2010/05/25

ཁོ་བོའི་སྒྲ་སྒྲུབ་རིག་པའི་མཚམས་སྦྱོར།

ཀླད་ཀྱི་གཏམ་འགའ་ཞིག་གིས་ཐོག་མའི་ལམ་ཡངས་པོར་ཕྱེ་བ།
ཇི་ལྟར་བྱས་ནས་བོད་སྤྱི་སྐད་ཅིག་འགྲུབ་ཏུ་འཇུག་དགོས་སམ། ཞེས་པ་འདི་རང་ཉིད་དང་རང་དང་མཐུན་གྱི་གྲོགས་པོ་ཀུན་གྱི་སེམས་ན་ཡང་ནས་ཡང་དུ་ཆེས་ལྷང་ངེར་འཁོར་བཞིན་པའི་དྲི་བ་དང་པོ་དེ་རེད། འདི་ལ་འགའ་རེས་”འགྲུམ་འགྲུལ་ཡར་རྒྱས་སུ་སོང་ནས་བོད་རིགས་ནང་ཁུལ་འབྲེལ་གཏུགས་མང་དུ་བྱས་ན་བོད་གཅིག་གྱུར་འབྱུང”ཟེར། འདི་ནི་དུས་དང་ངོ་བོ་གཉིས་ཀའི་ཆ་ནས་ཤིན་ཏུ་ལྐོག་གྱུར་དུ་སོང་བའི་རང་བཞིན་ཞིག་རེད། འདི་ལ་སྒུག་ནས་འདུག་པ་ལས་བྱེད་རྒྱུ་གཞན་གང་ཡང་མེད།
འགའ་རེས་”དབུས་གཙང་གི་སྐད་དེ་བོད་སྤྱི་སྐད་ལ་འཇོག་དགོས”ཟེར། འདི་ནི་འུ་ཐུག་ཐབས་ཟད་ན་མ་འགྲིག་ཐབས་མེད་ཀྱང་འདི་ལེགས་ཤོས་དེ་ག་ལ་ཡིན། གང་ལགས་ཤེ་ན་དབུས་པས་ཀློག་སྟངས་མང་དག་ཅིག་སྒྲ་ཉམས་དམས་སུ་སོང་ཟིན། དེ་ལ་བོད་ཀྱི་སྤྱི་སྐད་དུ་ངོས་བཟུང་ན་ཀློག་མ་དག་པའི་ཆ་དེ་དག་ལ་དག་བཅོས་བྱེད་རྒྱུའི་ཚབ་ཏུ་ད་དུང་དག་བཅོས་མི་བྱེད་པའི་ལམ་དུ་ཞུགས་པ་ཡིན། སྤྱིར་ཆོལ་ཁ་གསུམ་གཅིག་མཐུན་དུ་ས་མགོ་དང་ས་རྗེས་འཇུག་གི་སྒྲ་འདོན་སྲོལ་རྦད་དེ་ཉམས་སུ་བཏང་ཟིན་པ་འདིས་བོད་ཀྱི་ཡི་གེའི་ཡོན་ཏན་གྱི་བརྒྱ་ཆའི་དྲུག་ཅུ་ཙམ་ཆུད་ཟོས་སུ་བཏང་ཡོད། དེའི་ཕྱིར་ཐབས་ཤེས་འདི་ནི་བོད་ཀྱི་ཡི་གེའི་ཡོན་ཏན་མང་དག་ཅིག་མུ་མཐུད་ནས་ཆུད་ཟོས་སུ་གཏོང་བའི་ལམ་དུ་ཞུགས་པ་རང་ཡིན། སྔོན་ཡུལ་མི་ཚང་མས་སྨྱོ་ཆུ་བཏུང་མཐར་རྒྱལ་པོས་ཀྱང་གཏུང་དགོས་སུ་ཤར་བའི་སྒྲུང་གི་རྗེས་སུ་སོང་བ་ཡིན།
ད་དུང་འགའ་རེས་ནི་”ཨ་མདོ་འབྲོག་པའི་སྒྲ་འདི་གཞན་ལས་དག་པས་འདི་བོད་ཀྱི་སྤྱི་སྐད་ལ་འཇོག་འོས”ཟེར། འདི་ནི་རྒྱུ་མཚན་ལྡན་ཀྱང་མིའི་རྣམ་རྟོག་གི་དབང་གིས་རྒྱུ་མཚན་མི་མཐོང་བ་དང་དེའི་རྐྱེན་གྱིས་སུས་ཀྱང་འདོད་པ་མེད་པའི་གནས་ཤིག་ཡིན། འགའ་རེས་”སེ་འབྲས་གསུམ་གྱི་གྲྭ་པས་སྤྱོད་པའི་སྐད་དེ་བོད་སྤྱི་སྐད་ལ་འཇོག་དགོས”ཟེར། འོན་ཀྱང་འདི་ཡང་སྤྱིར་ན་ངེས་གཏན་མེད་པས་ཞིབ་ཚགས་ཀྱི་བཤད་ཚུལ་གང་ཡང་མེད། མཁས་པ་ཆེན་མོ་དུང་དཀར་བློ་བཟང་འཕྲིན་ལས་ལགས་ཀྱིས་བོད་ཀྱི་སྤྱི་སྐད་ནི་ད་ལྟའི་ཆོལ་ཁ་གསུམ་གང་གི་ཡང་མ་ཡིན་པའི་བཙོ་སྦྱང་ལེགས་པར་བྱས་པའི་བོད་སྐད་ཅིག་ཡིན་དགོས་ཞེས་གསུངས་ཡོད།
འོན་ཀྱང་གོང་གི་དེ་དག་ཐམས་ཅད་ནི་མཁས་པ་ཚོས་རང་རང་གི་དགོངས་ཚུལ་གསུངས་པ་ཙམ་ལས་ཇི་ལྟར་ལག་ལེན་དུ་སྟར་དགོས་པའི་ཞིབ་ཕྲའི་ལམ་སྟོན་གང་ཡང་མེད་པས་དགོང་ཚུལ་དེ་དག་ཧ་ལམ་ཁ་བཤད་ཚིག་སྟོང་ཙམ་དུ་ལུས་ཡོད།
བདག་གིས་ནི་དུང་དཀར་ཚང་གི་དགོངས་ཚུལ་དེར་མོས་མཐུན་བྱེད། དེ་ཡང་བཙོ་སྦྱང་ལེགས་པར་བྱས་པའི་བོད་ཀྱི་སྐད་ཡིག་དག་མ་ཞིག་གསར་སྐྲུན་བྱས་ནས་དེ་བོད་ཀྱི་སྤྱི་སྐད་དུ་འཇོག་དགོས། “འོ་ན་དེ་འདྲའི་བཙོ་སྦྱང་ལེགས་པར་བྱས་པའི་བོད་སྐད་ཅིག་ཇི་ལྟར་ཡོང་དགོས་སམ?”ཞེས་པ་ནི་འདིའི་སྐབས་ཀྱི་སུས་ཀྱང་འཆང་མ་ཕོད་པའི་དྲི་བ་འཇིགས་སྣང་ཅན་དེ་ལོས་ཡིན། ཁ་ནས་བཤད་ཚར་བོའི་རྗེས་ལ་དོན་དངོས་སུ་ལག་ལེན་ཐོག་འདི་འདྲ་ཟིག་འབྱུང་དགོས་པའི་ལམ་གཏོད་རྒྱུ་དེ་ནི་བདག་གི་ཕྲག་པར་བབས་པའི་འོས་འགན་དུ་ངོས་འཕྲོད། དེ་མིན་གོང་མ་དག་བཞིན་ཁ་བཤད་ཚིག་སྟོང་ཙམ་དུ་འགྱུར། དེའི་བདག་གིས་ངག་རིག་པའི་བསྟན་བཅོས་འདི་རྩོམ་པའི་ལས་ཞུགས་པ་ཡིན།
