2010/05/25

ཁོ་བོའི་སྒྲ་སྒྲུབ་རིག་པའི་གླེང་བརྗོད།

ཆེད་དུ་གླེང་བ་བརྗོད་པ།
ཁོ་བའི་དེབ་འདི་མང་ཚོགས་ཀྱི་ཆེད་དུ་དམིགས་པ་མིན་པར་མཁས་པའི་དཔྱད་གཞིར་ཕུལ་བ་ཡིན། དེའི་ཕྱིར་དེབ་འདི་ཀློག་པར་ཐོག་མའི་ཆ་རྐྱེན་འགའ་ཞིག་ཡོད་པ་ལས་དང་པོ་དེ་རྣམས་ངེས་པར་དུ་ཚང་དགོས་པ་དང, གཉིས་པ་དེའི་རྗེས་སུ་གསལ་བཏབ་པའི་གལ་ཆེའི་ལམ་སྟོན་ཁག་ཅིག་ཡོད་པ་དེ་དག་ཀྱང་ངེས་པར་དུ་ལེན་དགོས། གལ་སྲིད་སྐྱེ་བོ་སུ་ཞིག་ལ་ཐོག་མའི་ཆ་རྐྱེན་དེ་དག་ཚང་མེད་ན་དེབ་འདི་མི་ཀློག་པ་བཟང་ཞིང, ལམ་སྟོན་དེ་དག་མ་བླངས་ན་དེབ་འདི་བཀླགས་ཀྱང་དོན་སྙིང་མེད།
བསྟན་བཅོས་འདི་ནི་སྒྲ་སྒྲུབ་རིག་པའི་རྣམ་བཞག་གསར་བ་ཞིག་ཡིན། འདི་ནི་ཚོད་བལྟ་ཞིག་བྱས་པ་ཙམ་ལས་འདིར་བཤད་པའི་དོན་རྣམས་མཐའ་མའི་གཏན་འབེབས་ཡིན་པའི་ཁོ་བོས་ཨུ་ཚུགས་གང་ཡང་བྱེད་ཀྱི་མེད། མཐའ་ན་ང་རང་གི་ངོས་ནས་ཀྱང་མཐའ་མའི་གཏན་འབེབས་བྱས་པ་མིན་སྟེ, མཁས་དབང་རྣམས་ཀྱིས་ལེགས་ཉེས་ཀྱི་དགོངས་འཆར་བཟང་པོ་བྱུང་རྗེས་བདག་གི་འདོད་ཚུལ་མང་པོ་ཞིག་འདོར་དགོས་པའི་གྲ་སྒྲིག་ཨང་གསར་ཡོད།
ཚོད་བལྟ་ཞིག་བྱས་པ་དེ་ཅི་ཡིན་ཞེ་ན། སྔར་ནས་ད་བར་དུ་ལུང་དང་མཁས་པའི་གཞུང་ཁོ་ན་ལ་གཞི་བཅོལ་བའི་བཤད་ཚུལ་དེ་དང, མཁས་པའི་གཞུང་ལུགས་ལ་རྒྱབ་རྟེན་ཏིལ་འབྲུ་ཙམ་ཡང་མ་བྱས་པར་གང་ཟག་ཅིག་གིས་རང་གི་མྱོང་བའི་ཐོག་ནས་བཤད་ཚུལ་གཉིས་ལ་མཐུན་པ་དང་མི་མཐུན་པའི་ཆ་གང་ཙམ་ཡོད་པ་ཚོད་བལྟ་བྱེད་པ་ལ་ཟེར་བ་ཡིན།
འདིར་བཤད་འདོད་པ་ཞིག་ལ་ཁོ་བོས་དེབ་འདིའི་ནང་དུ་གང་བཤད་པའི་དོན་གནད་ཁག་ལ་ཁོ་བོ་རང་ཉིད་ཀྱི་ངོ་ལ་ནང་འགལ་དུ་སོང་བ་དང, ཐག་གཅོད་མ་ཐུབ་པའམ་ཡང་ན་ཅམ་འཇོག་བྱེད་དགོས་པའི་དོན་གཅིག་ཀྱང་མེད། རང་གིས་རང་ལ་རྨེད་པའི་དྲི་བ་ཡོངས་རྫོགས་ལ་རང་གི་ངོ་ལ་བལྟོས་ཏེ་ལན་དོན་མཐུན་ལྡོན་ཐུབ་པའི་ལྟ་གྲུབ་གྲུ་བཞི་སྒམ་གཟུགས་བཞིན་དུ་གྱུར་ཡོད། འོན་ཀྱང་ཁོ་བོས་བཤད་པ་པ་འདི་མཐའ་མའི་གྲུབ་དོན་ཡིན་པ་དང་ལ་འདི་ལ་འཁྲུལ་བ་ཏིལ་ཙམ་མེད་ཅེས་མི་སྒྲོག
ཀློག་པ་པོར་ཚང་དགོས་པའི་ཆ་རྐྱེན།
ཆེས་ཐོག་མར་ཁྱེད་ཀྱིས་དེབ་འདི་ལས་སྔར་སུས་ཀྱང་བཤད་མ་མྱོང་བ་ཞིག་ཉན་འདོད་པའི་བློ་ཁ་ཡངས་པར་ཕྱེ་དགོས། དེ་ནས་མི་སུ་ལ་ཡང་རང་རང་གི་ཤེས་ཚད་ལ་དཔགས་པའི་འཆར་སྒོ་རེ་ཡོད་པ་དང་དེ་ཕྱིར་སྟོན་སའིི་མཁའ་དབྱིངས་རེ་ཡོད་ཆོག་པའི་དཀྱེལ་ཡངས་ཀྱི་བར་སྣང་དེ་གནང་དགོས། དེའི་རྗེས་སུ་གང་ཡང་ཡིན་སྲིད་པ་དང་། རང་ཡང་ནོར་བའི་ཕྱོགས་སུ་ཡོད་སྲིད་པའི་ཁེངས་སྐྱུང་བ་དེ་དགོས། གཞན་ཡང་ཕྱོགས་དང་ཞེན་པ་གང་ཡང་རུང་བ་ཞིག་གིས་ཁུགས་སུ་ལྷུང་པའི་ཡོད་ཤག་དང, མེད་ཤག, མིན་ཤག, ཡིན་ཤག, སོགས་ཀྱི་བསམ་བློ་དེ་ཤུལ་ཙམ་མེད་པར་གཏོང་དགོས། རང་ཉིད་ཀྱང་དེ་ལས་གཙང་དག་བྱེད་དགོས།
དེ་ནས་ཁོ་བོས་ཐ་སྙད་གསར་བ་མང་པོ་ཞིག་མཚམས་སྦྱོར་མ་བྱས་ཐབས་མེད་དུ་གྱུར་བ་དེ་དག་གི་གོ་དོན་རྣམས་བྱང་ཆུབ་པར་ཐུགས་སུ་ཆུད་དགོས་པ་དང, བདག་གིས་བཤད་པའི་ཡི་གེའི་སྒྲུབ་བྱེད་གནས, བྱེད་པ, རྐྱེན, སོགས་ལ་སློབ་སྦྱོང་མཐིན་ཕྱིན་པ་བྱེད་དགོས། མཐར་དེབ་འདིའི་ནང་དུ་གནས་སྐབས་འཕྲལ་སེལ་གྱིས་གཏན་འབེབས་བྱས་པའི་སྒྲ་རྟགས་སམ་མཚོན་རྟགས་འགའ་ཞིག་གསར་བཟོ་བྱས་ཡོད་པ་དེ་དག་བདག་གི་བཤད་པ་ལྟར་བློར་ངེས་དགོས། དེ་དག་ནི་དེབ་འདི་ཀློག་པའི་ཐོག་མའི་ཆ་རྐྱེན་གཙོ་བོ་དག་ཡིན།
གལ་ཆེའི་ལམ་སྟོན་ཁག་ཅིག
