་བྱེད་པས་ཉིན་མ་གཅིག་ལ་གཞུང་ལས་ཀྱི་དུས་ཚོད་དེ་ཆོས་བྱེད་པར་བཏང་ན་ཉིན་དེའི་ལས་དོན་འཐུས་ཤོར་དུ་བཏང་བ་རེད། ཉིན་དེའི་འགྲོ་གྲོན་ཆུད་ཟོས་སུ་བཏང་བ་རེད། ཉིན་གཅིག་གི་གོམ་པ་ཕྱིར་བཤིག་བྱས་པ་རེད།
དཔེར་ན་འགྲུལ་འཁོར་གྱི་ཁ་ལོ་བའི་ལས་ཀ་ནི་འགྲུལ་འཁོར་མདུན་དུ་གཏོང་རྒྱུ་དེ་ཡིན་ཞིང, གལ་སྲིད་ཁོས་འགྲུལ་བའི་ལག་ནས་དངུལ་བསྡུ་བའམ་འགྲུལ་བར་ཞབས་ཞུའི་ལས་ཀ་དེ་བྱས་ན་འགྲུལ་འཁོར་མདུན་དུ་འགྲོ་མི་ཐུབ། ཁོས་འགྲུལ་འཁོར་གཏོང་བཞིན་གཏོང་བཞིན་ཞབས་ཞུའི་ལས་ཀ་དེ་བྱས་ན་འགྲུལ་འཁོར་རྡབ་པའི་ཉེན་ཁ་ཆེ། ཡང་ན་འགྲུལ་འཁོར་དེ་གཞན་ཆུ་ཚོད་གཅིག་གིས་སླེབས་སར་ཁོ་ཟླ་བ་གཅིག་འགོར་སྲིད། དེ་བས་ཞབས་ཞུ་བས་རང་གི་ལས་དོན་བྱེད་དགོས་ལ་ཁ་ལོ་བས་རང་གི་ལས་དོན་བྱེད་དགོས། དེ་ལྟར་བྱུང་ན་གཞི་ནས་རང་རེ་སོ་སོའི་དམིགས་ཡུལ་ལ་བདེ་བར་སླེབས་ཐུབ། ཁ་ལོ་བའི་ལས་ཀ་ནི་འདིར་བཤད་པའི་སྤྱིའི་ལས་དོན་ཟེར་བ་དེ་དང་འདྲ་ཞིང, ཞབས་ཞུ་བ་ནི་འདིར་བཤད་པའི་སྒེར་གྱི་ལས་དོན་ཟེར་བ་དེ་དང་འདྲ།
ལར་ནས་རྒྱལ་ཁབ་ཀྱི་ཁྲིམས་དེ་ཆོས་ཁྲིམས་རྣལ་མ་བཞིན་སྐྱོང་བ་ཞིག་ཡོང་ཡང་མི་སྲིད། དེས་ན་དེ་ལྟར་རེ་བ་དང་འབད་པ་བྱེད་པ་ནི་ངལ་བ་འབྲས་མེད་ཅིག་ཡིན། སྲིད་གཞུང་ཞིག་གིས་བྱ་བ་ནི་དགྲ་འདུལ་གཉེན་སྐྱོང་བྱེད་རྒྱུ་དེ་ཡིན་ལ་ཆོས་ཀྱི་ནང་དུ་དགྲ་གཉེན་གྱི་རྣམ་བཞག་ཀྱང་མེད། ཕྱི་དགྲ་འདུལ་ཞིང་ནང་ཁྲིམས་བཅད་པ་དེ་ཆོས་དང་མི་མཐུན་པ་ཕར་ཞོགས, མཐའ་ན་སྙན་ཚིག་ཅིག་སྐྱོར་བ་ཙམ་ཡང་ཆོས་དང་མི་མཐུན། རྒྱུ་མཚན་ནི་སྙན་ཚིག་གྱེར་བ་དེ་ཆགས་སྡང་གི་ས་བོན་སྐྲུན་ཆེད་དུ་ཡིིན་ཞིང, ཆགས་སྡང་ནི་ཆོས་ཀྱི་དགྲ་ངོ་མ་དེ་ཡིན། ཉོན་མོངས་ལ་ཡ་བྱེད་རྒྱུ་མེད་པ་དེ་ཆོས་ཀྱི་བསླབ་བྱ་གཙོ་བོ་ཞིག་ཡིན་ན་ཡང་སྲིད་སྐྱོང་བའི་ནང་དུ་ཉོན་མོངས་ཀྱི་གྲོགས་ལ་བརྟེན་ནས་སྐྱོང་དགོས།
དེ་ལྟར་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་གཞུང་དེ་ནམ་ཡང་ཡང་དག་པ་ཞིག་མིན། རྒྱུ་མཚན་ནི་སྲིད་གཞུང་གིས་སྒེར་དོན་ནམ་ཡང་བྱེད་མི་ཆོག་པས་སོ།
རང་རེའི་ཡུལ་འདིར་བརྒྱ་ཆའི་དགུ་བཅུ་གོ་དགུ་ལྷག་ཆོས་དད་ཅན་གྱི་མི་ཡིས་གྲུབ་ཡོད་སྲིད་ཀྱང་རང་རེའི་སྲིད་གཞུང་གི་ལས་ཀ་ནི་ཆོས་བྱེད་དགོས་པ་ཡེ་ནས་མིན། ཅི་སྟེ་འབངས་མིའི་བརྒྱ་ཆ་བརྒྱ་ཆོས་ཁོ་ན་མ་གཏོགས་མི་དགོས་པའི་ཡུལ་གྲུ་ཞིག་ཡོད་ན་དེར་ཡང་གཞུང་གི་སྒྲུབ་དགོས་པ་ནི་ཆོས་མིན། ཅི་སྟེ་ཡུལ་དེའི་གཞུང་གང་དེས་ཆོས་བྱས་ནས་བསྡད་ན་དེ་ནི་རོགས་རེས་ཚོགས་པ་ལྟ་བུ་ཞིག་ཡིན་པ་ལས་སྲིད་གཞུང་ཞིག་མིན། ཅི་སྟེ་ཡུལ་དེའི་འབངས་མི་དག་ལ་གཞུང་གི་ལས་དོན་དེ་ཙམ་གྱིས་འགྲིག་གི་ཡོད་ན་དོན་དུ་ཡུལ་དེར་སྲིད་གཞུང་ཞིག་གིས་དགོས་པ་མ་བྱུང་བ་རེད། ཆོས་པ་རྣམ་དག་ཅིག་ལ་གཞུང་དགོས་དོན་ཀྱང་མེད།
གཞུང་ལ་གཞུང་གི་ལས་དོན་ཞིག་ཡོད་ཅིང, དེ་ནི་མི་མང་གི་བདེ་དོན་ལ་འགན་ལེན་བྱེད་རྒྱུ་དེ་རེད། གཞུང་གི་ལས་བྱེད་པས་ཉིན་མ་གཅིག་ལ་ཆོས་བྱས་ན་ཉིན་དེར་གཞུང་གི་ལས་ཀ་མ་བྱས་པ་རེད། དེ་ལྟར་གཞུང་གི་ལས་ཀ་བྱེད་པ་དང་ཆོས་སྒྲུབ་པ་གཉིས་མེ་ཆུ་ལྟར་ཕན་ཚུན་སྤང་འགལ་མིན་ཀྱང, ཀ་བུམ་ལྟར་ལྷན་གཅིག་མི་གནས་འགལ་རེད། གཉིས་ཀ་ཡིན་པ་ནམ་ཡང་མི་སྲིད།