འོ་ན་དེ་འདྲ་བའི་བཙོ་སྦྱང་དེ་ཇི་ལྟར་བྱེད་དགོས་སམ་ཞེ་ན: སྤྱིར་བོད་ཀྱི་ངག་ལ་ཐོན་ལུགས་ཀྱི་ངག་དང་དེར་མ་འདུས་པའི་ངག་གཉིས་ཡོད་པ་ལས་ད་ཡོད་རང་རེར་རྩ་བ་བརྟན་པོར་ཚུགས་ཡོད་པའི་ངག་གི་རྣམ་བཞག་ནི་ཐོན་ལུགས་ཀྱི་ངག་གི་རྣམ་བཞག་འདི་རེད། བོད་ཀྱི་སྤྱི་སྐད་ལ་སྨན་པའི་བཙོ་སྦྱང་བྱེད་ས་ཡང་འདི་རང་ལ་བྱེད་དགོས། དེ་ཡང་ཐོན་ལུགས་ཀྱི་ངག་སྒྲ་འདི་དག་གཞིར་བཟུང་དགོས་པ་དེ་ཡིན། དེའི་དོན་ནི་འདིར་མ་འདུས་པའི་བོད་ཀྱི་ངག་རྣམས་ཡང་ན་སྐྱུར་དགོས་པ་དང་, ཡང་ན་དེ་དག་གི་ཆེད་དུ, བདག་གིས་ཀྂ་སྡེ་བསྣན་པ་བཞིན, ཡིག་གཟུགས་གསར་དུ་སྣོན་དགོས་པ་ཡིན། ཡིག་གཟུགས་གསར་དུ་སྣོན་དགོས་ཟེར་བ་འདིར་འདྲོགས་པར་མི་འཚལ་ཏེ, སྔར་ཡང་ལོག་ཡིག་མཐུག་པོའི་ཡི་གེ་འདི་དག་དེ་ལྟར་གསར་དུ་བསྣ་པ་ཡིིན་པའི་ཕྱིར་རོ། ཡིག་གཟུགས་གསར་སྣོན་དགོས་ཞེས་ཁོ་བོས་ཨུ་ཚུགས་བྱེད་འདོད་མེད་ཀྱང་, ཡིག་གཟུགས་གསར་དུ་མ་བསྣན་ན་ད་ལྟའི་ཀ་མད་སུམ་ཅུ་དང་ལོག་ཡིག་དག་གིས་མཚོན་མི་ཐུབ་པའི་བོད་ཀྱི་ངག་སྒྲ་ཚང་མ་འདོར་དགོས་སུ་འགྱུར་བ་ཡིན། མདོར་ན་ཡིག་གཟུགས་གསར་དུ་བསྣན་རུ་མ་བསྣན་རུང་ཐོན་ལུགས་ཀྱི་ངག་འདི་ལ་དག་ཐེར་བྱེད་རྒྱུ་དེ་བོད་ཀྱི་སྤྱི་སྐད་ལ་སྨན་པའི་བོད་ཀྱི་ངག་ལ་བཙོན་སྦྱང་བྱེད་ཚུལ་དེ་ཡིན།
བདག་གི་བོད་ཀྱི་ངག་རིག་པའི་བསྟན་བཅོས་ཀྱི་བྱེད་བྲག་སྒྲ་སྒྲུབ་རིག་པ་འདི་ནི་ངག་སྒྲ་ལ་ཚད་འཇལ་བྱེད་ཀྱི་ཡོ་བྱད་དམ་བཙོ་སྦྱང་བྱེད་པའི་ལག་ཆ་དེ་ཡིན། འདིའི་ཚད་ལ་གཞལ་ནས་ཀ་སོགས་ཀྱི་བཟོས་པའི་ཡིག་འབྲུ་རེ་རེ་བཞིན་གྱི་ད་ལྟའི་བོད་ཀྱི་ཀློག་སྟངས་གངཞིག་དག་པ་དང་གང་ཞིག་དག་པ་དང་གང་ཞིག་མི་དག་པའི་ཚུལ་རྒྱུ་མཚན་དང་རིགས་པའི་ལམ་གྱིས་གཏན་འབེབས་བྱེད་ཐུབ། དེ་ལྟར་གཏན་ལ་ཕབས་ནས་ཀློག་དག་པ་འམ་རིགས་ལམ་འདིས་ཐག་བཅད་པའི་ཀློག་སྟངས་གསར་བ་ཞིག་འབྱུང་བར་འགྱུར། དེ་ནི་བོད་ཀྱི་སྤྱི་སྐད་དེ་ཡིན། ཀློག་སྟངས་གསར་བ་ཟེར་བ་འདི་ནི་ད་ལྟའི་མདོ་དབུས་ཁམས་གསུམ་གྱི་ཀློག་སྟངས་ལས་ཡོངས་སུ་རྦད་དེ་ཐ་དད་ཅིག་ཡིན་དགོས་དོན་མེད་ལ, ད་ལྟའི་མདོ་དབུས་ཁམས་གསུམ་གྱི་ཀློག་སྟངས་མ་ཡིན་པའི་ཀློག་སྟངས་གསར་བ་རེ་ཟུང་ཡང་ཡོང་སྲིད། སྒྲ་རེ་རེ་བཞིན་ཞིབ་འཇུག་གིས་ཀློག་དག་པ་དེ་རང་འཇགས་སུ་གནས་ཆོག་ལ་ཀློག་མ་དག་པ་ལ་ཀློག་དག་པ་གང་ཡིན་པ་གསར་དུ་མཚམས་སྦྱོར་བྱེད་དགོས། མདོར་ན་བོད་ཀྱི་ཚིག་རེ་རེ་བཞིན་དུ་བསྟན་བཅོས་འདིའི་ལམ་ནས་འགྲིག་པར་ཐག་བཅད་པའི་ཀློག་སྟངས་རེ་ཡོད་དགོས།
དེ་ཡང་གོ་ནོར་ཐེབས་མི་ཉན་པ་ཞིག་ལ, ཁྱེད་ཀྱི་ཀློག་སྟངས་ནོར་བ་དང་ང་ཡི་ཀློག་སྟངས་འགྲིག་པའི་བཤད་ཚུལ་ཞིག་ཡེ་ནས་མིན་པར་ཀློག་སྟངས་གང་ཞིག་བསྟན་བཅོས་འདིའི་ལུགས་ལ་འགྲིག་པ་དང, ཀློག་སྟངས་གང་ཞིག་བསྟན་བཅོས་འདིའི་ལུགས་ལ་ནོར་བའི་ས་མཚམས་ཤིག་འཛིན་དགོས་པ་ཙམ་ཡིན།