བདག་གི་”སྒྲ་སྒྲུབ་རིག་པ”་ཞེས་པ་འདིའི་ནང་དུ་ཡི་གེའི་རྣམ་བཞག་ཀ་སོགས་ཀྱི་སྒྲ་ཡི་བཤད་པ་དེ་དག་ང་རང་དང་གང་ཟག་ག་གེ་མོ་སུའི་ངག་ལ་ཡང་གཞིར་བྱས་པ་མིན། འདི་ནི་འཇིག་རྟེན་འགྲོ་བ་མི་སྤྱིའི་ངག་ལ་གཞི་བཅོལ་བ་ཡིན། དེ་ཡང་འཇིག་རྟེན་མིའི་ངག་གི་དབང་པོ་འདིས་འདུ་བྱེད་ལ་བརྟེན་ནས་ཇི་ལྟར་སྒྲ་ཡི་རྣམ་པ་སྣ་ཚོགས་ཇི་ལྟར་འགྲུབ་ཀྱི་ཡོད་མེད་ལ་དཔྱད་ནས་ཐག་བཅད་པ་ཡིན།
དང་པོ། འདིར་ཁོ་བོས་དཔེར་མཚོན་མང་པོ་ཞིག་བགྲང་ཡོད་མོད, དེབ་འདི་ཐོག་མ་ཀློག་མཁན་ཚོས་འདི་དག་ལ་དགོངས་པ་དེ་ཙམ་མ་བཏད་ན་བཟང། དེ་མིན་ཕྱིར་འབུམ་མི་ཐུབ་པའི་མགོ་རྙོག་གི་དྲ་བར་ཚུད་ངེས། རྒྱུ་མཚན་ནི་ད་ལྟ་བར་དུ་བོད་ཡུལ་ན་བདག་གི་འཆད་སྟངས་ལྟར་གྱི་འཆད་པའི་སྲོལ་མེད་སྟབས་བདག་གིས་སྒྲ་གང་ཞིག་ལ་ཇིི་ལྟར་འདོན་པའི་ཚུལ་ལ་དཔྱོད་བྱེད་ཀྱི་ཐབས་དེ་དང་ ཁྱེད་ཅག་གིས་དེ་ལ་དཔྱོད་བྱེད་ཀྱི་ཐབས་ཚུལ་དེ་གཉིས་མི་འདྲ་བས་ཁྱེད་མགོ་འཁྲུག་རྐྱེན་དུ་འགྱུར་ངེས་ཡིན། གང་ལགས་ཤེ་ན་དཔེར་ན, ཀ་དང་ཁ་ཡི་ཁྱད་པར་ལ་བསམ་གཞིགས་བྱེད་སྐབས་བདག་གིས་གལ་ཆེན་དུ་མཐུང་བའི་ཀ་ཁ་གཉིས་ཀྱི་ཁྱད་པར་རེ་ཟུང་ཁྱེད་ཀྱིས་གལ་ཆེན་དུ་མི་བསམ་ལ, ཁྱེད་ཀྱི་གལ་ཆེན་དུ་མཐོང་བ་རེ་ཟུང་ཁོ་བོས་གལ་ཆེན་དུ་མི་མཐོང་བ་ཡོང་སྲིད། དེར་མ་གནད་དོན་འགའ་ཞིག་ཀ་ཁ་གཉིས་ཀྱི་ཁྱད་པར་ངོ་མ་དེ་མིན་པར་ལ་ཡིན་པར་སྣང་བ་དེ་འདྲ་ཡང་ཡོང་སྲིད། དེའི་ཕྱིར་ཁྱེད་ཀྱིས་གཟིགས་པའི་ཁྱད་པར་དང་ཁོ་བོས་མཐོང་བའི་ཁྱད་པར་གཉིས་མི་འདྲ་ཞིང་དེ་ལ་བརྟེན་ནས་རང་རེ་གཉིས་ཀྱིས་མཐུང་སྣང་དུ་བྱུང་བའི་ཁྱད་པར་དེ་ཐོན་དཀའ་བ་ཡོང་སྲིད། དཔེར་ན, གཞལ་གཞི་གཅིག་ལ་འཇལ་བྱེད་བྲེ་མི་འདྲ་བ་གཉིས་ཀྱིས་འཇལ་བ་ལས་གཞལ་གཞི་གཅིག་ལ་འཇལ་བྱེད་བྲེ་གཅིག་གིས་བཅལ་ན་ཡང་ལྗིད་དམ་མང་ཉུང་གི་ཁྱད་པར་དེ་གསལ་པོ་དང་མ་འཁྲུག་པར་འཇལ་ཐུབ་པ་ཡིན།
དེ་ཡང་དཔེར་ན་’ཁམས་ནང་ཆེན་པའི་ཀློག་སྟངས’ཟེར་བ་ལྟ་བུ་ཡང་ཡང་འབྱུང་གི་ཡོད་མོད, འོན་ཀྱང་ནང་ཆེན་གྱི་ཀློག་པ་པོ་ཞིག་གིས་”ཡ་ དེས་ན་ང་རང་ནི་ནང་ཆེན་ནས་ཡིན་སྟབས་འདི་ལ་ངས་འདི་ལྟར་ཀློག་གི་ཡོད་པས་རྩོམ་པོ་པོས་བཤད་རྒྱུ་དེ་འདི་འདྲ་ཞིག་ལ་གོ་རྒྱུ་ཡིན་ངེས”ཞེས་ཐག་གཅོད་པ་ནམ་ཡང་སྔ་མི་ཉན། རྒྱུ་མཚན་ནི་ད་སྔོན་ཁྱེད་ཀྱིས་རང་གི་ངག་ལ་ཁོ་བོས་དཔྱད་ཐབས་འདི་བཀོལ་ནས་དཔྱད་མ་མྱོང་བས་སོ། རང་རེ་གཉིས་ཀྱིས་དཔྱད་ཐབས་གཅིག་རང་ལ་སྤྱོད་དགོས་ཤིང, དཔྱད་ཐབས་གཅིག་སྤྱད་ནས་དཔྱད་ན་ད་གཟོད་གཅིག་གིས་གཅིག་ལ་གོ་བརྡ་ལེགས་པར་འཕྲོད་ངེས་ཡིན་པ་ལས, དཔྱད་ཐབས་གཞན་དང་གཞན་དུ་སོང་ན་གོ་བརྡ་འཕྲོད་རྒྱུའི་ཚབ་ཏུ་མགོ་རྙོག་ཅན་དུ་འགྱུར་ངེས་རེད། དེའི་ཕྱིར་ཁོ་བོས་དཔྱོད་སྟངས་དེ་ཇི་ལྟར་ཡིན་པ་ལ་ངེས་པར་དགོངས་པ་བཞེས་དགོས། དེ་ནི་ཁོ་བོས་ས་བཅད་དང་པོར་བཤད་པའི་ཡི་གེའི་སྒྲུབ་བྱེད་ཀྱི་རྒྱུ་རྣམས་ལ་ཟེར་བ་ཡིན།
གཉིས་པ། འདིར་”མདོ་བའི་ལུགས”ཟེར་བའི་མདོ་དེ་ནི་”མདོ་དབུས་ཁམས་གསུམ”གྱི་བརྡས་ཕྱེས་པའི་མདོ་དེ་ལ་བཤད་པ་ལས, ཁམས་ཕྱོགས་ཀྱི་ས་ཁུལ་བྱེ་བྲག་མདོ་བ་ཟེར་བ་དེ་ལ་གོ་བ་མིན། གཞན་ཡང་ཁོ་བོས་འདིར་མདོ་ཕྱོགས་དང, ཁམས་ཕྱོགས, དབུས་ཕྱོགས, ཟེར་བའི་ས་མཚམས་ནི་བོད་ཡུལ་འདི་ན་སྐད་རིགས་ཀྱི་ངོ་ལ་སྡེ་ཚན་ཆེན་པོ་གསུམ་ཡོད་ད་དེ་དག་བཤད་པའི་ཡུལ་གྲུ་གསུམ་གྱི་ས་མཚམས་ལ་བཞག་པ་ལས, འདི་ཕྱོགས་ན་ཆབ་སྲིད་ཀྱིས་ཕྱེས་པའི་ས་མཚམས་དེ་ལ་གོ་བ་མིན། དེའི་ཕྱིར་དགེ་རྩེ་རྫ་ཆུ་ཁ་དང, ལི་ཐང་འབྲོག་སྡེ, གསེར་རྟ, སོགས་ནི་མདོ་སྐད་སྨྲ་བའི་ཡུལ་དུ་གཏོགས་པ་དང་, ནུབ་ཕྱོགས་སུ་ལ་དྭགས་ཡུལ་ཚུད་པའི་ཀོང་པོ་ཡན་གྱི་ཡུལ་ཡོངས་རྫོགས་དབུས་སྐད་སྨྲ་བའི་ཡུལ་དུ་གཏོགས་པ་དང་, དེའི་ལྷག་མ་རྣམས་ཁམས་སྐད་སྨྲ་བའི་ཡུལ་དུ་གཏོགས་པ་ཡིན། འདི་ནི་བདག་གིས་སྐད་རིགས་ལ་དབྱེ་ཞིབ་བྱེད་སྐབས་སྟབས་བདེ་ཁྱད་ཀྱིས་དབྱེ་བ་བྱས་པ་ཙམ་ཞིག་དང, མི་རྒྱུད་རིག་པ་(Anthropology)རིགས་ལམ་གྱིས་དཔྱད་ནས་བཤད་པ་ཉག་ཅིག་ཡིན།