འདིའི་ཐད་དུ་གཞུང་གིས་བྱེད་ཆོག་པ་གང་ཡོད་ཟེར་ན་གང་ཟག་སྒེར་བ་ཆོས་སྒྲུབ་འདོད་ཡོད་མཁན་ཚོ་ལ་ཆོས་སྒྲུབ་པའི་འགལ་རྐྱེན་སེལ་བ་དང་མཐུན་སྒྲུབ་པ་གཉིས་ཀ་བྱེད་ཆོག།
རང་རེའི་གཞུང་གིས་ཆོས་ཕྱོགས་ཀྱིས་ལས་དོན་དེ་ཙམ་མང་པོ་བྱེད་པ་འདི་ལ་ང་དང་ང་ལྟ་བུ་སྤྱི་འབངས་མང་དག་ཅིག་གིས་ ‘སོ་སོས་ཕུལ་བའི་གཞུང་ཁྲལ་དེ་བེད་སྤྱོད་ལོག་པར་གཏོང་གི་འདུག’་ཅེས་བསླང་བཙུགས་ན་རྒྱུ་མཚན་དང་མི་ལྡན་པ་ཞིག་མ་རེད། ‘ངས་ཁྲལ་ཕུལ་བ་དེ་རྒྱལ་ཁབ་འཛུགས་སྐྲུན་གྱི་ཆེད་དུ་ཕུལ་བ་ལས་ཁྱེད་ཀྱིས་ཡིད་ཆས་ཡོད་པའི་(ངས་ཡིད་ཆས་མེད་པའི) བྱ་བ་ཞིག་གི་ཆེད་དུ་ཆུད་ཟོས་སུ་གཏོང་ཆོག་པར་ཕུལ་མེད’་ཅེས་བཤད་ན་འོས་ཤིང་འཚམས་པ་ཞིག་རེད། དམངས་གཙོའི་རྒྱལ་ཁབ་ནང་དུ་རྩོད་པ་འདི་ཡང་ཡང་ཡོང་ཞིང་དེ་ལུགས་མཐུན་ཞིག་ལ་བརྩི་བ་ཡིན། མང་ཚོགས་ཀྱི་ལག་ནས་དངུལ་བསྡུ་ཚར་རྗེས་སུ་དབང་འཛིན་པ་དག་གིས་ད་ང་ལ་དབང་ཆ་ཡོད་ཅེས་འཆར་གཞི་ཇི་ལྟར་བཏིང་ཀྱང་ཁོང་ཚོར་རང་དབང་ཡོད་པ་ཞིག་མིན། གལ་སྲིད་སྤྱི་ལ་ཁྱབ་པའི་ལས་གཞི་ཞིག་ཡིན་ན་འདི་དང་འདི་ལྟ་བུ་ཧ་ཅང་མང་།
ཁྱེད་ཀྱི་ཡིད་ཆས་ཡོད་པའི་དོན་ལ་ཁྱེད་རང་གི་དངུལ་སྤྱད་དེ་སྤྱི་དོན་ལ་དམིགས་ནས་བྱ་སྒྲུབ་ན་འགྲིག་ལ་དེ་ལྟར་བྱེད་འོས་པ་ཡང་ཡིན། དེ་ཁྱེད་ཀྱི་ངོས་ནས་རྒྱལ་ཁབ་ཀྱི་ཆེད་དུ་ལེགས་སྐྱེས་ཕུལ་བ་ཡིན་ན་དེ་ལྟར་བྱེད་ཀྱང་དགོས། འོན་ཀྱང་དེ་ལ་ངའི་དངུལ་སྤྱད་ན་ཇི་ལྟར་འོས་སམ།
གནས་སྟངས་འདི་འདྲ་ཡོང་དགོས་དོན་ནི་གང་ཟག་བྱེ་བྲག་པ་དེ་ཕྱོགས་ལྷུང་ཆེ་བ་དང་སྤྱི་ཁྱབ་ཀྱི་བསམ་བློ་མེད་པ་སོགས་ཀྱི་བྱུང་བ་ཆེར་མིན། དེ་ནི་ཆོས་སྲིད་ཟུང་འབྲེལ་ཞེས་པ་དེའི་ནང་དུ་ཡོང་གི་རེད། ཆོས་སྲིད་ཟུང་འབྲེལ་ཞེས་པ་འདི་རྒྱལ་ཁབ་ཀྱི་ཁྲིམས་དེ་ཡ་རབས་ཀྱི་ལུགས་དང་མཐུན་པར་སྐྱོང་བ་ལ་ཟེར་བ་མིན། རྒྱལ་ཁབ་དང་ཆོས་ལུགས་གཉིས་ཀྱི་བདག་པོ་མི་གཅིག་གིས་བྱས་པ་ལ་ཆོས་སྲིད་ཟུང་འབྲེལ་དུ་གོ་དགོས་པར་མཁས་པ་ཆེན་པོ་ཞིག་གིས་གསུངས་པ་དེ་ཡང་ཕྱོགས་ནས་འགྲིག་པ་ཞིག་མིན། མདོར་བསྡུས་ན་སྲིད་གཞུང་གང་ཞིག་གིས་རྒྱལ་ཁྲིམས་དེ་ཆོས་ཁྲིམས་ལས་བརྒལ་མི་ཕོད་པར་སྐྱོང་བ་དེ་ལ་ཆོས་སྲིད་ཟུང་འབྲེལ་ཞེས་འབོད་ཆོག། འདི་ནི་ནམ་ཞིག་ཆོས་ཀྱི་དབུ་ཁྲིད་དེ་སྲིད་ཀྱི་དབུ་ཁྲིད་དུ་གྱུར་ན་གཞི་ནས་ཡོང་བ་ཡིན། གང་ལགས་ཤེ་ན་མི་གཅིག་གིས་བྱ་བ་འགལ་འདུ་བ་ཞིག་དུས་གཅིག་ཏུ་བྱེད་མི་ཐུབ་པའི་དབང་གིས་རེད།
དེའི་ཕྱིར་ཆོས་སྲིད་ཟུང་འབྲེལ་གྱི་རྒྱལ་ཁབ་ནི་གང་ཟག་བྱེ་བྲག་མང་དག་ཅིག་གི་འབྱོར་བ་ཀུན་རྩ་བ་ཡིན་པ་སྲིད་ན་ཡང, ངོ་མ་རྒྱལ་ཁབ་ཅིག་ལ་མཚོན་ན་རྒུད་པ་ཀུན་གྱི་རྩ་བ་རེད། ཆོས་སྲིད་ཟུང་འབྲེལ་འདི་གང་ཟག་མང་དག་ཅིག་གི་གཏན་གྱི་བདེ་བ་སྒྲུབ་པའི་རྒྱབ་རྟེན་ཞིག་ཡིན་དུ་ཆུགས་མོད, ངོ་མ་རྒྱལ་ཁབ་ཅིག་ལ་མཚོན་ན་གནས་སྐབས་ཀྱི་སྡུག་བསྔལ་མཐའ་དག་འདྲེན་པའི་བྱུར་སྣ་དེ་ཡིན།