དེ་འདྲ་བའི་ཀློག་སྟངས་གསར་བ་དེ་བོད་མི་ཀུན་གྱིས་ཤེས་པར་བྱེད་དགོས། འདི་ཤེས་པ་ལ་དཀའ་ངལ་ཆེན་པོ་ཡོད་དགོས་པ་ཞིག་ཀྱང་མིན་ཏེ, ཐམས་ཅད་གཅིག་གིས་གཅིག་ལ་རིགས་བསྒྲེ་རུང་དུ་ཡོད་པས་སོ། དེ་ལྟར་ཤེས་པ་ན་དེ་ཙམ་གྱིས་བོད་ཀྱི་སྤྱི་སྐད་གྲུབ་ཟིན་པ་ཡིན། དེ་ཙམ་ལས་མདོ་བས་མདོ་སྐད་རྗེད་མི་དགོས་ལ, དབུས་པས་མདོ་སྐད་སྦྱོང་མི་དགོས། རང་རང་གི་ཡུལ་སྐད་རང་རང་གི་ཡུལ་དུ་སྨྲ་ཆོག། ནམ་ཞིག་ཆོལ་ཁ་མི་འདྲ་བའི་མི་གཉིས་ཕྲད་སྐབས་གསར་དུ་གཏན་འབེབས་བྱས་པའི་སྒྲ་གདངས་དེའི་ཐོག་ནས་ཁ་བརྡ་བྱེད་དགོས། རྒྱལ་ཁབ་གཞན་གྱི་བཞིན་བོད་ཀྱི་སྤྱི་སྐད་ཀྱི་དགོས་པ་ནི་དེ་ཙམ་གྱིས་རྫོགས་པ་ཡིན་པ་ལས་བོད་ཀྱི་སྤྱི་སྐད་གཏན་འབེབས་བྱས་ན་ཡུལ་སོ་སོའི་ཐུན་མོང་མ་ཡིན་པའི་ཡུལ་སྐད་རྣམས་ཉམས་སུ་འཇུག་དགོས་པའི་དོན་ཡེ་ནས་མིན།
འདི་འདྲ་ཡོང་ཐུབ་པའི་དཔེ་གསོན་པོ་ད་ལྟ་དངོས་སུ་བདག་ལ་སྟོན་རྒྱུ་ཡོད་པ་ནི་རྒྱ་གར་གྱི་ཧིན་དིའི་སྐད་འདི་རེད། ཚང་མས་མཁྱེན་གསལ་བཞིན་ཧིན་དི་འདི་ནི་བཙོ་སྦྱང་བྱས་པའི་རྒྱ་གར་བྱང་ཕྱོགས་པ་སྤྱིིས་གོ་ཐུབ་པའི་སྐད་ཡིག་ཅིག་ཡིན་ཞིང, ཧི་མ་ཅལ་དང, བྲཇ, བྷི་ཧར, སོགས་ལ་རང་རང་གི་ཡུལ་སྐད་དེ་ཧིན་དི་ལས་རྒྱང་ཐག་ངེས་ཅན་གྱིས་རིང་བའི་སྐད་གཞན་པ་རེ་ཡིན་ཀྱང, ཀུན་གྱིས་ཧིན་དི་འདི་སྤྱི་སྐད་དུ་བཀོལ་བ་གཅིག་མཚུངས་ཡིན། འོན་ཀྱང་དེ་དག་རང་རང་གི་ཡུལ་དུ་ཟུར་ཆགས་པའི་ཡུལ་སྐད་དེ་ཁོ་ན་བེད་སྤྱོད་བྱེད་པ་ལས་བརྙན་འཕྲིན་དང་རླུང་འཕྲིན་ནང་དུ་བཤད་པའི་ཧིན་དི་སྐད་དེ་ཇི་བཞིན་ནམ་ཡང་མི་སྨྲ། དེ་ལྟར་ན་ཡང་ཧིན་དི་འདིས་གོང་གི་ཡུལ་གྲུ་དེ་དག་དང, དིལླི, ཨེམ་པི, ར་ཇིས་ཏཱན, སོགས་སྤྱི་སྐད་ཀྱི་ཞབས་ཞུ་བདེ་བླག་ཏུ་ཞུ་བཞིན་པ་མ་ཟད་, རྒྱ་གར་སྤྱི་ཡོངས་ཀྱི་སྤྱི་སྐད་ཀྱི་བྱ་བ་ཡང་བདེ་བླག་ངང་སྒྲུབ་བཞིན་ཡོད། དེའི་ཕྱིར་བདག་གིས་གྲོས་བཏབ་པའི་ཐབས་ལམ་འདི་ནི་མངོན་དུ་འགྱུར་བའི་ལམ་ཁ་ཡོད་པ་དང, ལག་ལེན་ཏུ་འགྲོ་ཐུབ་པའི་དཔེར་མཚོན་ཅན་ཞིག་ཡིན། རང་རེའི་ཆོལ་ཁ་གསུམ་གྱི་སྐད་དང་གསར་དུ་གཏན་ལ་ཕབས་པའི་ཀློག་སྟངས་གཉིས་ཀྱི་བར་ལ་ཡང་ཁྱད་པར་འདི་ལས་ཉེ་བ་ལས་ཐག་མི་རིང་བ་ངེས་གཏན་ཡིན། གཙོ་བོ་ནི་རྣམ་རྟོག་གི་དབང་དུ་མ་སོང་བའི་འདུན་པ་བརྟན་པོ་ཞིག་དགོས་པ་དེ་ཡིན།
ཁོ་བོའི་བསྟན་བཅོས་འདིའི་ནང་དུ་སྒྲ་མང་པོ་ཟིག་ངག་ནས་འདོན་རྒྱུ་ཡོད་མོད་སྐད་ཆ་དང་ཡི་གེའི་ནང་ནས་དཔེར་རྗོད་གསལ་པོ་འཇོག་རྒྱུ་མེད་པ་མང་པོ་བྱུང་སོང། འོན་ཀྱང་དཔེར་རྗོད་འཇོག་རྒྱུ་མེད་ན་འདི་ལྟར་རྣམ་བཞག་མང་པོ་ཞིག་ཕྱེས་ནས་བཤད་པའི་དགོས་པ་ཅི་ཡོད་ཅེ་ན: སྤྱིར་ན་དཔེར་རྗོད་གསལ་པོར་འཇོག་རྒྱུ་མེད་པ་མིན་མོད, ལུང་པ་དང་ཡུལ་ཁམས་རང་གཞན་གང་ལ་ཡང་འདི་འདྲ་བའི་སྒྲ་མཚོན་བྱེད་ཡི་གེ་མེད་སྟབས་《ངས་མ་ཤེས་པ་ཕུད》ལས་སླ་བོ་དང་ཚིག་ཉུང་ངུའི་ཐོག་ནས་འདི་འདྲ་བའི་སྒྲ་ཡི་དཔེར་མཚོན་འཇོག་ཁག་པོ་ཡོད་པ་ཙམ་ལས་མིའི་ངག་ལས་དབྱུང་མི་ཐུབ་པ་ཡེ་ནས་མིན། དེའི་ཕྱིར་ངས་སྒྲ་རེ་ཟུང་ལ་རང་རང་གི་མཚོན་བྱེད་རེ་བཟོས་ཡོད་པ་དེ་ལ་དཔྱོད་རྟོག་གིས་ལེགས་པར་དཔྱད་ན་ཁྱེད་རྣམས་ཀྱིས་ལེགས་པར་ངོས་འཕྲོད་པར་འགྱུར་བའི་རེ་བ་དང་བཅས་བཞག་པ་ཡིན།