གསུམ་པ། དེའི་ཕྱིར་བདག་གིས་བོད་མི་ཡོད་དོ་ཅོག་གིས་ངག་ལས་འདྲོངས་ཚད་ཀྱི་སྒྲ་གདངས་ཡོད་ཚད་བཤད་དགོས་ན་དེ་དག་མཚོན་ཐུབ་པའི་སྒྲ་རྟགས་གསར་བ་ཞིག་བཟོ་དགོས་པ་ནི་ངག་གི་བསྟན་བཅོས་འདི་འདྲ་ཞིག་འདུ་བྱེད་པའི་ནང་དུ་གཡོལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པར་འདོད། དེར་བརྟེན་བདག་གིས་འདིའི་ནོན་དུ་བོད་ཀྱི་ཡི་གེའི་མཚོན་རྟགས་ཀྱི་རྣམས་གསར་བ་ཞིག་འབྲི་བ་སོགས་ལ་བསམ་གཞིགས་ཀྱང་མང་དུ་བྱས་ཤིང, ད་ལྟ་མཚོན་རྟགས་དེ་གྲ་སྒྲིག་བྱེ་མ་ཚར་སྔོན་དུ་དེབ་འདི་དཔར་སྐྲུན་བྱེད་དགོས་སུ་ཤར་བས་བདག་འགྱོད་པ་ཆེ། ཁོ་བོས་ངག་རིག་པའི་བསྟན་བཅོས་བོད་གཉིས་པ་དེ་དུས་མི་རིང་བའི་ནང་དུ་སྐྲུན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅིང, དེའི་སྐབས་སུ་མཚོན་རྟགས་དེ་ཡང་བསྒྲིགས་ནས་ཁྱེད་རྣམ་པའི་སྤྱན་སྔར་འབུལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
ནམ་ཞིག་མཚོན་རྟགས་དེ་འདི་བྱུང་ན་གཞི་ནས་བོད་སྐད་གཅིག་གར་གྱི་སོ་བོན་གསོན་པོར་འབུས་ཐུབ་པའི་ཁོ་བོས་བལྟ་ཚུལ་འཛིན་གྱི་ཡོད། དེ་མིན་ཆ་རྐྱེན་ཇི་ཙམ་འཛོམས་མོད་གཙོ་བོ་མ་འཛོམས་པས་ནུས་པ་ཤུགས་ཆེན་ཡོང་ཧ་ཅང་དཀའ་་། དེར་མ་ཟད་མཚོན་རྟགས་དེ་ལེགས་འགྲུབ་བྱུང་ན་དེས་ཁྱེད་ལ་ཞབས་འདེགས་བླ་མེད་ཅིག་འབུལ་ཐུབ་སྟེ, གལ་སྲིད་ཁྱེད་ཀྱིས་ཕྱིའི་སྐད་ཡིག་ཅིག་སྦྱོང་འདོད་ན་སྐད་ཡིག་དེའི་སྒྲ་གདངས་མཚོན་རྟགས་དེའི་ལམ་ནས་བྲིས་པའི་སྦྱོང་དེབ་ཅིག་རག་དགོས། དེ་རག་ན་ཁྱེད་ལ་ངོ་མ་དགེ་རྒན་ཡེ་ནས་མི་དགོས་པར་ཁྱེད་ཀྱིས་སྐད་ཡིག་དེ་བདེ་བླགས་སུ་སྦྱོང་ཐུབ། ཁྱེད་ཀྱི་འདི་ཀུ་རེ་ཞིག་དང་འུར་སྒྲོག་ཅིག་ཏུ་དགོངས་སམ།
བཞི་བ། གནས་སྐབས་སྒྲ་མཚོན་བྱེད་ཀྱི་རྟགས་དེ་དག་གི་ཆེད་དུ་ད་ལྟ་གློག་ཀླད་ནང་ནས་རག་ཐུབ་པའི་བོད་ཡིག་གི་གཟུགས་རྣམས་སྡེབ་བསྲེས་ཀྱིས་གནས་སྐབས་ཀྱི་མཚོན་རྟགས་གསར་བ་ཁག་ཅིག་གསར་བཟོ་བྱས་ཡོད། ཁྱེད་རྣམས་ཀྱིས་འདི་དག་བྱིས་ཕྱིན་པ་ཞིག་མཁྱེན་དགོས་པ་ཧ་ཅང་གལ་ཆེ།
ལྔ་བ། ལེའུ་དྲུག་པའི་ནང་དུ་ཀྱ་ཁྱ་གྱ་གསུམ་གྱིས་མཚོན་རྒྱུའི་སྒྲ་དང་ལེའུ་བཅུ་གསུམ་པའི་ནང་གི་ཀྱ་ཁྱ་གྱ་གསུམ་གྱིས་མཚོན་རྒྱུའི་སྒྲ་རྣམས་མི་འདྲ་བ་ཡིན། རིགས་མི་མཚུངས་བའི་བྱེད་ཐབས་འདི་ནི་རྒྱུ་མཚན་དང་དགོས་པའི་དབང་གིས་འདི་ལྟར་འཇོག་དགོས་བྱུ་བ་ཡིན། གལ་སྲིད་རིགས་མཚུངས་བ་ཞིག་འཇོགས་དགོས་ན་ལེའུ་དྲུག་པའི་ནང་དུ་ཡང་ཀྱྂ་སོགས་བཀོལ་དགོས་པ་ཡིན། འོན་ཀྱང་དེ་ལྟར་བཀོལ་ན་དགོས་གལ་ཆུང་ཞིང, དོན་མེད་དུ་མགོ་རྙོག་ལང་གཞིར་འགྱུར་བ་དང་, དེ་སྐབས་ཀྱྂ་ཁྱྂ་གྱྂ་གསུམ་གྱིས་ཅི་མཚོན་དགོས་པའི་གསལ་བཤད་བྱས་ན་ཉོག་རྐྱེན་དུ་འགྲོ་བ, ཀྱ་ཁྱ་གྱ་གསུམ་བཞག་ན་འགྲེལ་བཤད་དང་ར་འཕྲོད་བདེ་བའི་དགེ་མཚན་ཡོད་སྟབས་ལེའུ་དྲུག་པའི་ནང་དུ་ཀྱྂ་སོགས་མ་བཞག་པར་ཀྱ་སོགས་བཞག་པ་ཡིན། ལེའུ་བཅུ་གསུམ་པའི་ནང་དུ་ཀྱ་སོགས་ལ་དོན་དམ་པ་དང་ཀུན་རྫོབ་ལོགས་སུ་ཕྱེས་ནས, ཀྱྂ་སོགས་ཀྱིས་ཀྱ་སྒྲ་དོན་དམ་པའམ་ལེའུ་དྲུག་པའི་སྐབས་སུ་བཤད་པའི་སྒྲ་རྣམས་མཚོན་རྒྱུ་དང, ཀྱ་སོགས་ཀྱིས་ཀྱ་སྒྲ་ཀུན་རྫོབ་པའམ་ཀྱ་སོགས་ལ་སྔར་ཇི་ལྟར་ཀློག་ཚུལ་གྱི་སྒྲ་དེ་མཚོན་པར་བྱས་ནས་བཤད་ཡོད། དེ་ལྟར་ཀྱ་སྒྲ་སོགས་ལ་དོན་དམ་པ་དང་ཀུན་རྫོབ་པ་ལོགས་སུ་ཕྱེས་ནས་མ་བཤད་ན་ཀྱ་སྒྲ་སོགས་ལ་དཔྱད་འཇུག་བྱེད་མི་བདེ་བ་ཡིན་པས་དེ་ལྟར་བཞག་ཡོད་པ་འདི་དྲན་པར་འཇོག་རྒྱུ་ཧ་ཅང་གལ་ཆེ།