གཉིས་པ། ཆོས་ལུགས་རེས་མེད་ཀྱི་ལྟ་བ་ལ་བསམ་གཞིགས།
འགའ་རེས་ཆོས་སྲིད་ཟུང་འབྲེལ་ཟེར་བ་འདིའི་འཚང་རེ་འགའ་ལ་རྫི་ཙམ་སླེབས་སྐབས་དེ་ཕལ་ཆེར་ལེགས་པ་ཞིག་མིན་པ་འདྲ་མོད, ཆོས་ལུགས་རེས་མེད་ཅེས་པ་འདི་གཞོགས་གཉིས་ཤོངས་ཀྱི་ཐབས་ལམ་བཟང་པོ་ཞིག་ཡིན་པར་མཐོང་གི་ཡོད། འདི་ལ་གོ་བ་གཉིས་ཡོད་པ་སྟེཿ གཅིག་ནི་ཆོས་ལུགས་ཀུན་ལ་བཏང་སྙོམས་ཀྱི་འདུ་ཤེས་བཞག་ཅིང་སྲིད་གཞུང་གིས་ཆོས་ལུགས་གང་ལ་ཡང་ཉམས་ལེན་མི་བྱེད་པ་དེ་ཡིན། གལ་འདི་ཡིན་ན་སྐྱོན་ཆ་གང་ཡང་མེད་མོད་ ད་ལྟ་འདི་ཡིན་པའི་ངེས་གཏན་དང་གསལ་ཁ་གང་ཡང་མེད། གཞན་དེ་ནི་སྲིད་གཞུང་གི་ངོས་ནས་ཆོས་ལུགས་ཚང་མ་ལ་གཅིག་མཚུངས་སུ་ཉམས་ལེན་བྱེད་རྒྱུ་དེ་རེད། བདག་གི་བསམ་པར་འདི་ནི་ཆོས་སྲིད་ཟུང་འབྲེལ་ལས་ཀྱང་ཐུ།
ཆོས་སྲིད་ཟུང་འབྲེལ་ཙམ་ཡིིན་ན་ཁ་ཆེའི་ཡུལ་ཁམས་ལྟ་བུ་ཆོས་ལུགས་གཅིག་ལ་འཐམ་ནས་དེ་དང་མ་འགལ་བ་ཞིག་(ཆོས་དང་མ་འགལ་བའི་སྲིད་ཞིག་ཡོང་ཐབས་མེད)བྱུང་ན་དེས་འགྲིག་པ་རེད། འོན་ཀྱང་ཆོས་ལུགས་རེས་མེད་ཀྱི་ལམ་ལུགས་ནང་དུ་ཆོས་ལུགས་ཀུན་ལ་སྤྱི་སྙོམས་ཀྱི་བལྟ་བ་ཞིག་འཛིན་དགོས། མ་གཞི་དེ་ཡོང་ཀྱང་ཧ་ཅང་ཧ་ཅང་དཀའ་། གལ་སྲིད་དེ་འབྱུང་བའི་འབད་བརྩོན་བྱས་ན་ཆོས་ལུགས་རེ་རེའི་དོན་དུ་གཞུང་གི་ལས་དོན་འཐུས་ཤོར་རེ་རེ་གཏོང་དགོས།
གོང་གི་འགྲུལ་འཁོར་གྱི་དཔེ་དེ་སླར་ཡང་འདི་བླངས་ན; འགྲུལ་འཁོར་དེའི་ནང་དུ་ཤ་མི་ཟ་མཁན, འབྲས་མི་ཟ་མཁན, བག་ལེབ་མི་ཟ་མཁན, ཨ་རག་མེད་ན་མི་འགྲིག་མཁན, སོགས་རིགས་མི་གཅིག་པའི་འགྲུལ་བ་སྣ་ཚོགས་ཤིག་ཡོད། གལ་སྲིད་སྲིད་གཞུང་གིས་ཆོས་ལུགས་རེས་མེད་ཀྱི་ལམ་ལུགས་དེ་ལག་ལེན་སྟར་བ་ཡིན་ན་ཁ་ལོ་བས་དེ་དག་ཐམས་ཀྱི་ཞབས་ཞུ་སྒྲུབ་དགོས་པ་དང་འདྲ། དེ་དག་ཐམས་ཀྱི་ཆེད་དུ་འགྲུལ་འཁོར་དེ་བཀག་ནས་སྒུག་བཞིན་སོང་ན་འགྲུལ་འཁོར་དེ་ཇི་ཙམ་གཞན་གྱི་རྗེས་སུ་ལུས་འགྲོ་བ་ཚོད་དཔག་བྱེད་ཐུབ་པ་ཞིག་རེད།
གསུམ་པ། ཆོས་སྲིད་གཉིས་ལྡན་གྱི་ལྟ་བ་ལ་བསམ་གཞིགས།
ཆོས་སྲིད་གཉིས་ལྡན་ཟེར་བ་ནི་གཞན་ལ་ངོམ་འདོད་པའི་དོན་ཞིག་ལ་མཐོང་གི་ཡོད། དེ་ནི་རྒྱལ་ཁབ་གང་ཞིག་ལ་ཆོས་ཀྱང་ཡོད་ལ་སྲིད་ཀྱང་ཡོད་ཅེས་པའི་དོན་དུ་མཐོང་གི་ཡོད། དེ་ལ་ཞིབ་ཏུ་བསམ་བློ་བཏང་ན་རྒྱལ་ཁབ་གང་ཞིག་ལ་སྲིད་ཀྱི་སྟོབས་ཤུགས་ཡོད་ལ་ཡ་རབས་ཀྱི་ཀུན་སྤྱོད་ཀྱང་ཡོད་ཅེས་པར་གོ་རྒྱུ་ཡིན་འདུག། གང་ལགས་ཤེ་ན་སྔར་ཆོས་དང་སྤྱོད་བཟང་གཉིས་ལོགས་སུ་འབྱེད་མ་ཐུབ་པས་སོ། ཆོས་མེད་པའི་སྲིད་གཞུང་ནི་ཀླ་ཀློའི་སྲིད་གཞུང་དང་ངོ་བོ་གཅིག་ཏུ་མཐོང་གི་ཡོད། དེས་ན་ཆོས་སྲིད་གཉིས་ལྡན་ཞེས་པ་ཡང་ཆོས་སྲིད་ཟུང་འབྲེལ་དང་ངོ་བོ་གཅིག་ཏུ་ཐིམ་འགྲོ་བ་ལས་གཞན་མེད།