དེ་ལྟར་ཁག་པོ་ཡོད་བཞིན་དུ་ཨུ་ཚུགས་ཀྱིས་བཤད་དགོས་དོན་ནི་སྒྲ་ཡི་རྣམ་བཞག་བྱིས་ཕྱིན་པ་ཞིག་འཆད་ཆེད་དུ་ཡིན་པ་དང, གཞན་ཡང་འདི་དང་འདི་འདྲ་བའི་སྒྲ་ངག་ནས་སྤུ་རིས་གསལ་བའི་སྒོ་ནས་རྗོད་རྒྱུ་ཡོད་པའི་སྒྲ་སྔར་བེད་སྤྱོད་བྱེད་མྱོང་བ་དང་མ་འོངས་བར་བེད་སྤྱོད་བྱེད་པར་འགྱུར་བ་གང་རུང་གིས་ཁྱབ་པའི་དབང་གིས་ཡིན། ལར་ནས་སྒྲ་ཡི་རྣམ་བཞག་བྱིས་ཕྱིན་པ་ཞིག་ཤེས་པ་ལ་སྒྲ་ཡི་སྤུ་རིས་ཕྲ་མོ་ཙམ་མི་འདྲ་བ་ཡོད་པའང་མ་ལུས་པར་འགྲེལ་བརྗོད་བྱེད་དགོས་པ་དང, དེ་ལྟར་མི་འདྲ་བའི་ཆ་ཡོད་ན་དེའི་གནད་དང་རྒྱུ་མཚན་ལེགས་པར་རྟོགས་པ་བྱེད་དགོས་པ་དང, དེ་བཞིན་སྒྲ་རེ་ཟུང་འདྲ་བ་ཡོད་ན་དེའི་གནད་དང་རྒྱུ་མཚན་ལེགས་པར་རྟོགས་པར་བྱེད་དགོས། དེའི་ཆེད་དུ་དེ་ལྟར་འགྲེལ་བཤད་ཀྱང་དགོས།
དེ་ལྟར་ཤེས་ན་གཞི་ནས་སྒྲ་ཡི་གནས་ལ་མི་རྨོངས་བར་འགྱུར་ལ, སྒྲ་ལ་རྨོངས་པ་སེལ་ན་རང་གི་ངག་སྒྲ་ཡང་ཡང་དག་པར་འདོན་ཐུབ། བོད་ཡུལ་ལ་མཚོན་ན་སྤྱིར་ཡུལ་ལུང་སོ་སོར་ཁ་སྐད་མི་འདྲ་བ་ཧ་ཅང་མང་ཞིང, ལྷག་པར་དུ་ཡུལ་སྐད་ཆེན་མོ་ཁག་གསུམ་སྟེ་, མདོ་དབུས་ཁམས་གསུམ་གྱི་ཁ་སྐད་སོ་སོའི་མི་འདྲ་བའི་ཁྱད་པར་དེ་ཚན་རིག་དང་མཐུན་པའམ་སྒྲ་ཡི་ཁྱད་ཆོས་སམ་སྒྲ་ཡི་མཚན་ཉིད་ཀྱི་སྒོ་ནས་ལེགས་པར་རྟོག་ཐུབ་པ་བྱུང་ན, བོད་སྐད་གཅིག་གྱུར་ཡོང་བ་ལ་རྨ་མེད་ཀྱི་ཞབས་འདེགས་ཞུ་ཐུབ། དེར་མ་ཟད་བོད་སྐད་སྦྱོང་མཁན་གྱི་ཕྱི་རྒྱལ་བ་དག་གིས་སྒྲ་འདི་དག་གི་ནང་ནས་བོད་པས་ངག་ལས་ཆོས་པའི་སྒྲ་རྣམས་ལེགས་པར་བཀྲབས་ཏེ་ངོས་བཟུང་ནས་བོད་ཡིག་དང་བོད་སྐད་དག་མོ་ཞིག་དང་གོ་བརྡ་འཕྲོད་ཐུབ་པའི་གདངས, བོད་པའི་རང་བཞིན་གསོན་པོར, སྨྲ་ཤེས་པར་ཕན་ཐོགས་པར་འབྱུང་བར་འགྱུར། གང་ལགས་ཤེ་ན་ངག་སྒྲ་ལ་འདི་ལྟར་དབྱེ་ཞིབ་བྱས་ན, ཐམས་ཅད་གཞན་གྱི་ངག་ཁོ་ན་ལ་ཉན་ནས་སྦྱོང་དགོས་པའི་ད་ལྟའི་སྐད་ཡིག་སྦྱོང་བའི་ལམ་སྲོལ་དེ་ལ་བརྟེན་མི་དགོས་པར, སྒྲ་རང་རང་གི་སྤྱི་འགྲོས་ལ་གཞིགས་ནས་རང་ངོས་ནས་སྦྱོང་བརྡར་བྱེད་ཆོག་པ་ཞིག་ཡོང་བར་འགྱུར་བས་སོ།
གཞུང་འདིའི་སྤྱི་ཁོག་སྙིང་བསྡུས།
བསྟན་བཅོས་འདིའི་ནང་དུ་ངག་སྒྲའི་དབྱེ་ཚུལ་གོ་བརྡ་ལེགས་པོ་ཞིག་འཕྲོད་ཆེད་དུ: ༡། སྡེ་བ, ༢། ཚོ་བ, ༣། ཤོག་ཁ, ༤། རུ་ཁག, ༥། ཁྱིམ, ༦། ཤག, ༧། ཀ་མད་བྱེ་བྲག, བཅས་ཀྱི་སྒོ་ནས་སྤྱི་བྱེ་བྲག་གི་དབྱེ་བ་ཕྱེས་ཡོད། དེ་དག་ལས་རིམ་བཞིན་དང་པོ་ནི་གནས་ཀྱི་ཁྱད་པར་གྱིས་བཞག་པ་དང, གཉིས་པ་དུས་ཀྱི་རྐྱེན, གསུམ་པ་ལམ་གྱི་རྐྱེན, བཞི་བ་ལམ་གྱི་རྐྱེན་གྱི་བྱེ་བྲག་ཅིག, ལྔ་བ་བྱེད་པ, དྲུག་པ་དུས་ཀྱི་རྐྱེན་གྱི་བྱེ་བྲག་ཅིག, བདུན་པ་མཚན་མ, བཅས་ཀྱི་ཁྱད་པར་གྱི་སྒོ་ནས་བཞག་པ་ཡིན།