དྲུག་པ། འདིར་དོན་དག་མང་པོ་ཞིག་ལ་གོང་འོག་ཕན་ཚུན་འདྲ་བའི་ཆ་ཆེན་པོ་ཡོད་སྟབས་དག་དག་གང་མང་ཞིག་ཀློག་པོ་ལ་རིགས་སྒྲེ་བྱེད་རྒྱུ་ཡོད་པས་རང་གི་ཤོག་སྨྱུག་དང་ངལ་བ་གྲོན་ཆུང་བྱས་ནས་བཞག་ཡོད། འོན་ཀྱང་དེ་འདྲ་བ་གང་མང་ཞིག་ནི་བདག་གིས་ངལ་ལ་མ་འཛེམས་པར་གང་རྒྱས་རྒྱས་བཤད་ཡོད། དེ་ནི་བསྐྱར་བཤད་ཡང་བཤད་མང་པོ་བྱས་པ་ལྟ་བུར་སྣང་སྲིད་ཀྱང་ཁོ་བོས་སྐད་ཆ་གསར་བ་ཞིག་བཤད་ཀྱི་ཡོད་སྟབས་དོན་དག་གསལ་བོ་འབྱུང་ཆེད་དུ་གལ་བོ་ཆེ་ལ་ནན་ཏན་བྱས་པ་ཡིན། དེར་མ་ཟད་བདག་ལ་ཡོད་པའི་ནོར་འཁྲུལ་དང་ཞན་ཆ་དང་རྣམས་གསལ་བོར་འབྱུང་ཆེད་དུ་རབ་རོབ་དང་སབ་སིབ་སྤངས་ནས་བཤད་པ་ཡིན།
བདུན་པ། རིག་པའི་གཞུང་ལུགས་ཤིག་ལ་རང་ཐོབ་ཀྱི་བརྡ་ཆད་དང་ཐ་སྙད་ཀྱི་འགྲེལ་ཚུལ་དམིགས་བསལ་བ་རེ་ཟུང་ཡོང་སྲིད་ལ, རང་ལུགས་ཀྱི་དངོས་དོན་ལ་ལྟ་སྟངས་ཤིག་ཀྱང་ཡོང་སྲིད། དེའི་ཕྱིར་བདག་གི་བསྟན་བཅོས་འདི་ཡང་རིག་པའི་གཞུང་ལུགས་ཤིག་ཡིན་པས་རང་ལུགས་ཀྱི་དངོས་དོན་ལ་ལྟ་སྟངས་ཤིག་དང, རང་ལུགས་ཀྱི་བརྡ་ཆད་རེ་འགའ་མ་བཞེངས་ཐབས་མེད་དུ་གྱུར་སོང་། དེའི་ཕྱིར་ཀློག་པ་པོ་དག་གིས་དེ་དག་ངེས་རྒྱུ་ཧ་ཅང་གལ་འགའ་ཆེ། བདག་གི་བསྟན་བཅོས་འདི་ཀློག་པར་རྨང་གཞི་ངེས་ཅན་ཞིག་མེད་ན་དོན་གོ་དཀའ་བར་ཡིན་ཞིང, དེ་འདྲ་བའི་རྨང་གཞི་དེ་ད་སྔོན་ཡན་གྱི་ཁྱེད་ཀྱི་ཤེས་ཚད་དེས་མི་འགྲིག། འདིར་འཇིག་རྟེན་ལ་ལྟ་སྟངས་གསར་བ་ཞིག་ཡོད་པས་དེ་མཐོང་བ་ལ་རྨང་གཞི་ཡང་གསར་བ་ཞིག་ཞིག་སྐྲུན་དགོས། དེ་ནི་བསྟན་བཅོས་འདིའི་རང་ལུགས་ཀྱི་འཇིག་རྟེན་ལ་ལྟ་སྟངས་སམ་དངོས་དོན་ལ་ལྟ་སྟངས་དང་བརྡ་ཆད་དང་ཐ་སྙད་ཀྱི་འགྲེལ་ཚུལ་གསར་བ་དག་ཡིན། ལྟ་ཚུལ་གསར་བ་དེ་དག་ནི་ལེའུ་དང་པོའི་ནང་དུ་ཞིབ་པར་བཤད་ཡོད་པས་ཀློག་པ་པོ་ཁྱེད་ཅག་གིས་ཇི་སྲིད་ལེའུ་དང་པོ་འདི་བྱིས་ཕྱིན་པ་ཟིག་མ་ངེས་པ་དེ་སྲིད་དུ་བསྟན་བཅོས་འདི་ཀློག་པའི་རྨང་གཞི་མ་ཚུགས་པ་ཡིན་པས་དེབ་འདི་བཀླགས་པའི་དགོས་པ་གང་ཡང་མེད། མཐའ་ན་ལྡོག་ཕྱོགས་ཀྱི་གོ་བ་སྦྱིན་པ་ཡང་སྲིད། དེའི་ཕྱིར་ཁྱེད་ཅག་གིས་ཐོག་མར་ལེའུ་དང་པོ་འདི་མཐར་ཕྱིན་པར་ཀློག་དགོས། དེ་ནི་རྨང་གཞི་ཡིན།
དེ་ནས་ཀློག་གི་གོ་རིམ་ཞིག་ཀྱང་ཡོད་པ་ནི, དེབ་འདི་ལེའུའི་གོ་རིམ་བཞིན་ཀློག་པ་ལས་ལེའུ་གཉིས་པའི་རྗེས་སུ་ལེའུ་གསུམ་པ་བསྐྱུར་ནས་བཞི་བ་བཀླགས་ན་དོན་གོ་བ་དང་མགོ་མི་འཁྲུག་པ་སོགས་ཀྱི་དགེ་མཚན་ཡོད་སྙམ། གང་ལགས་ཤེ་ན་ལེའུ་གསུམ་པའི་ནང་དུ་ཀྂ་སྡེའི་རྣམ་བཞག་བཤད་ཀྱི་ཡོད་ཅིང་སྡེ་བ་དེ་ནི་བོད་པའི་རྣ་བར་བྱང་མ་མྱོང་བའི་སྒྲ་ཡི་རྣམ་བཞག་ཅིག་ཡིན་པས་མགོ་འཁྲུག་པ་ཡོང་སྲིད་ལ, ལེའུ་བཞི་བའི་ནང་དུ་ཀ་སྡེའི་རྣམ་བཞག་བཤད་ཀྱི་ཡོད་སྟབས་དེ་ནི་རང་རེའི་ངག་དང་རྣ་བར་བྱང་བའི་སྒྲ་དག་གི་སྐོར་ཡིན་པས་གོ་བ་ལོན་བདེ་བ་ཡོད་ཤས་ཆེ། དེ་གོ་བ་ལེགས་པོ་ཞིག་ལོན་ན་སྡེ་བ་གཞན་ལ་གོ་བ་ལོན་པར་ཕན་ངེས་སུ་སྙམ་མོ།
ཁ་བྱང་གི་འགྲེལ་བ།