ད་སྐབས་ནི་ཆོས་མེད་པའི་སྲིད་གཞུང་དེ་བཟང་བ་ཡིན། སྲིད་མེད་པའི་སྲིད་གཞུང་ནི་སྣམ་བུའི་རྣལ་མ་སྐྱ་ལུག་པ་དང་འདྲ་ཞིང་ཆོས་མེད་པའི་སྲིད་གཞུང་ནི་སྣམ་བུ་དཀར་པོ་ཚོན་གྱི་དྲི་མས་མ་གོས་པ་དང་འདྲ་བ་ཡིན། གལ་སྲིད་སྣམ་བུ་དེ་ལ་ཚོན་ཀ་གཅིག་བཀྱེས་ན་ཚོན་སྣ་གཞན་དེར་འདུ་ཐབས་མེད། ཚོན་སྣ་ཐམས་ཅད་འདུས་པའི་གུང་བུ་ནི་དཀར་བོའི་ཚོན་ཡིན་པའི་ཚན་རིག་གི་བཤད་སྲོལ་འདི་དྲན་པར་གྱིས། དེའི་ཕྱིར་སྲིད་གཞུང་ནི་ཆོས་ཀྱི་ཚོན་ཁ་མ་བསྒྱུར་བའི་སྣམ་བུ་དཀར་རྐྱང་ལྟ་བུ་ཞིག་ཡིན་དགོས་སོ། དེ་ལྟར་བྱུང་ན་ད་གཟོད་ཡུལ་ལུང་དེའི་མདུན་ལམ་ལ་རེ་བ་འབྱུང་བ་ཡིན་ནོ།
དེ་ལྟར་ཁོ་བོས་རང་དོན་དང་གཞན་དོན, སྤྱི་དོན་དང་སྒེར་དོན་རྣམས་ཀྱི་ཚིག་འདི་དག་ལ་གོ་བ་ངེས་གསལ་ཞིག་སྦྱར་ནས་སྲིད་གཞུང་ཞིག་གིས་གང་བྱེད་འོས་པ་དང་མི་འོས་པ; སྒེར་བ་ཞིག་གིས་གང་བྱེད་ཆོག་པ་དང་མི་ཆོག་པའི་རྣམ་བཞག་ཕྱེས་བའི་སྒོ་ནས་ཆོས་སྲིད་ཟུང་འབྲེལ་ཞེས་པ་འདིའི་བཟང་ངན་གྱི་རྣམ་བཞག་ལ་རྒྱུན་དུ་རང་སེམས་ལ་འཆར་བའི་འཆར་སྒོ་རྣམས་སྲུང་བོར་བརྗོད་པ་ཙམ་ཡིན། འདིར་མོས་མཐུན་མེད་པ་དག་ལ་ཀླན་ཀ་འཚོལ་ཆེད་དུ་མིན་ན་ཡང་ཁོང་རྣམས་ཀྱིས་དགོངས་འཆར་གང་བྱུང་བ་ལ་བདག་མི་འགྱོད། རྒྱུ་མཚན་ནི་ངས་རྩོམ་པ་པོ་ཞིག་གིས་རང་གི་འོས་འགན་ཞིག་སྒྲུབ་པར་སྙམ་པས་སོ། འདིར་ཐེ་ཚོམ་ཅན་དག་ལ་ཁོ་བོས་རྒྱུ་མཚན་སྣོན་མ་རེ་ཕུལ་ནས་སེམས་ཐག་ཇེ་ཆོད་དུ་འགྲོ་བའི་རེ་བ་བརྒྱབས་ཡོད།
གོང་གི་དེ་དག་ནི་ཁོ་བོའི་སེམས་ཐག་ཆོད་པའི་རྒྱབ་རྟེན་གྱི་གླེག་བམ་དེ་ཡིན་ཞིང, གོང་གི་དེ་དག་ནི་ཁོ་བོའི་ཞིབ་ཆ་འབྱེད་པའི་མདུན་བཤག་གི་རལ་གྲི་དེ་ཡང་ཡིན། ཤེས་རབ་དང་ཞིབ་ཆ་ནི་གཅིག་ལ་གཅིག་བརྒྱུས་ཡིན་ཞིང་ དེ་ནི་ཡར་རྒྱས་ཀྱི་ངོ་བོ་དེ་ཡིིན། གང་དུ་ཞིབ་ཆ་མེད་པ་དེ་རྗེས་ལུས་ཀྱི་རྣམ་པ་ཡིན་ཞིང་ གང་དུ་ཞིབ་ཆ་ཡོད་པ་དེ་ཡར་རྒྱས་ཀྱི་རྟགས་མཚན་ཡིན།
བཞི་བ། འཇིག་རྟེན་བལྟ་ཚུལ་ལ་བསམ་གཞིགས།
མི་རེ་ལ་འཇིག་རྟེན་བལྟ་ཚུལ་རེ་ཡོད། དེ་ནི་མི་སོ་སོའི་ནང་གི་དབང་པོའི་ནུས་རྩལ་དང་ཕྱིའི་ཁོར་ཡུག་ལ་འགྲོགས་འདྲིས་གཉིས་ལས་མི་སོ་སོའི་སེམས་སུ་འཇིག་རྟེན་བལྟ་ཚུལ་རེ་གྲུབ་ཀྱི་ཡོད། རེ་འགའི་འཇིག་རྟེན་ལྟ་ཚུལ་དེ་མངོན་གསལ་དུ་ཡོད་ཅིང་རེ་འགའི་འཇིག་རྟེན་ལྟ་ཚུལ་དེ་བག་ལ་ཞ་བའི་ཚུལ་དུ་ཡོད། ངས་ཁོང་ལ་མཁས་པའི་དབང་པོའི་གདེངས་འཇོག་རྣལ་ལམ་ཞིག་བྱེད་མོད་ང་དང་ཁོང་གི་འཇིག་རྟེན་བལྟ་ཚུལ་ལ་ཡང་ཁྱད་པར་འགའ་རེ་ཡོད་པ་དེ་འདིར་བཤད་པའི་སྙིང་སྟོབས་ཅིའི་ཀྱང་ཡོད་དགོས།
༡། སྔོན་ཐོན་གྱི་གོ་བ།
མ་གཞི་ང་དང་ང་ལྟ་བུས་ཁོང་གིས་གསུང་བའི་སྔོན་ཐོན་ཅན་གྱི་ཚད་དེའི་གཏིང་མི་ལོན་པར་མི་མཐོང་ན་ཡང་ཁོང་གི་བཞག་པའི་ཚད་གཞི་དེ་དགོངས་པ་ཅན་ཞིག་ཏུ་མཐོང་། ཁོང་གིས་རང་ཅག་ནི་ཨ་རི་སོགས་ལས་སྔོན་ཐོན་ཡིིན་ཚུལ་གསུངས། ༡། ང་ཚོ་ནི་ཨ་རི་སོགས་མ་སླེབས་པའི་ས་ལ་སྔར་ནས་སླེབས་ནས་ཨ་རི་སོགས་ད་ལྟ་གཞི་ནས་ང་ཚོ་སོང་བའི་ལམ་དེ་ལ་སྨོན་བཞིན་ཡོད་ཚུལ་གསུངས། ༢། ང་ཚོ་ནི་ས་བཅུ་ལམ་ལྔའི་ཕྱོགས་སུ་བཞུད་པའི་ནང་དུ་ཀུན་ལས་སྔོན་ཐོན་ཡིན་པས་ཨ་རུ་སོགས་དོན་དུ་ཆེས་རྗེས་ལུས་ཡིན་ཚུལ་གསུངས། ༣། ཨ་རི་སོགས་ནི་འདོད་རྔམ་གྱི་དབང་དུ་ཤོར་ནས་ཚོད་མི་ཟིན་པའི་རྒྱུགས་ཤར་ལྷོད་དྲགས་ཏེ་རི་རྩེར་སླེབས་ཤིང་ དེ་ནས་མུ་མཐུད་ནས་འགྲོ་ས་མེད་པར་མཐོང་ནས་ཕྱིར་ལོག་སྐབས་རང་ཅག་ནི་སྔར་དེར་གནས་ཡོད་སྟབས་མཐའ་མའི་འགྲོ་ས་ནི་རང་ཅག་གི་ལམ་ཕྱོགས་དེ་གྱུར་འདུག་པས་རང་ཅག་ནི་སྔོན་ཐོན་ཡིན་ཚུལ་གསུངས།