གཞུང་འདིའི་ནང་དུ་ཚིག་གིས་ཟིན་མ་ཇི་ལྟར་ཡང་ངག་སྒྲ་མི་འདྲ་བ་གྲངས་295,327,900ཙམ་གྱི་རྣམ་བཞག་དངོས་སུ་བཤད་ཡོད། དེ་དག་ནི་མང་ཆེ་བ་བོད་སྐད་ལ་མཁོ་བའི་ངག་གམ་ཐོན་ལུགས་ཀྱི་ངག་སྒྲ་ཡིན། གྲངས་ཀ་འདི་འགྲུབ་པའི་སྤྱི་འགྲོས་ནི: x2*20+x3*20=295,237,900ཡིན། x་ནི་འདིར་དངོས་སུ་རྒྱས་པར་བཤད་པའི་ཀ་མད་ཀྱི་གྲངས་ཀ་དེ་ཡིན། དེ་ལ་245 ཡོད། འདིའི་ཐོག་ཏུ་ཕྱི་རྒྱལ་ལ་མཁོ་བའི་ངག་སྒྲ་3,970,680 ཙམ་ཁ་སྣོན་དུ་ངོས་སྤྲོད་ཙམ་བྱས་ནས་ཞིབ་པར་ཤུགས་ལ་རྟོགས་ཐུབ་པར་བྱས་ཡོད། གྲངས་ཀ་འདི་ལམ་ཙམ་འུར་བྱས་པའི་རྩིས་ཤིག་ཡིན་ན་ཡང, གྲངས་ཀ་རེ་རེ་བཞིན་ངོས་སྤྲོད་རྒྱུ་ཡོད་པའི་དངོས་ཡོད་ཀྱི་གྲངས་ཀ་ཞིག་ཀྱང་ཡིན་ཏེ, ཀ་མད་རྐྱང་པ་སུམ་རེས་ངག་སྒྲ་རེ་བཟོ་ཆོག་པ་ཡང་ཡོད་པས་སོ། འདི་ད་དུང་ཁོ་བོས་བཤད་པའི་མིའི་ངག་གི་སྒྲའི་གྲངས་ཀྱི་དབྱེ་ཚུལ་བསྡུས་ཤོས་ཀྱི་བརྩི་ལུགས་དེ་ཡིན། དབྱེ་ཚུལ་ལ་རྒྱས་བསྡུས་བཞི་བཤད་ཡོད་པ་ལས་རྒྱས་ཤོས་ཀྱི་དབང་དུ་བྱས་ན་ངག་སྒྲ་མི་འདྲ་བ་གྲངས་47,300,838,480ཙམ་ཡོད། གྲངས་འདི་ཙམ་ཁོ་བོས་འདིར་དངོས་སུ་ཞིབ་འགྲེལ་བྱས་མེད་ཀྱང་ཤུགས་བསྟན་ལ་གོ་ཐུབ་པར་བྱས་ཡོད། ལར་ནས་འདི་ཡང་ཅུང་ཟད་འུར་བྱས་པའམ་བརྟག་པ་མཐའ་བཟུང་གི་བརྩི་ལུགས་ཀྱི་གྲངས་ཤིག་ཡིན་ན་ཡང་གྲངས་བརྩིས་པ་ནི་ངོ་མ་རང་ཡིན། གལ་སྲིད་རྩི་ལུགས་འདིའི་དབང་དུ་བྱས་ན་སློབ་དཔོན་ཐོན་མིས་ཀྱང་ཀ་མད་སུམ་ཅུ་ལས་ངག་སྒྲ་མི་འདྲ་གྲངས་111720 ཙམ་བཟོ་ཐུབ་པའི་ཆ་རྐྱེན་ལེགས་པར་བསྐྲུན་ཡོད། འོན་ཀྱང་ཁ་ཡོད་ལག་ཡོད་ལ་རང་རེས་འགོ་འདོགས་དང་འཇུག་ཡང་འཇུག་ལ་ཚད་བཀག་ཡོད་སྟབས་ད་ལྟ་འདིའི་ཕྱེད་ཀའི་ཕྱེད་ཀ་ཡང་བཟོ་མི་ཐུབ་པར་གྱུར་ཡོད། ད་དུང་ས་མགོ་དང་ས་མཐའི་ཀློག་ཉམས་པ་འདིས་བོད་ཡིག་འདི་ཡན་ལག་བཞི་བཅད་པའི་ཕུང་པོ་ཞིག་བཞིན་ནུས་མེད་དུ་བཏང་ཡོད།
ཀུན་ལས་གལ་ཆེ་བ་ནི་བདག་གིས་སྒྲ་སྒྲུབ་རིག་པ་འདིར་ཀ་མད་245་དང་དབྱངས་གྲངས་20 ཙམ་ལ་དངོས་སུ་ཚིག་ཟིན་ཀྱིས་རེ་རེ་བཞིན་འགྲེལ་བཤད་རྒྱས་པར་བྱས་ཡོད་ཅིང, ཀ་མད་དེ་དག་ལ་དབྱངས་20 ཡིས་བསྒྱུར་ན་ངག་སྒྲ་4900 ཙམ་དངོས་སུ་ཚིག་ཟིན་གྱིས་བཤད་ཡོད་པ་དེ་རེད། འདི་ཙམ་ཞིབ་ཚགས་ཀྱིས་བཤད་པ་ད་ལྟ་བར་དུ་མ་བྱུང་བ་ནི་བདག་གི་སྒྲ་སྒྲུབ་རིག་པ་འདིའི་ཏུན་མོང་མ་ཡིན་པའི་ཁྱད་ཆོས་ཆེས་ཕལ་བ་དེ་ཡིན་པར་བདག་འདོད།
གོང་གི་ལམ་སྟོན་རྣམས་ལ་ལེགས་པར་གཞིགས་ནས་བདག་གིས་གཞུང་འདི་འཆད་སྟངས་འདི་ཇི་ལྟར་ཡིིན་པ་ངེས་དགོས། གསལ་བྱེད་དང་དབྱངས་ཀྱི་རྣམ་བཞག་བཤད་སྐབས་ཡི་གེའི་རྒྱུ་ལ་དབྱེ་ཞིབ་ཀྱིས་བཤད་ཡོད། འགྲོ་བ་མིའི་ངག་ལས་བརྡ་སྤྲོད་པའི་སྒྲ་དབྱུང་སྐབས་དེའི་རྒྱུ་གལ་ཆེ་བ་ཁག་ཅིག་ཡོད། དེ་དག་ནི་གནས་དང, བྱེད་པ, རྩོལ་བ, རྐྱེན, བཅས་ཡིན། གནས་ནི་བོད་མི་ཞིག་གི་ངག་གི་དབང་དུ་བྱས་ན་དཔེ་རིས་ཀ་བའི་ནང་དུ་གནས་དགུ་བྲིས་ཡོད་པ་དེ་དག་ཡིན་ཞིང, དབྱེ་ན་གྲངས་དགུ་ཡོད། དེ་དག་ནི: འ་གནས, གྂ་གནས, ག་གནས, གྱ་གན, ཇ་གནས, ཛ་གནས, ཌ་གནས, བ་གནས, བཅས་ཡིན། ཕྱི་རྒྱལ་གྱི་སྐད་ལ་མཁོ་བའི་བྂ་གནས་དང་དྂ་གནས་གཉིས་འདིར་འདུས་མེད།