ངག་ཅེས་པ་ནི་སྤྱིར་མིའི་མགྲིན་པ་ནས་བྱུང་བའི་སྒྲ་འགྲུབ་བྱེད་ཀྱི་དབང་པོ་དང, དེས་གྲུབ་པའི་སྒྲ་གཉིས་ཀ་ལ་གོ་བ་ཡིན། དེ་ཡང་ཞིབ་པར་བཤད་ན་འགྲོ་བ་མིའི་ངག་ལས་བྱུང་བའི་སྒྲ་ཀ་སོགས་འགྲུབ་བྱེད་ཀྱི་རྒྱུ་རྐྱེན་བཞི་སྟེ, གནས, བྱེད་པ, རྩོལ་བ, རྐྱེན, བཅས་དང་, དེ་བཞིན་དེ་དག་གིས་གྲུབ་པའི་སྒྲ་དང་དེའི་ཀུན་སློང་ལ་ཡང་གོ་བ་ཡིན། དེ་ཡང་གནས་ལ་འ་གནས་སོགས་བོད་ཀྱི་ངག་ལ་དགོས་པའི་གནས་དགུ་དང་ཕྱི་རྒྱལ་ངག་ལ་དགོས་པའི་གནས་གཉིས་བཅས་ཁྱོན་གནས་བཅུ་གཅིག་ཙམ་, བྱེད་པ་ལ་དམ་ལྷོད་ཡང་གསུམ་, རྩོལ་བ་ལ་ཨ་རྩོལ་སོགས་བཞི་འམ་དྲུག་, རྐྱེན་ལ་དབང་པོའི་རྐྱེན, སྦྱོར་བའི་རྐྱེན, སྒྲ་ཡི་རྐྱེན, བཅས་གསུམ་དང་དེ་དག་སོ་སོའི་ནང་གསེས་ཁག་བཅས་ཡོད། དེ་དག་གི་འབྲས་བུར་གྲུབ་པའི་སྒྲ་ཡི་རྣམ་བཞག་”སྒྲ་སྒྲུབ་རིག་པ”, སྒྲ་ཡི་གྲུབ་པའི་ཚིག་གི་རྣམ་བཞག་”ཚིག་སྒྲུབ་རིག་པ”, དེས་གྲུབ་པའི་རྗོད་པའི་རྣམ་བཞག་”རྗོད་སྒྲུབ་རིག་པ”, དེས་གྲུབ་པའི་”རྩོམ་རིག་གི་རྣམ་བཞག”, བཅས་ཀྱང་ངག་གི་ཁོངས་སུ་འདུ་བ་ཡིན། ཀུན་སློང་ནི་ཀ་སོགས་གྲངས་ལས་འདས་པའི་སྒྲ་རྣམས་རྗོད་པའི་འདུན་པ་ལ་གོ་བ་ཡིན་ཞིང, ངག་གི་སྐོར་བཤད་ཀུན་སློང་ཀྱང་གཡོལ་ཐབས་མེད་པའི་དོན་གནད་ཅིག་ཡིིན། དེའི་ཕྱིར་ཀུན་སློང་ཡང་ངག་གི་ཡན་ལག་ཅིག་ཏུ་ཁས་ལེན་དགོས། དེས་ན་དེ་དག་སྤྱི་ལ་ངག་ཅེས་པའི་ཚིག་འདིས་ཁྱབ་ཐུབ་པ་ཡིན།
དེས་ན་ཤེས་དགོས་པ་ཞིག་ལ་ངག་རིག་པའི་བསྟན་བཅོས་འདིའི་ནང་དུ་རིམ་པ་གསུམ་དུ་བསམ་དགོས་ཏེ: དེ་དག་ནི་“ཐོན་ལུགས་ཀྱི་བོད་ཀྱི་ངག”, “སྤྱིར་བོད་ཀྱི་ངག”, “འགྲོ་བ་མིའི་ངག”, བཅས་ཡིན། དེས་ན་འདིར་“ཐོན་ལུགས་ཀྱི་ངག“་ཟེར་བ་ཅི་ཡིན་ཞེ་ན་ ཐོན་མིས་བཟོས་པའི་ཀ་མད་སུམ་ཅུ་དང་དེས་བཟོ་ཐུབ་པའི་སྒྲ་རྣམས་དང་དེ་དག་འགྲུབ་བྱེད་ཀྱི་རྒྱུ་རྐྱེན་སོགས་ལ་གོ་བ་ཡིན། བོད་ཀྱི་ངག་སྒྲ་མང་པོ་ཞིག་འདིའི་ནང་དུ་འདུ་མི་ཐུབ།
“སྤྱིར་བོད་ཀྱི་ངག“་ཟེར་བ་ནི་ཅི་ཡིན་ཞེ་ན་ དེ་ནི་བོད་ཀྱི་ངག་གང་ཞིག་ཐོན་ལུགས་ཀྱི་ངག་དང་དེར་འདུ་མི་ཐུབ་པའི་ངག་སྒྲ་ད་དུང་མང་དུ་ཡོད་པ་དེ་དག་དང་དེ་དག་གི་འགྲུབ་བྱེད་བཅས་ལ་གོ་བ་ཡིན། དཔེར་ན་འདིར་བཤད་པའི་ཀྂ་སྡེའི་ནང་གི་སྒྲ་ཡོངས་རྫོགས་དང་ཊ་སྡེའི་ནང་གི་སྒྲ་མང་དག་ཅིག་ཡོད་པ་དག་ཡིན། དེ་དག་བོད་ཀྱི་ངག་ཡིན་ཀྱང་ཐོན་ལུགས་ཀྱི་ངག་གམ་བོད་ཀྱི་ཀ་མད་སུམ་ཅུའི་ནང་དུ་འབྲི་ཐུབ་པའི་སྒྲ་ཡེ་ནས་མིན།
དེ་བཞིན་ཧྥ་སོགས་ནི་ཐོན་ལུགས་ཀྱི་ངག་མིན་པ་མ་ཟད་སྤྱིར་བོད་ཀྱི་ངག་ཀྱང་མིན་པ་མ་ཟད་སྤྱིར་བོད་ཀྱི་ངག་ཀྱང་མིན་པ་དང, ཀ་སོགས་ནི་བོད་ཀྱི་ངག་ཏུ་མ་ཟད་ཐོན་ལུགས་ཀྱི་ངག་ཀྱང་ཡིན། དེ་ནི་བོད་ཀྱི་བརྡ་སྤྲོད་པའི་ནང་དུ་ཧྥ་ཡིས་བེད་སྤྱོད་མེད་པ་དང, ཀ་སོགས་ཀྱིས་ཀ་བ་སོགས་ལྟ་བུར་བེད་སྤྱོད་ཡོད་པ་ལ་བསམ་པ་ཡིན། དེས་ན་ལོག་པའི་ཡི་གེ་ལྔ་ཡི་ཊ་ཋ་ཌ་གསུམ་གྱི་སྒྲ་ནི་སྤྱིར་བོད་ཀྱི་ངག་ཡིན་པ་དང, ཎ་ཥ་གཉིས་ཀྱི་སྒྲ་ནི་བོད་ཀྱི་ངག་སྒྲ་མིན་པའི་ཁྱད་པར་ཤེས་དགོས། དེའི་རྒྱུ་མཚན་ནི་ཊ་སོགས་ཀྱི་སྒྲ་ནི་ད་སྐབས་ཊྲ་སོགས་ཀྱི་སྒྲ་དང་འདྲ་བས་པ་ཊྲ་སོགས་ལྟ་བུ་སྒྲ་འདི་སྤྱད་པའི་བོད་ཚིག་ཡོད་པ་དང, ཎ་སོགས་ཀྱི་སྒྲ་ཅན་གྱི་ཚིག་གཅིག་ཀྱང་བོད་པའི་བརྡ་སྤྲོད་པའི་ནང་དུ་མེད་པ་ལ་བསམ་པ་ཡིན།
འགྲོ་བ་མིའི་ངག་ཟེར་བ་ཅི་ཡིན་ཟེར་ན་ གོང་གི་དེ་གཉིས་ཀ་དང་དུང་དེར་མ་འདུས་པའི་ཕྱི་རྒྱལ་གྱི་ངག་སྒྲ་ཡོངས་རྫོགས་བཅས་བཅས་མདོར་ན་བོད་མི་ཞིག་གིས་ངག་ནས་དབྱུང་ཐུབ་པའི་སྒྲ་ཡོད་ཚད་ལ་གོ་བ་ཡིན། ཁོ་བོའི་སྒྲ་སྒྲུབ་རིག་པ་འདིའི་ནང་དུ་སྤྱིར་བོད་ཀྱང་ངག་གི་རྣམ་བཞག་ཞིབ་པར་བཤད་ནས་འགྲོ་བ་མིའི་ངག་གི་རྣམ་བཞག་ཞོར་ལ་མ་ལུས་པར་བཤད་ཀྱི་ཡོད། དེའི་ཕྱིར་འདི་ལ་སྒྲ་སྒྲུབ་རིག་པ་ཞེས་མིང་ཏུ་བཏག་པ་ལགས་སོ།