དང་པོ་ནི་འཇིག་རྟེན་འདིར་གནས་པའི་སྲོག་ཆགས་ཡོད་ཚད་བདེ་བའི་དོན་དུ་ཉགས་ལྷོད་ནས་བང་འགྲན་བཞིན་ཡོད། བང་འགྲན་དེའི་ནང་དུ་རང་རེ་ཀུན་ལས་སྔོན་དུ་སླེབས་ཡོད་པས་རང་ཅག་ཨ་རི་སོགས་ལས་སྔོན་ཐོན་ཆེ་བར་དགོངས་པ་ཡིན་པ་འདྲ། འདི་ནི་བརྩི་ལུགས་ཤིག་དང་འགྲེལ་ལུགས་ཤིག་མ་འདྲ་བ་ཙམ་ཞིག་རེད།
ད་ལྟ་སྔོན་ཐོན་ཞེས་པ་ནི་དེ་ཙམ་ཞིག་ལ་བརྩི་བ་མིན། ཨ་རི་སོགས་ལ་རྩེ་ནས་ཕྱིར་ལོག་གི་ཡོད་ཀྱང་རུང་གཡང་དུ་མཆོང་གི་ཡོད་ཀྱང་རུང་ ང་ཚོས་བརྒྱུད་དང་རྒྱུད་བཞིན་པའི་ལམ་ལ་ཁོང་ཚོས་མ་བརྒྱུད་པ་མེད་ལ་ང་ཚོས་བརྒྱུད་མ་མྱོང་བའི་ལམ་མང་དུ་ཡོད།
གཉིས་པ་ནི་གང་ཟག་གིས་གང་གི་ཚོད་བཟུང་བར་མི་བྱ་སྟེ། ཉམས་པར་འགྱུར་། ཞེས་དང་ སངས་རྒྱས་གང་དུ་ཡོད་མེད་མི་ཤེས་པས་སུ་ལ་ཡང་དམོད་པ་བྱེད་མི་ཉན་ཚུལ་གསུངས་པ་དང་དངོས་སུ་འགལ། ས་བཅུ་ལམ་སྔའི་ནང་དུ་ང་ཚོ་སྔོན་ཐོན་ཡིན་པར་བསམ་པ་ནི་འཆར་སྣང་ཙམ་ཞིག་ཡིན་པས་སུས་ཀྱང་སུ་ལ་ཁུངས་སྐྱེལ་ར་སྤྲོད་བྱེད་མི་ཐུབ། གཙོ་བོར་ཡིད་ཆས་ལ་རག་ལས་ཡོད། ལར་ནས་སྔོན་ཐོན་སོང་དང་མ་སོང་ཞེས་པའི་སྔོན་ཐོན་དེ་དག་ཞིང་དུ་སྙེག་པའི་སྔོན་མ་ཟེར་བ་མིན་པར་འཇིག་རྟེན་མི་ལུགས་ཀྱི་སྔོན་ཐོན་ལ་ཟེར་བ་ཡིན་པ་ནི་ཁོང་རང་ཉིད་ཀྱིས་ཀྱང་ལེགས་པར་མཁྱེན་གྱི་ཡོད།
གསུམ་པ་ནི་རིགས་ལམ་གྱི་ཐོག་ནས་བསམ་ན་ཨ་རི་སོགས་ཀྱིས་འགྲོ་ཕྱོགས་དེ་ངོ་མ་ལེགས་པའི་བྱ་ཞིག་ལ་སྒྲུབ་ཐུབ་ཀྱི་མེད་དུ་ཆུགས་རུང་ དེ་ནི་འཛམ་གླིང་མི་མང་བརྒྱ་དགུ་བཅུ་གོ་དགུ་དང་ཚེག་དགུ་དགུ་དགུ་ཡིས་འགྲོ་ལམ་དེ་དེད་ནས་འགྲོ་བཞིན་ཡོད་པས་གལ་སྲིད་འགྲོ་ལམ་དེ་དེད་ནས་སོང་ན་ང་ཚོར་དམིགས་བསལ་གྱིས་གྱོང་རག་རྒྱུ་ཞིག་མེད། དེ་ལས་ལྡོག་ཏེ་ང་ཚོས་རང་རེའི་འགྲོ་སྟངས་ལྟར་སོང་བའི་ཁེ་བཟང་ཞིག་ནམ་ཡང་རག་མེད། སྔར་ང་ཚོས་བྱ་བརྒྱས་ཁ་ཉིན་ལ་འཁོར་སྐབས་ཕ་བོང་གི་ཁ སྲིབ་ལ་འཁོར་བའི་སྤྱོད་ཚུལ་དེ་བཟུང་བའི་རྐྱེན་གྱིས་ང་ཚོ་ལ་གྱོང་ཆེན་ཅི་ཙམ་རག་ཡོད་པ་ལ་རྩིས་ཇི་ལྟར་རྒྱག་གམ། ལར་ནས་བྱ་བ་གང་ཞིག་ལེགས་པ་དང་གང་ཞིག་ཉེས་པའི་ཐག་གཅོད་དེ་ང་ཚོ་གཅིག་བུས་ཇི་ལྟར་བྱེད། འཛམ་གླིང་མི་མང་དུང་ཕྱུར་ལྔ་བཅུའི་ཤེས་རབ་ལས་ང་ཚོ་ས་ཡ་དྲུག་གི་ཤེས་རབ་བཟང་པར་སྒྲུབ་དགོས་ན་དཀའ་ཙམ་མིན་ནམ།
ཡ་རབས་སྤྱོད་བཟང་དེ་རང་རེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡིན་ཞེས་འདི་ཁོ་ན་སྤེལ་བར་མགོ་འཁོར་ནས་བསྡད་ན་དེའི་རྒྱབ་ལོགས་ན་བྱ་བཞག་རླབས་པོ་ཆེ་ཇི་སྙེད་ཅིག་འཐུས་ཤོར་དུ་འགྲོ་བཞིན་མེད་པའི་གདེངས་སྤོབས་ཡོད་དམ། འཐུས་ཤོར་དེའི་ཉེར་འབྲས་ཕྱི་རབས་པ་དག་གིས་མྱོང་དགོས་པ་མ་ཡིན་ནམ། སྔར་ཀྱང་ང་ཚོས་ “མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་”སྨོན་ལམ་ཁོ་ནས་དུས་འདས་ནས་མཐར་རང་རེས་རང་མགོ་ཡང་མ་ཐོན་པ་འདི་བྱུང་བ་མ་ཡིན་ནམ།