བྱེད་པ་ཟེར་བ་ནི་གནས་གནད་རྟིང་མ་(‘ལྕེ་སྨད་’སོགས) དེ་གནས་གནད་སྟེང་མའི་(‘ནེམ་རྐན’སོགས) ཕྱོགས་སུ་འགུལ་བ་ལ་ཟེར། འདི་ལ་གནས་ཀྱི་བྱེད་པ, རླུང་གི་བྱེད་པ, གཉིས་ཡོད། དང་པོ་ལ་དུས་ལ་ལྟོས་ནས་དབྱེ་བ་དང, བྱ་བ་ལ་ལྟོས་ནས་དབྱེ་བ, གཞི་ལ་ལྟོས་ནས་དབྱེ་བ, བཅས་གསུམ་ཡོད། དང་པོ་ལ་བྱེད་སྟོད་བྱེད་སྨད་གཉིས་ཡོད། བྱ་ལ་ལྟོས་ནས་དབྱེ་བ་ལ་སྦྱོར་བའི་བྱེད་པ, ཕྲད་པའི་བྱེད་པ, སྙེན་པའི་བྱེད་པ, བཅས་གསུམ་ཡོད། གཞི་ལ་ལྟོས་ནས་དབྱེ་བ་ལ་མིད་པའི་བྱེད་པ, ལྕེ་ཡི་བྱེད་པ, མཆུ་ཡི་བྱེད་པ, མགལ་བའི་བྱེད་པ, བཅས་བཞི་ཡོད། རླུང་གི་བྱེད་པ་ནི་རྩོལ་བའི་བྱེད་པ་ཡིན།
རྩོལ་བ་ནི་རང་རེའི་རྟགས་འཇུག་ཏུ་བཤད་པའི་རྟགས་ཀྱི་རྣམ་བཞག་དེ་ལ་ཟེར་བ་ཡིན་ཞིང, འདི་ནི་མིད་པའི་སྡོད་སྟངས, ཤུགས་ཀྱི་འགྲོ་སོང, རླུང་གི་ཡོང་སྟངས, བཅས་གསུམ་འདུས་པའི་སྤྱི་ལྡོག་ལ་ཟེར་བ་ཡིན་། རྩོལ་བ་ལ: ཕོ, མོ, མཚན་མེད, བཅས་རྩ་བ་གསུམ་དང་, མ་ནིང, བཅས་གཙོ་བོ་བཞི་ཡོད།
རྐྱེན་ལ་དབང་པོའི་རྐྱེན, སྦྱོར་བའི་རྐྱེན, གཉིས་ཡོད། དབང་པོའི་རྐྱེནལ་གནས་ཀྱི་རྐྱེན་དང, ལམ་གྱི་རྐྱེན, གཉིས་ཡོད། གནས་ཀྱི་རྐྱེན་ནི་བྱེ་སྨད་ཀྱི་སྐབས་སུ་གནས་གཞི་བཞིའི་རྐྱེན་སྣ་ཚོགས་སྤྲོད་རྒྱུ་ཡོད་པ་དག་ལ་ཟེར། འདི་ལ་མིད་པའི་རྐྱེན, ལྩེ་ཡི་རྐྱེན, མཆུ་ཡི་རྐྱེན, མ་མགལ་གྱི་རྐྱེན, བཅས་བཞི་ཡོད། ལམ་གྱི་རྐྱེན་ནི་དབུགས་དབྱུང་བའི་རྒྱུ་ལམ་ལ་ཟེར་ཞིང, འདི་ལ་རྣལ་ལམ་གྱི་རྐྱེན, ཟུར་ལམ་གྱི་རྐྱེན, གཉིས་ཡོད། དེ་རེ་རེ་ལ་གནས་ལམ་གྱི་རྐྱེན, སྣ་ལམ་གྱི་རྐྱེན, གཉིས་རེ་ཡོད། སྣ་ལམ་གྱི་རྐྱེན་ལ་སྣ་ཡོངས་ལྡན་གྱི་རྐྱེན, སྣ་ཕྱེད་ལྡན་གྱི་རྐྱེན, གཉིས་རེ་ཡོད། གཉིས་པ་སྦྱོར་བའི་རྐྱེན་ནི་རྐྱེན་དེ་དག་ཇི་ལྟར་སྤྲོད་པའི་ཚུལ་ལ་ཟེར། འདི་ལ་དུས་ཀྱི་རྐྱེན, ཕྱོགས་ཀྱི་རྐྱེན, གཉིས་ཡོད། དུས་ཀྱི་རྐྱེན་ནི་དབུགས་དབྱུང་བའི་དུས་ལ་ཟེར་ཞིང, འདིལ་”བྱེད་སྟོད”་ཀྱི་སྐབས་སུ་དབུགས་མི་དབྱུང་བ་”དབུགས་མེད”, དེ་ལྟར་དབུགས་དབྱུང་བ་”དབུགས་ལྡན”་གཉིས་ཡོད། ཕྱི་ལ་ལ་“དབུགས་ཙམ་གྱི་རྐྱེན” , “སྒྲ་ཡང་གི་རྐྱེན”, གཉིས་ཡོད། ཕྱོགས་ཀྱི་རྐྱེན་ནི་དབུགས་དབྱུང་བའི་ཁ་ཕྱོགས་ལ་ཟེར། འདི་ལ་ཕྱིར་བཞུད་པ, ནང་དུ་རྔུབ་པ, མི་བཞུད་པ, བཅས་གསུམ་ཡོད། གནས་ཀྱི་རྐྱེན, ལམ་གྱི་རྐྱེན, དུས་ཀྱི་རྐྱེན, ཕྱོགས་ཀྱི་རྐྱེན, བཅས་རྐྱེན་བཞི་བོ་དུས་གཅིག་ཏུ་ཀ་མད་གཅིག་གི་ཐོག་ལ་ཚང་དགོས།
དེ་ལྟར་གནས, བྱེད་པ, རྩོལ་བ, རྐྱེན, བཅས་ཞི་ཀ་ཚོགས་པ་ལ་མགྲིན་པའི་དབང་པོ་ནས་སྒྲ་དང་ལྷན་དུ་བསྲེས་ན་ཀ་སོགས་ཀ་མད་གཅིག་ལྷུན་གྱིས་གྲུབ་པ་ཡིན། དེ་དག་ཞིབ་པ་ནི་འོག་ཏུ་རང་རང་གི་ཐད་དུ་གསལ་བར་འཆད་པར་འགྱུར།