འདི་བྂ་གནས་དང་དྂ་གནས་གཉིས་ཀྱི་གནས་གནད་སོགས་ཤུགས་ཀྱིས་གོ་ཐུབ་པ་ལས་དངོས་སུ་རྒྱས་པར་མ་བཤད་པ་ནི་ཕྂ་དང་ཐྂ་《དབྱིན་ཇིའི་F དང་Th གི་སྒྲ》སོགས་ཀྱི་སྒྲ་རྣམས་བོད་པའི་སྐད་ལ་མི་མཁོ་བས་སྒྲ་དེ་དང་དེའི་འདུ་བྱེད་རྒྱུ་རྐྱེན་དག་ནི་ཐོན་ལུགས་ཀྱི་ངག་ལྟ་ཞོག་སྤྱིར་བོད་པའི་ངག་ཡང་མི་བརྩི་བའི་དབང་གིས་ཡིན། དེ་ལྟར་F སྒྲ་དང་Th སྒྲ་སོགས་དབྱིན་ཇིའི་ངག་ཏུ་བརྩི་བ་ལས་བོད་ཀྱི་ངག་ཏུ་མི་བརྩི། ལུང་པ་གང་གི་ངག་ཡིན་མིན་དེ་གཙོ་བོ་གནས་གནད་ངོས་འཛིན་ཚུལ་གྱི་ཁྱད་པར་གྱིས་འབྱེད་དགོས། བོད་པས་བཀོལ་སྤྱོད་བྱེད་པའི་སྒྲ་དག་གི་གནས་གནད་ངོས་འཛིན་ཚུལ་དེ་བོད་པའི་ངག་ངོས་འཛིན་ཚུལ་གཙོ་བོ་ཡིན། གནས་གནད་ངོས་འཛིན་ཚུལ་དང་འཇོག་སྟངས་གི་ཐོག་ནས་ཡུལ་ལུང་སོ་སོའི་ངག་རིག་པ་སོ་སོར་ཡོང་བ་ཡིན།
དེ་བཞིན་རྒྱ་གར་གྱི་ངག་རིག་པ་དང་རྒྱ་ནག་གི་ངག་རིག་པ་སོགས་ཀྱི་ཁྱད་པར་ཡང་རྒྱ་གར་དང་རྒྱ་ནག་གི་ངག་ནས་དབྱུང་བའི་སྒྲ་བྱེ་བྲག་པ་རྣམས་དང་དེ་དག་གི་རྒྱུ་རྐྱེན་བཤད་པ་ལ་གོ་ཞིང, དེ་ཡང་གཙོ་བོ་གནས་གནད་ངོས་འཛིན་གྱིས་ཁྱད་པར་གྱིས་འབྱེད་དགོས། དཔེར་ན, རྒྱ་གར་ལ་ཙ་སོགས་ཀྱི་སྒྲ་མེད་པས་ལྕེ་ཐོག་ས་བགོས་བྱེད་སྟངས་ལས་ཙ་སྡེའི་གནས་གནད་ཀྱི་ས་ཁུལ་དེ་ཅ་སྡེའི་གནས་ཀྱི་ས་ཁུལ་དང་བསྡོངས་ནས་འཇོག་དགོས་པ་དང, ཨི་ཊ་ལི་སོགས་ཡོ་རོབ་ཀྱི་རྒྱལ་ཁབ་འགའ་རེ་དང་ཝེཏ་ནམ་སོགས་ལྷོ་ཤར་ཨེ་ཤི་ཡའི་ལུང་པ་མང་པོར་ཊ་སོགས་ཀྱི་སྒྲ་མེད་པས་དེ་དག་གི་ལུགས་ལ་ཊ་སྡེའི་གནས་གནད་ཏ་སྡེའི་གནས་གནད་དང་ལྷན་དུ་བསྡོངས་ནས་གནས་གནད་གཏན་འབེབས་དང་ངོས་འཛིན་བྱེད་དགོས་པ་སོགས་ལྟ་བུ་ཡིན།
“བོད་ཀྱི་ངག་རིག་པའི་བསྟན་བཅོས”་ཟེར་བ་ནི་གོང་གི་དེ་དག་གི་རྣམ་བཞག་བཤད་པའི་རིག་པའི་གཞུང་ལུགས་ཀྱི་བསྟན་བཅོས་ཤིག་ལ་གོ་བ་ཡིན། དེ་ཡང་མིང་འདི་ཁོ་བོས་རྒྱ་གར་སྐད་དུ་”བྱཱ་ཀ་རན”ཟེར་བ་དང་དབྱིན་སྐད་དུ་”གརཱམར”གཉིས་ཀྱི་ཐད་དུ་བཞག་པ་ཡིན། འདི་ཐད་ལ་བོད་ཚིག་ད་ལྟ་མེད་པ་ཡིན་ནམ་ཟེར་ན, “སུམ་ཅུ་པ”ཟེར་བ་ནི་གྲངས་ཀྱི་བྱེ་བྲག་ཅིག་ཏུ་སོང་བས་འདི་ཐད་དུ་འདྲ་ཆགས་པ་ཞིག་མེད་ལ, སྔར་”ལུང་སྟོན་པ”ཞེས་ཟེར་ཀྱང་འདི་ཡང་གསལ་ཐ་སྙད་དག་གི་ཐད་དུ་འོས་བབས་དེ་ཙམ་མ་མཐོང་། དེའི་ཕྱིར་བདག་གིས་འདི་ལ་”ངག་རིག་པའི་བསྟན་བཅོས”ཞེས་བཏག་པ་ཡིན།
“སྒྲ་སྒྲུབ་རིག་པ”ཟེར་བ་ནི་ངག་རིག་པའི་ནང་གསེས་ཤིག་ཡིན། བོད་ཀྱི་ངག་རིག་པའི་ནང་དུ་བོད་ཀྱི་སྒྲ་སྒྲུབ་རིག་པ, བོད་ཀྱི་ཚིག་སྒྲུབ་རིག་པ, བོད་ཀྱི་རྗོད་སྒྲུག་རིག་པ, བོད་ཀྱི་རྩོམ་སྒྲུབ་རིག་པ, བཅས་འདུ་དགོས་པ་ཡིན། འདིར་ཁོ་བོས་བཤད་པའི་སྒྲ་ཡི་རྣམ་བཞག་འདི་ནི་འགྲོ་བ་མི་སྤྱིའི་ངག་ལ་ཁྱབ་པའི་རྣམ་བཞག་ཅིག་ཀྱང་ཡིིན། རིག་པའི་གཞུང་ལུགས་འདིའི་ནང་དུ་འགྲོ་བ་མི་སྤྱིའི་ངག་ནས་སྒྲ་སྒྲུབ་རྒྱུ་རྐྱེན་བཞི་སོགས་སྤྱིར་འགྲོ་བ་མིའི་ངག་ལས་སྒྲ་ཇི་ལྟར་འགྲུབ་ཚུལ་གྱི་ཆོས་ཉིད་ཀྱི་རྣམ་བཞག་དེ་བྱེ་བྲག་ཏུ་བཀལ་ནས་གཏན་ལ་འབེབས་པ་ཡིན། དེའི་ཕྱིར་ཁོ་བོས་དེབ་དང་པོ་འདི་ལ་”སྒྲ་སྒྲུབ་རིག་པ”ཞེས་བཏག་པ་ཡིན།