ཇི་ཙམ་ལུས་པོ་ལ་སྦྱོང་བརྡར་སྤྲད་པ་དེ་ཙམ་གྱིས་ལུས་པོ་བཟང་དུ་འགྲོ་ཞིང་ ཇི་ཙམ་ལུས་པོ་ལས་མེད་སོས་དལ་དུ་བཞག་པ་དེ་ཙམ་གྱིས་ལུས་པོ་ནུས་མེད་དུ་འགྲོ་བ་ནི་འགྲེལ་མི་དགོས་པའི་དོན་དག་ཅིག་རེད། དཔེ་དེ་བཞིན་ཇི་ཙམ་ཉོམ་མོངས་དུག་གསུམ་གྱི་བཀོལ་སྤྱོད་ལ་གོམས་པ་དེ་ཙམ་གྱིས་དེ་དག་གི་བཀོལ་སྤྱོད་ལ་མཁས་པ་ལོས་ཡིན། མདོར་བསྡུས་ན་དེང་རེབས་བསམ་བློ་སྔོན་ཐོན་དུ་སོང་མ་སོང་ནི་ཇི་ལྟར་ཉོན་མོངས་བའི་བློ་དག་གི་བཀོལ་སྤྱོད་མཁས་མིན་ལ་ཐུག་པར་སྣང་།
༢། སྤྱི་ཚོགས་ཀྱི་དམིགས་ཡུལ་ལྟ་ཚུལ།
ཁོང་གི་སྤྱི་ཚོགས་ཀྱི་དམིགས་ཡུལ་ནི་བོད་ཡུལ་འདི་ཆོས་སེམས་ལྡན་པའི་སྐྱེས་བོ་ཤ་སྟག་བཟོ་རྒྱུ་དེ་ཡིན་པ་འདྲ། དེ་ནི་འོང་མི་སྲིད་པའི་དོན་ཞིག་ཡིན་པས་གལ་སྲིད་དེའི་ཆེད་དུ་བྱ་བ་སྒྲུབ་ན་ངལ་བ་འབྲས་མེད་ཡིན། འབྲས་དང་ཚོད་མ་འདི་དག་གི་ནང་དུ་ལུས་ཕུང་གནོད་པའི་དུག་རྫས་མང་དག་ཅིག་ཡོད་ཀྱང་ང་ཚོར་ཡོད་པ་འདི་ཡིན་པས་འདི་མ་ཟོས་བར་འགྲོ་ཐབས་མེད། འདི་ལས་བཟང་བའི་ཟས་ཞིག་བཟོ་རྒྱུ་ཡོད་པ་ཙམ་གྱིས་དེ་ལ་རེ་བ་བརྒྱབ་ནས་སྡོད་པའི་རྒྱུ་མཚན་མི་ཚང་བ་བཞིན་འདི་ལས་བཟང་བའི་སྤྱོད་པ་ཞིག་སྟོན་རྒྱུ་ཡོད་པས་དེར་རེ་བ་བྱས་ན་ག་ལ་འགྲིག། སྐྱེས་ནས་རང་ཆས་སུ་ཡོད་པའི་ཉོན་མོངས་ཞེས་སུ་འབོད་པའི་བློ་འདི་དག་རང་རེའི་ཆ་རྐྱེན་ཞིག་ཏུ་བརྩིས་ནས་དེ་དག་ལེགས་པའི་ཕྱོགས་སུ་བཀོལ་བ་དེ་འཇིག་རྟེན་ལུགས་ཀྱི་ཡ་རབས་ཀུན་སྤྱོད་ཀྱི་རྨང་གཞི་ཡིན་པར་སྣང་།
སྤྱི་ཚོགས་ཤིག་ཏུ་གནས་དགོས་ན་ཡ་རབས་ཀུན་སྤྱོད་ཟེར་བ་འདི་མེད་དུ་མི་རུང་བ་ཞིག་ཡིན་རུང་ཉོན་མོངས་དགྲ་རུ་མ་བཟུང་ན་ཡ་རབས་ཀུན་སྤྱོད་ཡོང་མི་ཐུབ་པ་ཞིག་ཡིན་པར་བདག་མི་འདོད། འདི་ལྟར་བྱས་ན་ང་ཁྲོང་ཁྲོ་ལང་རྒྱུ་ཡིན་པ་བཞིན་ཕ་རོལ་བོ་ཁོང་ཁྲོ་ལང་སྲིད་པས་ངས་འདི་ལྟར་བྱེད་མི་ཉན་ཨང་ བསམ་པ་དེ་ཁོ་ཁྲོ་ངོས་ལེན་བྱས་ནས་ངན་སྤྱོད་བསྡམས་པ་ཡིན། ཆོས་པས་བྱེད་ཚུལ་ནི་ཁོང་ཁྲོ་འདི་ལྟས་ངན་གྱ་གཅིག་གི་འབྱུང་རྩ་ཡིན་སྙམ་ནས་ཕྱིར་འབུད་བྱེད་ཅིང་ཁོང་ཁྲོ་རྒྱུད་ལ་སྐྱེས་པའི་མི་དེ་ཐ་ཤལ་ལ་བརྩི་བ་ནི་ངོ་མ་བཤད་ན་གནས་ལུགས་དང་མི་མཐུན་པའི་སྤྱོད་ཚུལ་ཞིག་ཀྱང་ཡིན། དེའི་ཕྱིར་སྤྱི་ཚོགས་ཤིག་ཡ་རབས་ཅན་དུ་སྒྱུར་བ་ལ་སྤྱི་ཚོགས་དེ་ཆོས་དད་ཅན་དུ་སྒྱུར་དགོས་པའི་གནད་དོན་མེད།
༣། མི་རིགས་ཀྱི་བལྟ་བ།
ཁོང་གིས“མདོར་བསྡུས་ན་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་རུང་བ་ཞིག་ལ་བོད་མི་རིགས་ཞེས་ཟེར་དགོས།” ཞེས་དགེ་རྒན་ཟབ་སྤྱོང་ཞིག་གི་སྐབས་སུ་བདག་གི་དྲི་བ་ལ་གསུང་ལན་དེ་ལྟར་གནང་། འདི་ཡང་བདག་གི་བློ་ཡུལ་དུ་མ་ཤོངས་ཏེ་ དེ་ལྟར་ན་བདག་གི་སེམས་སུ་གནས་པའི་འཇིག་རྟེན་གྲུབ་ཚུལ་དེ་ཡོངས་སུ་འཐོར་འགྲོ།
1 མི་རིགས་འགྲུབ་པའི་རྒྱུ་རྐྱེན་ཆེས་ཐོག་མ་ནི་ས་བབས་ཀྱིས་དབང་གིས་འབྱུང་། 2 མི་རིགས་འཇོག་བྱེད་ཀྱི་རྒྱུ་རྐྱེན་ཆེས་གཙོ་བོ་ནི་ཤ་ཁག་གི་འབྲེལ་བ་ཡིན། 3 མི་རིགས་ངོས་འཛིན་བྱེད་ཆེས་གསལ་བོ་ནི་སྐད་རིགས་ཡིན།