དེ་ཡང་དཔེར་ན, ཀ་སྒྲ་ལྟ་བུ་ལ་མཚོན་ན: འདི་ཇི་ལྟར་འགྲུབ་ཚུལ་ནི་ཐོག་མར་གནས་གང་ཡིན་ཐག་གཅོད་དགོས། འདིའི་གནས་ནི་དཔེ་རིས་ཀ་བའི་ནང་དུ་བྲིས་པའི་གནས་གསུམ་པ་དེ་ཡིན། དེ་ནས་བྱེད་པ་གང་ཡིན་ཐག་གཅོད་དགོས། འདིའི་བྱེད་པ་ནི་”ལྕེ་སྨད”དེ་”ནེམ་རྐན”ཕྱོགས་སུ་འགུལ་བ་ལ་ཟེར། འགུལ་སྟངས་ལ་ནི་དམ་དུ་སྦྱོར་བ་ཡིན། དེ་ནས་རྩོལ་བ་གང་ཡིན་ཐག་གཅོད་དགོས། འདིའི་རྩོལ་བ་ནི་ཕོ་ཡི་རྩོལ་བ་ཡིན། དེ་ནས་རྐྱེན་གང་ཡིན་ཐག་གཅོད་དགོས། འདིའི་དུས་ཀྱི་རྐྱེན་ནི་བྱེད་སྨད་ཀྱི་སྔོན་དུ་དབུགས་མི་དབྱུང་བས་”དབུགས་མེད”དང, ཕྱོགས་ཀྱི་རྐྱེན་ནི་”ཕྱིར་བཞུད་པ”, ལམ་གྱི་རྐྱེན་ནི་གནས་གནད་ཀྱི་དབར་ནས་དབུགས་དབྱུང་བས་”གནས་ལམ”ཡིན། དེ་ལྟར་གནས་, བྱེད་པ, རྩོལ་བ, རྐྱེན, བཅས་བཞི་ཚོགས་དེ་ལ་མགྲིན་པ་ནས་སྒྲ་དང་ལྷན་དུ་བསྲེས་ན་ཀ་ཞེས་པའི་སྒྲ་དེ་ལྷུན་གྱིས་འགྲུབ་པ་ཡིན། འདིར་སྡེ་བ་དགུ་ཡོད་ཅིང་དེ་དག་ནི: ཀྂ་སྡེ, ཀ་སྡེ, ཀྱ་སྡེ, ཅ་སྡེ, ཙ་སྡེ, ཊ་སྡེ, ཏ་སྡེ, པ་སྡེ, བཅས་ཡིན། འདིར་ཀྂ་སྡེ་ཟེར་བ་ནི་སྒྲ་ཡི་སྡེ་བ་གསར་བ་ཞིག་ཡིན། བོད་ཀྱི་ཀ་མད་སུམ་སུའི་ནང་དུ་སྡེ་བ་འདི་ནས་བཤད་པའི་སྒྲ་རྣམས་མེད་པ་མ་ཏོགས་བོད་སྐད་ནང་དུ་འདིའི་ནང་གི་སྒྲ་རྣམས་བེད་སྤྱོད་ཧ་ཅང་ཆེ། འདི་ཡིན་རྒྱུ་ནི་ཁ་ཆེའི་ཡུལ་ན་ཡིག་གཟུགས་ཡོད་པའི་སྒྲ་ཡི་སྡེ་ཚན་ཞིག་ཡིན།
དེ་ལྟར་གཞུང་འདིའི་ནང་དུ་ཚིག་ཟིན་གྱི་སྒོ་ནས་གསལ་བྱེད་253དང་དབྱངས་20དངོས་སུ་ཞིབ་ཅིང་རྒྱས་པར་བཤད་ཡོད། གསལ་བྱེད་253པོ་ནི་ཨ་སྡེ་ནས་ཀ་མད་བརྒྱད, ཀྂ་སྡེ་ནས་ཉེར་དྲུག, ཀ་སྡེ་ནས་སོ་གསུམ, ཀྱ་སྡེ་ནས་ཉེར་དགུ, ཅ་སྡེ་ནས་ཉེར་དགུ, ཙ་སྡེ་ནས་ཉེར་དགུ, ཊ་སྡེ་ནས་སོ་གསུམ, ཏ་སྡེ་ནས་ཉེར་དགུ, པ་སྡེ་ནས་ཉེར་དགུ, བཅས་བོད་སྐད་ལ་མཁོ་བ་245 དང, ་པྂ་སྡེ་ནས་བཞི, ཏྂ་སྡེ་ནས་བཞི, བཅས་ཕྱི་རྒྱལ་སྐད་ལ་མཁོ་བ་8བཅས་ཡིན། དབྱངས་ཀྱི་གྲངས་ནི་རྒྱས་བསྡུས་ཀྱི་གདམ་ང་མང་པོ་ཞིག་སྤྲད་ཡོད་ཅིང, རྒྱས་ཤོས་དངོས་སུ་ཚིག་ཟིན་གྱིས་བཤད་པ་ལ་གྲངས་ཉི་ཤུ་ཡོད།
ལར་ནས་དབྱངས་བཞི་ཡིས་འགྲོ་བ་མིའི་ངག་ལ་ཞབས་འདེགས་ལྷུ་ཚང་བ་ཞིག་ནམ་ཡང་འབུལ་མི་ཐུབ། དེའི་ཕྱིར་ཐོན་མིས་དབྱངས་བཞི་ཡིས་འཐུས་པ་མཛད་པ་ནི་ཁོང་གིས་བོད་ཡིག་གསར་དུ་བཟོས་པའི་རྒྱུད་རིམ་ནང་ནས་སྐྱོན་ཆེ་ཤོས་དེ་ཡིན། དབྱངས་བཞིས་འགྲོ་བ་མིའི་ངག་ལ་ཞབས་འདེགས་ཆ་ཚང་བར་སྒྲུབ་མི་ཐུབ་པའི་གནད་འདི་ཕྱི་རྒྱལ་བ་ཚོས་སྔར་ནས་རྟོགས་ཟིན་འདུག། མ་གཞི་ཁོང་ཚོའི་ཡི་གེར་དབྱངས་ལྔ་ལས་མེད་ཀྱང, ད་སྐབས་རྒྱལ་སྤྱིའི་སྒྲ་རྟགས་ཟེར་བའི་ནང་དུ་རྒྱས་བསྡུས་རན་པའི་དབང་དུ་བྱས་ན་དབྱངས་རྐྱང་པ་བཅོ་ལྔ་ཙམ་དང, དབྱངས་རྩེག་མ་བཅུ་གསུམ་ཙམ་བཟོས་ཡོད། (ལར་ནས་དག་ཡིག་ཁག་ཏུ་འདིའི་གྲངས་ཅུང་མི་མཐུན) འདི་རྣམས་ཡོངས་གྲགས་ཀྱིས་ཀུན་གྱིས་ཁས་བླངས་ནས་དག་ཡིག་ཚད་ལྡན་ཀུན་ཏུ་ཚིག་རེའི་རྗེས་སུ་ཚིག་དེའི་སྒྲ་གདངས་གང་འདྲ་ཡིན་པ་མཚོན་ཆེད་དུ་སྒྲ་རྟགས་གསར་བ་འདི་དག་བེད་སྤྱོད་བྱེད་བཞིན་ཡོད། ད་དུང་རྒྱས་པར་དབྱེ་སྐབས་དེ་ལས་མང་དུ་འཇོག་རྒྱུ་ཡོད་འདུག རྒྱལ་སྤྱིའི་སྒྲ་རྟགས་ཟེར་ན་འདིའི་འབྱུང་ཁུངས་ནི་གཙོ་བོ་དབྱིན་ཇིས་གཙོས་པའི་ནུབ་ཕྱོགས་པའི་མི་དག་གི་ངག་ལས་རྗོད་ཐུབ་པའི་སྒྲ་རྣམས་མཚོན་ཆེད་དུ་ཡིན་ཞིང, འདིའི་ནང་དུ་མ་ཤོངས་བའི་རང་རེའི་སྒྲ་མང་དག་ཅིག་ཡོད་པར་བདག་སྙམ། དེས་ནས་འགྲོ་བ་མི་སྤྱིའི་ངག་ནས་དབྱུང་ཐུབ་པའི་སྒྲ་ཡོད་ཚད་མཚན་ཐུབ་པའི་སྒྲ་རྟགས་གསར་ཞིག་ངེས་པར་དུ་ཡོད་དགོས་ཤིང, ཉུང་མཐར་ཡང་རང་རེའི་མི་ཞིག་གི་ངག་ནས་དབྱུང་ཐུབ་པའི་སྒྲ་ཡོད་ཚད་ཤོངས་ཐུབ་པའི་སྒྲ་རྟགས་གསར་བ་ཞིག་ངེས་པར་དུ་དགོས་ངེས་ཅན་ཡིན།