འོ་ན་འདིར་”བོད་ཀྱི་ངག་རིག་པའི་བསྟན་བཅོས”ཞེས་པར་”བོད་ཀྱི”ཞེས་སྦྱར་བ་དང་”སྒྲ་སྒྲུབ་རིག་པ”ཞེས་པར་མ་སྦྱར་བའི་རྒྱུ་མཚན་ཅི་ཡིན་ཞེ་ན: དང་པོ་ནི་འདིར་སྤྱིར་བོད་ཀྱི་ངག་སྟེ, ཐོན་ལུགས་ཀྱི་ངག་དང་དེར་མ་འདུས་པའི་བོད་ཀྱི་ངག་གཉིས་ཀ་ཡི་འགྲུབ་བྱེད་རྒྱུ་རྐྱེན་སོགས་རྒྱས་བཤད་བྱེད་ཀྱི་ཡོད་པ་དང་པ་ལས་ཕྱི་རྒྱལ་གྱི་ངག་ལ་ཡོད་པའི་སྒྲ་F དང་Th སོགས་ཀྱི་སྒྲ་ཡི་སྐོར་ཤུགས་རྟོགས་སུ་བཞག་ནས་རྒྱས་བཤད་བྱེད་ཀྱི་མེད་པའི་དབང་གི་ཡིན་པ་དང, གཉིས་པ་ནི་འདིར་བོད་པའི་ངག་ཡིན་མིན་ཇི་ལྟར་ཡང་འགྲོ་བ་མིའི་《ཉུང་མཐར་ཡང་བོད་མི་ཞིག》གི་ངག་ལས་འདྲོངས་ཐུབ་ཚད་ཀྱི་སྒྲ་ཡོད་ཚད་ཇི་ལྟར་འགྲུབ་པའི་རིག་པའི་གཞུང་ལུགས་བཤད་ཀྱི་ཡོད་པའི་དབང་གིས་ཡིན། མདོར་ན་ཀྂ་སྡེའི་ནང་གི་སྒྲ་སོགས་ནི་ཀ་མད་སུམ་ཅུར་འདུ་མི་ཐུབ་ཀྱང་དེ་དག་བོད་ཀྱི་ངག་གི་ཁོངས་སུ་འདུ་བ་ཡིན་པས་དེ་དག་བསྟན་བཅོས་འདིར་ཞིབ་པར་བཤད་ཡོད་པ་དང, F སྒྲ་དང་ Th སྒྲ་སོགས་ནི་བོད་ཀྱི་ངག་མ་ཡིན་ཀྱང་བོད་མི་ཞིག་གིས་དབྱུང་ཐུབ་པའི་སྒྲ་ཡིན་པས་དེ་དག་ཀྱང་མ་ལུས་པར་ཞོར་ལ་བཤད་ཀྱི་ཡོད་པའི་དབང་གིས་ཡིན།
སྤྱིར་འགྲོ་བ་མིའི་ངག་ལས་དབྱུང་བའི་ངག་སྒྲ་ལ་གྲངས་ཚད་མེད་ཅིང, སྒྲ་སྒྲུབ་རིག་པ་འདིའི་ནང་གི་སྒྲ་ཡི་རྣམ་བཞག་ཀྱང་ངག་སྒྲ་ཡི་གྲངས་ཀ་མུ་མཐའ་མེད་པ་དང་ལྷན་དུ་བཞུད་ཐུབ་པའི་སྒོ་འཕར་ཡངས་པོར་ཕྱེས་ཡོད། འོན་ཀྱང་སྒྲ་སྒྲུབ་རིག་པ་འདིའི་ནང་དུ་འགྲོ་བ་མིའི་ངག་ལས་དབྱུང་ཐུབ་པའི་སྒྲ་ག་འདྲ་ཞིག་ཡིན་ཀྱང་འདིར་བཤད་པའི་རྣམ་བཞག་འདིས་ཁྱབ་མ་ཐུབ་པ་ཞིག་མེད། རྣམ་བཞག་འདིས་མ་ཁྱབ་པའི་སྒྲ་ཞིག་འདོན་རྒྱུ་མེད། ནུབ་དབྱིན་ཡུལ་ནས་ཤར་ཉི་ཧོང་དང, བྱང་ཌེན་མག་ནས་ལྷོ་ཨར་ཇིན་ཀྲི་ན་བར་གྱི་འགྲོ་བ་མི་ཡི་ངག་ཇི་ལྟར་བཙལ་ཀྱང་བསྟན་བཅོས་འདིའི་ནང་དུ་བཤད་པའི་རྣམ་བཞག་འདིའི་མ་ཁྱབ་པའི་སྒྲ་ཞིག་འདོན་རྒྱུ་མེད། དེའི་ཕྱིར་འདི་ལ་”བོད་ཀྱི”དང་”ཤར་ཕྱོགས་ཀྱི”སོགས་མ་སྦྱར་བར་”སྒྲ་སྒྲུབ་རིག་པ”ཞེས་པ་བཏག་པ་ཡིིན། བདག་གི་དེབ་དང་པོ་འདི་གཉིས་ཀྱི་ནང་དུ་སྒྲ་ཡི་རྣམ་བཞག་”སྒྲ་སྒྲུག་རིག་པ”རྒྱས་བཤད་བྱས་པ་ལས, “བོད་ཀྱི་ཚིག་སྒྲུབ་རིག་པ”དང་”བོད་ཀྱི་རྗོད་སྒྲུབ་རིག་པ”གཉིས་དེབ་ཕྱི་མའི་ནང་དུ་འབྱུང་རྒྱུ་ཡིན། བོད་ཀྱི་རྩོམ་སྒྲུབ་རིག་པ་ནི་བདག་གིས་བཤད་དགོས་གལ་ཞིག་ཏུ་མ་མཐོང་སྟེ, བོད་ཀྱི་རྩོམ་རིག་གི་རྣམ་བཞག་མང་དག་ཅིག་མཐོང་རྒྱུ་ཡོད་པས་གོ་བོར་འབྲི་འཆར་མེད། གལ་སྲིད་བྲིས་ན་གཞན་གྱིས་མ་ཤོད་པ་ཞིག་བཤད་རྒྱུ་མེད་ན་འབྲི་བའི་དགོས་པ་ཅི།
དེ་ལྟར་བཤད་རྗེས་ཡང་འདིར་གསལ་བཤད་ཅིག་བྱེད་དགོས་ཏེ, ཁོ་བོས་བཤད་པའི་སྒྲ་ཡི་རྣམ་བཞག་འདིས་འགྲོ་བ་མི་སྤྱིའི་ངག་གི་རྣམ་བཞག་ལ་ཁྱབ་ཐུབ་ཟེར་དུས་འགྲོ་བ་མིའི་ངག་ནས་བྱུང་བའི་སྒྲ་ཡི་སྤུ་རིས་རེ་རེ་ནས་ཡོངས་སུ་རྫོགས་པ་འདིར་བཤད་ཟིན་ཡོད་ཅེས་སྨྲ་བ་ནི་མིན། འཛམ་གླིང་འདི་ན་ཡུལ་གྲུ་སོ་སོར་ཐུན་མོང་མ་ཡིན་པའི་སྒྲ་ཡོད་ཆོག་ཅིང་དེ་དག་ཡོངས་རྫོགས་མ་ལུས་པར་ཁོ་བོས་བཤད་ཡོད་ཟེར་བ་མིན་ལ, བཤད་ཐུབ་པའང་མིན། དཔེར་ན་, བལ་པོ་ལ་ཅ་སྒྲ་མེད་པ་དང་, རྒྱ་གར་ལ་ཙ་སྒྲ་མེད་པ, ཨི་ཊ་ལི་ལ་ཊ་སྒྲ་མེད་པ, སོགས་ཆད་པ་མང་ལ་, ཨ་རབ་པ་ལ་ཀྂ་ལྷག་མོ་ཡོད་པ, རྒྱ་གར་ལྷོ་ཕྱོགས་ལ་ལྂ་སྒྲ་ལྷག་མོ་ཡོད་པ་སོགས་ཡུལ་སོ་སོར་སྒྲ་ཡི་དགོས་མཁོ་མི་འདྲ་བ་ཇི་སྙེད་ཅིག་ཡོད། འདི་དག་ནི་རང་རང་གི་ལྕེ་སོགས་ཀྱི་ངོས་ལ་ས་བགོས་བྱེད་ཚུལ་མ་འདྲ་བ་ལས་བྱུང་བ་ཡིན་ཞིང, ལྕེ་སོགས་ཀྱི་ངོས་ལ་ས་བགོས་བྱེད་ཚུལ་ནི་ཡུལ་ལུང་སོ་སོའི་ངག་སྒྲའི་དགོས་མཁོ་དང་འཚམས་པར་ཇི་ལྟར་བྱས་ཀྱང་འགྲིག་པ་ལས་ཁོ་བོས་”འདི་ལ་གནས་འདི་དང་འདིའི་ས་མཚམས་ཡོད་པས་དེ་བརྒལ་མི་ཉན”, “དེ་ལ་གནས་དེ་དང་དེའི་ལྟེ་བ་ཡོད་པས་དེ་གཡོལ་མི་ཉན”སོགས་མཐའ་གཅིག་ཏུ་བཀའ་གཏོང་རྒྱུ་གཏན་ནས་མེད།