༡། སྤྱིར་ན་འགྲོ་མི་རིགས་ཡོངས་རྫོགས་སྤྲ་རིགས་ལས་མཆེད་པ་ཡིན་པར་ཚན་རིག་གི་ལམ་ནས་ཐག་ཆོད་པའི་ཁུལ་རེད། སྤྲ་རིགས་གཅིག་ལས་མཆེད་པའི་ཕྲུ་གུའི་རྒྱུད་པ་དག་མ་འདྲ་མི་རིགས་སོ་སོར་གྱེས་དགོས་དོན་ནི་དེ་དག་སྡོད་སའི་ས་བབས་ཆགས་སྟངས་གིས་བྱུང་ཡོད། ས་བབ་ཁོར་ཡུག་གཅིག་གི་ནང་དུ་ཡུན་རིང་གནས་པའི་མི་རྣམས་རིམ་བཞིན་ས་བབ་དེའི་གནས་སྟངས་འཚམས་པའི་རིགས་དམིགས་བསལ་ཅན་དུ་འགྱུར་ནས་མི་རིགས་ཤིག་ལོགས་སུ་བྱུང་ཡིན་ངེས།
མི་རིགས་ཤིག་ལོགས་སུ་བྱུང་བ་དང་ལྷན་དུ་མི་རིགས་དེ་དང་མི་རིགས་གཞན་གྱི་བར་དུ་རང་གཞན་གྱི་འདུ་ཤེས་ཤུགས་ཆེན་ཞིག་ངང་གིས་འབྱུང་བ་ཡིན། འཇིག་རྟེན་འདིའི་ནང་དུ་དཀའ་རྙོག་མང་དག་ཅིག་རང་གཞན་གྱི་འདུ་ཤེས་འདི་ཁོ་ནའི་དབང་གིས་འབྱུང་གི་ཡོད། ཁོ་བོས་དབུ་མའི་ལམ་གྱིས་བོད་རྒྱ་མི་རིགས་ཀྱི་དཀའ་ངལ་སེལ་ཐབས་མེད་པར་བཤད་ཀྱི་ཡོད་པ་དེ་ཡང་འདི་རྒྱུ་མཚན་ལ་བསམ་ནས་བཤད་པ་ཡིན།
ཆོས་ཀྱི་ཉམས་ལེན་ཡང་དག་པ་བྱེད་མཁན་རྣམས་ཀྱིས་འདི་མཐོང་མི་སྲིད། གང་ལགས་ཤེ་ན་ཁོང་ཚོས་མི་རིགས་ཚང་མ་ལ་འཛིན་སྟངས་གཅིག་གྱུར་ཡིན་ཞིང་རང་གཞན་གྱི་དབྱེ་བ་མེད། ཡིན་ན་ཡང་བརྒྱ་ཆའི་དགུ་བཅུ་གོ་དགུ་ཙམ་ཟིན་པའི་འཇིག་རྟེན་གྱི་མི་ཕལ་བ་དག་གིས་རང་གཞན་གྱི་འདུ་ཤེས་དེ་སྤོང་མི་ཐུབ་ལ་དེ་ལ་བརྟེན་ནས་ང་ཁྱོད་ཀྱི་རྩོད་གླེང་གི་འུར་སྒྲས་གང་བ་འདི་བྱུང་ཡོད། སྲིད་གཞུང་གི་དབུ་ཁྲིད་ཅིག་ཡིན་པའི་ཆ་ནས་འདི་ངེས་པར་མཁྱེན་དགོས། འཇིག་རྟེན་གནའ་མིའི་གཏམ་དཔེ་ལཿ རྟོག་པ་ལྷ་དང་མཉམ་ཡང་། སྤྱོད་པ་མི་དང་བསྟུན་དགོས། ཟེར་བ་མིན་ནམ།
མི་རིགས་གཅིག་ན་བསམ་ཤེས་ཀྱི་འབྱུང་ཁུངས་ཡིན། མི་རིགས་མ་གཅིག་ན་དོགས་འདྲོགས་ཀྱི་འབྱུང་ཁུངས་ཡིན། གལ་སྲིད་མི་རིགས་གཅིག་གིས་མི་རིགས་གཞན་ཞིག་ལ་ཟོལ་མེད་ཀྱི་བཟང་བ་ཞིག་བྱས་རུང་དོགས་འདྲོགས་ཀྱི་སྔོན་འགྲོ་ཞིག་མེད་པར་ཡོང་མི་སྲིད། གལ་སྲིད་མི་རིགས་ཤིག་གིས་ནང་ཁུལ་ལ་ཆེད་དུ་ངན་པ་ཞིག་བྱས་རུང་བསམ་ཤེས་ཀྱི་མཇུག་སྡོམ་ཞིག་མེད་པ་མི་སྲིད།
མི་རིགས་ཤིག་གིས་མི་རིགས་གཞན་པ་ཞིག་ལས་སྒོར་བརྒྱ་འཕྲོག་ན་དེའི་འཁོན་སེམས་ནི་སྒོར་གཅིག་སྟོང་གི་འཁོན་སེམས་སུ་འགྱུར་། གལ་སྲིད་དེ་མི་རིགས་ནང་ཁུལ་ཞིག་ཡིན་ན་ཧ་ཅང་ཆེ་རུ་སོང་རུང་སྒོར་བརྒྱ་ཡི་འཁོན་སེམས་ལས་ཆེ་བ་ཞིག་ཡོང་མི་སྲིད། ཕ་ཡིས་བུ་ལ་བཅར་རྡུང་བྱས་པ་དེ་མི་ཚེའི་ནང་དུ་བཀའ་དྲིན་དུ་མཐོང་གི་ཡོད་ཅིང, རྒྱུས་མེད་ཀྱིས་མིས་ཁྱོད་ལ་རྡུང་ན་དེ་ལ་འཚིག་པ་མི་བ་སྲིད་དམ། ཁྱད་པར་འདི་དག་ཡོང་དོན་གཙོ་བོ་ནི་རང་ཅག་གི་རྒྱུད་ལ་རང་གཞན་གྱི་འདུ་ཤེས་ཤུགས་དྲག་ཡོད་པའི་དབང་གིས་རེད། འདུ་ཤེས་དེ་ངོས་ལེན་བྱེད་དགོས་ལས་སྣང་མེད་བྱས་པས་ཕན་རྒྱུ་གང་ཡང་མེད།