དེ་བཞིན་རྒྱལ་སྤྱིའི་སྒྲ་རྟགས་ནང་དུ་གསལ་བྱེད་ཀྱང་སྔར་ཡོད་དབྱིན་ཇིའི་ཀ་མད་ཉེར་གཅིག་གིས་མ་འཐུས་པར་སྒྲ་རྟགས་གསར་བའི་ནང་དུ་གསལ་བྱེད་ཀྱི་སྒྲ་ཉེར་ལྔ་ཙམ་བཞག་ཡོད། འདི་དག་གིས་ལུང་པ་བྱེ་བྲག་པ་རེ་རེའི་ཙིག་བྱེ་བྲག་རེ་རེ་བཞིན་སྒྲ་བྱེ་བྲག་པ་ཇི་ལྟར་འདོན་དགོས་ཀྱི་ཡོད་མེད་མཚོན་ཐབས་བྱེད་ཀྱི་ཡོད།
དེའི་ཕྱིར་བདག་གིས་བོད་མི་ཡོད་དོ་ཅོག་གི་ངག་ལས་འདྲོངས་ཚད་ཀྱི་སྒྲ་གདངས་ཡོད་ཚད་བཤད་དགོས་ན་དེ་དག་མཚོན་ཐུབ་པའི་སྒྲ་རྟགས་གསར་བ་ཞིག་བཟོ་དགོས་པ་ནི་ངག་གི་བསྒཏན་བཅོས་འདི་འདྲ་ཞིག་འདུ་བྱེད་པའི་ནང་དུ་གཡོལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པར་འདོད།
དེར་བརྟེན་བདག་གིས་འདིའི་དོན་དུ་བོད་ཀྱི་ཡི་གེའི་མཚོན་རྟགས་ཀྱི་རྣམ་བཞག་གསར་བ་ཞིག་འབྲི་བ་སོགས་བསམ་གཞིགས་ཀྱང་མང་དུ་བྱས་ཡོད། འོན་ཀྱང་རྒྱུ་རྐྱེན་འགའ་ཞིག་གི་དབང་གིས་ད་ལྟ་རྟགས་དེ་གྲ་སྒྲིག་བྱེད་མ་ཚར་སྔོན་དུ་ དེབ་འདི་དཔར་སྐྲུན་བྱེད་དགོས་སུ་ཤར་བས་བདག་འགྱོད་པ་ཆེ། གང་ལྟར་དེ་འདྲ་བའི་གཟུགས་རིས་དེའི་མིང་ལ་”སྒྲུབ་རྟགས”ཞེས་འབོད་དགོས་པ་ལས་སྒྲ་རྟགས་ཞེས་འབོད་མི་འོས། རྒྱུ་མཚན་ནི་དེ་འདྲ་བའི་རྟགས་རེ་རེས་ཡི་གེ་སོ་སོའི་འགྲུབ་བྱེད་ཀྱི་རྒྱུ་རྐྱེན་བྱེ་བྲག་པ་རེ་མཚོན་པ་ལས་ད་ལྟའི་སྐབས་ལྟར་ཐད་ཀར་སྒྲ་བྱེ་བྲག་པ་རེ་མཚོན་པ་མིན། སྒྲུབ་རྟགས་ཞེས་པ་ནི་སྒྲ་སྒྲུབ་བྱེད་ཀྱི་རྒྱུ་ཡི་རྟགས་ལ་ཟེར་བ་ཡིན། མཇུག་མཐར་བདག་གིས་གསར་གཏོད་ཀྱི་རང་བཞིན་ལྡན་པའི་”སྒྲ་སྒྲུབ་རིག་པ”ཞེས་པའི་དཔེ་དེབ་འདི་ལ་ཆེད་དུ་སྦྱང་བའི་མཁས་དབང་དག་གིས་དགག་སྒྲུབ་ཀྱི་ཀུ་ཅོ་མང་ཙམ་ཡོང་བ་དང. དོགས་སློང་དང་ལམ་སྟོན་གྱི་བདུད་རྩི་ཆར་བཞིན་ཕབས་ནས་དཔེ་དེབ་འདི་བོད་ཀྱི་སྤྱི་སྐད་གསར་བ་བསྐྲུན་པའི་བྱེད་རིམ་ནང་དུ་ལག་ཆ་གཙོ་བོ་དེར་འགྱུར་བ་དང, འབྱུང་འགྱུར་བོད་ཀྱི་སྒྲ་སྒྲུབ་རིག་པ་ཚད་ལྡན་ཞིག་བསྒྲུབ་པའི་རྨང་གཞི་རླིང་ཞིང་བརྟན་པ་ཞིག་ཏུ་འགྱུར་བ་བཅས་ཀྱི་རེ་བ་དང་སྨོན་ལམ་སླད་མེད་ཞུ་ཞུ།།
རྩོམ་པ་པོ།

No comments:

བཀླགས་མང་ཤོས།

ཟིན་བྲིས་བཀླགས་གྲངས་ཁྱོན་སྡོམ།

དཔར་རིས་འགྲེམ་སྟོན།

དཔར་རིས་འགྲེམ་སྟོན།
ངའི་བུ་མོ་སློབ་གྲའི་རྩེད་མོའི་ཉིན་མོ་ཨང་གཉིས་པ་ཐོབ།

ང་རང་གི་སྐོར།

My photo
I am a Tibetan, and a teacher. I have a dream that we have a unified Tibetan language. I see there is a way for this. རེ་བ་འདི་འགྲུབ་མི་སྲིད་པ་ཞིག་མིན་ལ། འདིའི་ལམ་སྣེ་གུས་པའི་ལག་ཏུ་ཡོད། དེ་ནི་ཁོ་བོས་བྲིས་པའི་(སྒྲ་སྒྲུབ་རིག་པ)ཡི་ནང་དུ་གསལ་ཡོད།