ཡང་འདིར་ཁོ་བོས་ལྕེ་སོགས་ཀྱི་ངོས་ལ་ས་བགོས་བྱས་པའི་གཞི་འཇོག་ས་་ནི་ད་བར་གྱི་བོད་མི་ཞིག་གིས་རྗོད་ཐུབ་པའི་སྒྲ་ཡོངས་རྫོགས་བསྡུ་ཐུབ་པའི་ས་བགོས་དེ་ཡིན། དེའི་ཕྱིར་བསྟན་བཅོས་འདིར་བོད་མི་ཞིག་ངག་ལས་དབྱུང་ཐུབ་པའི་སྒྲ་འདི་རྣམས་ཙམ་ཡིན། འདི་རྣམས་ལས་གཞན་པའི་སྒྲ་ཞིག་ད་ལྟ་བར་དུ་འདོན་མི་ཤེས་ཞེས་བཤད་ན་རྩོད་པ་ཟློག་ཅིང་དོན་དང་མཐུན་པ་ཡིན། དེའི་ཕྱིར་ཁོ་བོའི་ངག་རིག་པ་འདིས་འགྲོ་བ་མིའི་ངག་སྒྲ་ཡོད་ཚད་ཀྱི་རྣམ་བཞག་ལ་ཁྱབ་ཐུབ་ཟེར་བ་ལས, ངག་སྒྲ་ཡོད་ཚད་འདིར་བཤད་ཡོད་ཟེར་བ་མིན།
འདིར་རྗོད་དགོས་པའི་གལ་ཆེའི་གནད་དོན་གནད་དོན་གཞན་ཞིག་ནི་”ཁྱོད་ཀྱིས་འདི་དང་དེ་འོ”ཞེས་ཐག་གཅོད་རྣོན་པོ་མང་པོ་ཞིག་བྱས་ཡོད་པ་དེ་དག་གཞི་སུའི་ངག་ལ་བཞག་པ་ཡིན་ནམ”ཞེས་པའི་དྲི་བ་འདི་ཀུན་གྱི་ཀླད་པ་ལས་་ལ་བཞག་པ་ཡིན་ནམ”་ཞེས་པའི་དྲི་བ་འདི་ཀུན་གྱི་ཀླད་པར་ལས་ཡལ་མི་ཐུབ་པའི་དྲི་བ་དེ་ཡིན། དེ་ལ་”ཁོ་བོས་འདི་འཇིག་རྟེན་མིའི་ངག་གི་དབང་པོ་ལ་ཞིབ་འཇུག་བྱས་ཤིང་ལྕེ་ཐོག་ལ་ས་བགོས་བྱས་ནས་བཤད་པ་ལས་སྐྱེ་བོ་བྱེ་བྲག་པ་སུ་གཅིག་གི་ངག་ལ་གཞིར་བྱས་ནས་བཤད་པ་མ་ཡིན་ནོ”ཞེས་པ་དེ་བརྒྱ་གོ་གཅིག་ཆོད་ཀྱི་ལན་དེ་ཡིན།
ཡང་“ཁྱོད་ཀྱིས་སྒྲ་སྒྲུབ་རིག་པ་འདིས་འགྲོ་བ་མིའི་ངག་སྒྲ་ཡོད་ཚད་ཀྱི་རྣམ་བཞག་ལ་ཁྱབ་ཡོད་ཅེས་པ་འུར་མིན་ན་ཁྱོད་ཀྱིས་ཇི་ལྟར་ཁུངས་སྐྱེལ་ལམ། ཧམ་བཤད་མ་བྱེད་ཅིག”ཅེ་ན: འགྲོ་བ་མིའི་ངག་སྒྲ་ནི་ཡལ་ག་འབུམ་ཕྲག་དང་ལོ་མ་དུང་ཕྱུར་ལྡན་པའི་ལྗོན་ཤིང་ཆེན་པོ་ཞིག་དང་མཚུངས་བས་ལོ་མ་དུང་ཕྱུར་པོ་དེ་དག་གཅིག་གཉིས་ཀྱིས་བགྲང་ནས་ཁྱབ་པར་བྱེད་དགོས་ན་དཀའ་མོ་ཞིག་ཡིན་པ་བདེན་པ་ཡིན། “འོན་ཀྱང་ལོ་མ་དུང་ཕྱུར་ལྡན་པའི་ལྗོན་ཤིང་དེ་ལ་རྩ་བ་གཅིག་ལས་མེད་ཅིང་དེ་ལས་ཡལ་ག་སོ་སོར་གྱེས་པ་ཡིན་པས་ཐབས་ཤེས་ཡོད་ན་དེ་ཙམ་དཀའ་མོ་ཞིག་ཀྱང་མིན་ནོ”ཞེ་ཞུ་བ་ཡིན།
དེ་ཡང་འགྲོ་བ་མི་སུ་འདྲ་ཟིག་ཡིིན་རུང, དེའི་ངག་ལས་སྒྲ་ག་འདྲ་ཞིག་དབྱུང་རུང, རང་ཅག་ལ་གཅིག་མཚུངས་སུ་ཡོད་པའི་མགྲིན་པའི་དབང་པོ་འདི་ཁོ་ན་བེད་སྤྱད་བཏོན་པ་ཤ་སྟག་ལས་གཞན་གང་ཡང་མེད། རང་ཅག་གིས་ངག་སྒྲ་སྣ་ཚོགས་པ་འདི་དག་ཇི་ལྟར་འདོན་པའི་ཚུལ་རིགས་བགྲེ་བཏང་ནས་བཤད་ཐུབ་པ་ཡིན་ནོ། དེའི་ཕྱིར་བསྟན་བཅོས་འདི་འགྲོ་བ་མིའི་ངག་གི་སྒྲ་སྒྲུབ་རིག་པ་ཡིན་ཞེས་བཤད་པའི་སྤོབས་པ་རྙེད་པ་ཡིན།
མདོར་ན་བསྟན་བཅོས་འདིར་བོད་མི་ཞིག་གིས་ངག་ལས་དབྱུང་ཐུབ་པའི་སྒྲ་ཡོད་ཚད་ཀྱི་རྣམ་བཞག་བཤད་ཀྱི་ཡོད་སྟབས་”སྒྲ་སྒྲུབ་རིག་པ”ཞེས་བཏག་པ་དང་, བོད་ཀྱི་ཡུལ་འདིར་ངག་སྒྲ་ཇི་ཡོད་ཀྱི་རྣམ་བཞག་བཤད་ཀྱི་ཡོད་སྟབས་”བོད་ཀྱི་ངག་རིག་པའི་བསྟན་བཅོས”, ཐོན་ལུགས་ཀྱི་ངག་ལ་དག་ཐེར་བྱེད་ཀྱི་ཡོད་པས་”བོད་ཀྱི་སྤྱི་སྐད་ལ་སྨན་པའི་ཆེད་དུ་ཡིན”ཞེས་བརྗོད་པ་ཡིན་ལགས་སོ།
རྩོམ་པ་པོས་ཕྱི་ལོ་༢༠༠༩་ལོ་ཟླ་༩་ཚེས་༩་ལ་གུས་པས་ཕུལ།

No comments:

བཀླགས་མང་ཤོས།

ཟིན་བྲིས་བཀླགས་གྲངས་ཁྱོན་སྡོམ།

དཔར་རིས་འགྲེམ་སྟོན།

དཔར་རིས་འགྲེམ་སྟོན།
ངའི་བུ་མོ་སློབ་གྲའི་རྩེད་མོའི་ཉིན་མོ་ཨང་གཉིས་པ་ཐོབ།

ང་རང་གི་སྐོར།

My photo
I am a Tibetan, and a teacher. I have a dream that we have a unified Tibetan language. I see there is a way for this. རེ་བ་འདི་འགྲུབ་མི་སྲིད་པ་ཞིག་མིན་ལ། འདིའི་ལམ་སྣེ་གུས་པའི་ལག་ཏུ་ཡོད། དེ་ནི་ཁོ་བོས་བྲིས་པའི་(སྒྲ་སྒྲུབ་རིག་པ)ཡི་ནང་དུ་གསལ་ཡོད།