དེའི་ཕྱིར་ཇི་སྲིད་མི་རིགས་གཞན་ཞིག་གིས་མི་རིགས་གཞན་ཞིག་ལ་དབང་བསྒྱུར་བ་དེ་སྲིད་དུ་ཡིད་ཚིམས་པའི་དུས་སྐབས་ཤིག་ཡོང་མི་སྲིད། འདིར་རྒྱུ་མཚན་གཏིང་ཟབ་པོ་དང་རྒྱ་ཆེན་པོ་གང་ཡང་མི་དགོས། ཧ་ཅང་སྟབས་བདེ་བའི་རྒྱུ་མཚན་ཞིག་ཡིན་ལ་ཧ་ཅང་བདེན་པའི་རྒྱུ་མཚན་ཞིག་ཡིན། དབང་སྒྱུར་མཁན་གྱིས་མི་རིགས་ཀྱིས་དབང་བསྒྱུར་ཡུལ་གྱི་མི་རིགས་ལ་ཇི་ལྟར་བྱས་རུང་ཡང་དག་པ་ཞིག་དང་དྲང་བདེན་ཞིག་ལྷག་བསམ་རྣམ་དག་གིས་ཕན་པའི་བྱ་བ་ཞིག་བྱེད་མི་སྲིད། ངོ་མཚར་བའི་སྒོ་ནས་ལན་རེ་བྱས་པ་བྱུང་རུང་དེ་དབང་བསྒྱུར་ཡུལ་གྱི་མི་རིགས་དེས་དེ་ལྟར་ངོས་འཛིན་བྱེད་མི་ཐུབ། དེ་ལྟར་དབང་བསྒྱུར་བྱ་སྒྱུར་བྱེད་གཉིས་མི་རིགས་ལོགས་པ་ཡིན་ན་ཡིད་ཚིམས་པའི་དུས་ཤིག་ཡོང་མི་སྲིད། དེ་མེད་པས་བདེ་བའི་གནས་སྐབས་ཤིག་ཡོང་མི་སྲིད། དེ་ནི་མི་རིགས་དེ་གཉིས་འགྲོ་བ་མིའི་རིགས་ཡིན་པའི་རྒྱུ་མཚན་ཙམ་ཡིན། དེ་ནི་གཙོ་བོ་མི་རིགས་དེ་གཉིས་ཀྱི་བར་ལ་རང་གཞན་གྱི་འདུ་ཤེས་ཡོད་པ་ལས་བྱུང་བ་ཡིན།
བྱང་ཆུབ་ཀྱི་སེམས་རྒྱུད་ལྡན་གྱི་གང་ཟག་གམ་ཡང་ཆོས་ཀྱིས་སེམས་རྒྱུད་དུལ་བའི་མི་ཞིག་གིས་གནད་དོན་འདི་རྟོགས་མི་ཐུབ། དེ་མ་ཐུབ་ལ་བརྟེན་ནས་ནམ་ཞིག་དབང་སྒྱུར་མཁན་གྱི་མི་རིགས་ཀྱིས་དབང་བསྒྱུར་ཡུལ་གྱི་མི་རིགས་ལ་ལྷག་བསམ་རྣམ་དག་གིས་ཡག་པོ་བྱས་ན་དབང་བསྒྱུར་ཡུལ་གྱི་མི་རིགས་དེ་དབང་སྒྱུར་མཁན་གྱི་མི་རིགས་ཀྱི་འོག་ཏུ་བསྡད་ཀྱང་མི་འགྲིག་པ་ཅི་ཡོད་དགོངས་ཀྱི་ཡོད། དེ་བདེན་ཀྱང་དེ་འདྲའི་དུས་སྐབས་ཡོང་མི་སྲིད། ད་ལྟ་བར་མ་བྱུང་བ་དེ་ལས་འབྱུང་འགྱུར་ཡང་ཡོང་བའི་རྒྱུ་མཚན་མེད་པ་འདི་ཚོད་དཔགས་བྱེད་མི་ཐུབ་པ་གང་ཡང་མིན། དེ་ནི་རྒྱུ་མཚན་ནི་གཞན་མིན་པར་དབང་སྒྱུར་མཁན་གྱི་མི་རིགས་དེ་མི་ཕལ་བ་ཡིན་པ་ཙམ་དང་དབང་བསྒྱུར་བྱའི་མི་རིགས་ཀྱང་མི་ཕལ་བ་ཡིན་པ་ཙམ་གྱིས་སོ། ཡང་ན་དབང་སྒྱུར་མཁན་མི་རིགས་དང་བསྒྱུར་ཡུལ་མི་རིགས་གཉིས་ཀྱི་བར་དུ་རང་གཞན་གྱི་འདུ་ཤེས་ཡོད་པས་སོ། གལ་སྲིད་དབང་སྒྱུར་མཁན་དང་བསྒྱུར་ཡུལ་གྱི་མི་རིགས་གཉིས་ཀ་བྱང་ཆུབ་སེམས་དཔའ་ཤ་སྟག་གམ་ཡང་འཛམ་གླིང་ལ་ཡོད་པའི་མི་རིགས་གཞན་དང་ཡོངས་མི་མཚུངས་བའི་ཁྱད་དུ་འཕགས་པའི་མི་རིགས་ཏེ་དམ་པ་ལྷ་ཆོས་ཀྱིས་སེམས་རྒྱུད་ཡོངས་སུ་དུལ་བའི་མི་རིགས་གཉིས་ཡིན་ན་དམིགས་བསལ་ཡིན།
གལ་སྲིད་རང་གཞན་གྱི་འདུ་ཤེས་མེད་ན་རྒྱལ་ཁབ་ཀྱི་ས་མཚམས་ཀྱང་མི་དགོས། དེ་འདྲ་བ་ཞིག་འཛམ་གླིང་ཐོག་ཡོང་མི་སྲིད་པ་མིན་ན་ཡང་དུས་ཚོད་དེ་ད་དུང་སླེབས་མེད། དེ་ནི་ད་དུང་སྔ་དྲགས་པའི་ལས་དོན་ཞིག་ཡིན། དེའི་དོན་དུ་བྱ་བ་སྒྲུབ་པ་ནི་དེའི་ཕྱིར་དངོས་དོན་དང་མ་འཚམས་པའི་ལས་དོན་ཞིག་ཡིན། དེའི་ཕྱིར་དེ་ནི་གྱོང་རག་པའི་ལས་དོན་ཞིག་ཡིན་ནོ།།

No comments:

བཀླགས་མང་ཤོས།

ཟིན་བྲིས་བཀླགས་གྲངས་ཁྱོན་སྡོམ།

དཔར་རིས་འགྲེམ་སྟོན།

དཔར་རིས་འགྲེམ་སྟོན།
ངའི་བུ་མོ་སློབ་གྲའི་རྩེད་མོའི་ཉིན་མོ་ཨང་གཉིས་པ་ཐོབ།

ང་རང་གི་སྐོར།

My photo
I am a Tibetan, and a teacher. I have a dream that we have a unified Tibetan language. I see there is a way for this. རེ་བ་འདི་འགྲུབ་མི་སྲིད་པ་ཞིག་མིན་ལ། འདིའི་ལམ་སྣེ་གུས་པའི་ལག་ཏུ་ཡོད། དེ་ནི་ཁོ་བོས་བྲིས་པའི་(སྒྲ་སྒྲུབ་རིག་པ)ཡི་ནང་དུ་གསལ་ཡོད།